ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༥/༠༥

བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༥ པ་གཞུང་འབྲེལ་སྲུང་བརྩི།


དེ་རིང་ནས་ཡར་བརྩིས་པའི་མི་ལོ་དྲུག་བཅུ་རེ་ལྔའི་གོང་སྟེ། ལྔ་བཅུ་ང་དགུའི་ཟླ་བ་གསུམ་པའི་ཚེས་བཅུའི་ཉིན། བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་ཚང་མས། རྒྱ་ནག་གི་བཙན་འཛུལ་ལ་ཞི་བའི་སྒེར་ལངས་བྱས་ཏེ། ད་ཆ་མི་ལོ་ ༦༥ ཕྱིན་པའི་བོད་མིའི་རང་དབང་སྒེར་ལངས་ཉིན་མོ་གཞུང་འབྲེལ་གྱིས་སྲུང་བརྩི་དང་སྦྲགས། བཀའ་སྤྱི་གཉིས་ཀས་རྒྱ་ནག་གི་བཙན་འོག་ཏུ་འདས་གྲོངས་སུ་ཕྱིན་པའི་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་བསྔོ་སྨོན་དང་། ད་ལྟའང་དེ་ལྟའི་དཀའ་སྡུག་མྱངས་དང་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་དུས་དྲན་སྲུང་བརྩི་ཞུས་གནང་སོང་།

སྐབས་དེར་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་གཉིས་ཀྱི་གཞུང་འབྲེལ་བསྒྲགས་གཏམ་ནང་། རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་ཉམས་དམས་སུ་གཏོང་བཞིན་པ་དང་། བོད་བརྒྱུད་ནང་བསྟན་ལ་གཏོར་རྒོལ། རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན། དེ་བཞིན་ཉེ་ལམ་བོད་སྡེ་དགེའི་ཁུལ་དུ་རྒྱ་ནག་གི་དཔལ་འབྱོར་ཁེ་ཕན་ལ་དམིགས་པའི་ལས་གཞིའི་འོག་ནས་བོད་ཀྱི་ཡུལ་སྡེ་དགོན་ཁག་མང་པོ་གནས་སྤོའི་ལས་གཞི་སོགས་སྡུག་རྩུབ་ཀྱི་སྲིད་བྱུས་ཐེར་འདོན་དང་སྦྲགས་ནས། བཀའ་སྤྱི་གཉིས་ཀྱིས་བོད་མི་རིགས་ཀྱི་ལོ་རྒྱུས་ཀྱི་བདེན་དཔང་དང་སྦྲགས་ནས་རྒྱལ་སྤྱིའི་སྤྱི་ཚོགས་གང་སར་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད་པ་སོགས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ནས་གསུང་གནང་སོང་།

དེ་བཞིན་འདི་ལོའི་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སྲུང་བརྩིའི་གཞུང་འབྲེལ་མཛད་སྒོར་བོད་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་གཙོས། སྐུ་མགྲོན་གཙོ་བོར་འཇར་མན་གྱི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མའེ་ཁོལ་བྷུ་རན་ཌི་ Michael Brand མཆོག་ནས་གསུངས་གནང་གསལ། རྒྱ་ནག་དམར་ཤོག་གཞུང་གིས་བོད་ཀྱི་སྐད་དང་རིག་གཞུང་མི་རིགས་དང་བཅས་པ་རྩ་མེད་དུ་བཟོ་བའི་སྲིད་བྱུས་དེ་ནི། འགྲོ་བ་མིའི་རང་དབང་དང་འགལ་བ་ཞིག་པ་ཡིན་ཅིང་། འགྲོ་བ་མི་སུ་རུང་གི་ཐོབ་ཐང་དང་རང་དབང་བརྡལ་གཤིག་གཏོང་བའི་གནད་དོན་དེ་ནི་མི་ཚང་མས་འགན་འཁུར་ལེན་དགོས་པ་ཞིག་ཆགས་ཀྱི་ཡོད་སྟབས། ཀུན་གཟིགས་པཎ་ཆེན་རིན་པོ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་གི་གནས་སྟངས་དང་། ཉེ་ལམ་བོད་སྡེ་དགེ་ཁུལ་གྱི་གནས་སྟངས། བོད་ཀྱི་ངོ་བོ་རྩ་མེད་དུ་གཏོང་བའི་སྲིད་བྱུས་བོད་ཕྲུག་གཏན་འཇགས་སློབ་གྲྭར་བཙན་འཇུག་གི་གནས་སྟངས་དེ་དག་ངོས་ལེན་བྱེད་ཐབས་མེད་པ་རེད་ལ། དེ་དག་ལ་ངོ་རྒོལ་ཡང་བྱ་རྒྱུ་ཡིན་པ་སོགས་གསུངས་གནང་སོང་།

གཞན་ཡང་སྐུ་མགྲོན་གཙོ་བོ་གཞན་ཨོ་སེ་ཊོ་ལི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་འབྲེལ་ཚོགས་གཙོ་དྷེན་སི་མེ་སི་Dean Smith མཆོག་གིས་དུས་དྲན་ཐོག་གསུངས་དོན། ད་རེས་ང་ཚོ་བོད་ཀྱི་འཐབ་རྩོད་དང་འབྲེལ་བའི་གལ་ཆེའི་དུས་ཚིགས་འདི་འདྲ་ཞིག་ལ་ཡོང་ཐུབ་པར་དགའ་པོ་བྱུང་། ང་ཚོ་ཨོ་སེ་ཁྲི་ལི་ཡའི་གྲོས་ཚོགས་ནས་བོད་ཀྱི་གནད་དོན་ཐོག་ལ་ཁ་གཅིག་གྲགས་ཀྱིས་གསུང་བཞིན་པ་ནི། རྒྱ་གཞུང་གིས་བོད་ཕྲུག་རྣམས་བཙན་གྱིས་ཕ་མ་དང་ཁ་བྲལ་དུ་བཏང་སྟེ་གཏན་འཇགས་སློབ་གྲྭའི་བཅུག་བཞིན་པ་དང་། དེ་བཞིན་ཆབ་སྲིད་ཀྱི་ལས་འགུལ་དང་ཆོས་ཕྱོགས་གྱི་ལས་འགུལ་མཐའ་དག་ལ་བཀག་སྡོམ་བྱེད་བཞིན་པ་དེ་དག་ཐད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཁྱོན་ཡོངས་ནས་དོ་འཁུར་དགོས་པའི་འབོད་སྐུལ་དང་། བོད་ནང་བོད་མིའི་རང་དབང་གི་གནས་སྟངས་གསལ་སྟོན་བྱེད་དགོས་པའི་ཞུ་སྐུལ་དེ་དག་ཡིན་པ་རེད། གཏམ་བཟང་གཞན་ཅིག་ནི། ང་ཚོ་ཨོ་སེ་ཁྲི་ལི་ཡའི་གྲོས་ཚོགས་ཀྱིས་གསུངས་པའི་སྐད་ཆ་དེ་སྐད་ཆ་ཙམ་དུ་མི་འཇོག་པར་ངེད་ཅག་གིས་ལག་ལེན་དུ་བསྟར་ཐུབ་པ་བྱེད་ཀྱི་རེད། དཔེར་ན་ཉེ་ལམ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་ནག་ཐོག་ལ་ལོ་འཁོར་བསྐྱར་ཞིབ་སྐབས་རྒྱ་ནག་དམར་པོའི་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་ཐེར་འདོན་བྱས་ཡོད། དེ་དང་ལྷན་དུ་དེ་རིང་གི་ཉིན་མོ་དང་བསྟུན་ནས་བོད་པ་རྣམས་ལ་འབོད་སྐུལ་ཞིག་ཡོད་པ་ནི། བོད་པའི་མི་རབས་གསར་པས་རྒན་རབས་རྣམས་ལ་རྗེས་དྲན་དང་། ལྷག་པར་དུ་༧གོང་ས་ཏཱ་ལའི་བླ་མའི་མཛད་རྗེས་ལ་ཡི་རངས། དེ་བཞིན་བོད་མི་སོ་སོའི་ཕྲག་ཐོག་ཏུ་བབ་པའི་བོད་ཀྱི་རྩ་དོན་གྱི་ལས་འགན་དེ་མུ་མཐུད་བསྒྲུབ་དགོས་པའི་ཞེན་སྐུལ་ཡང་གནང་སོང་

གཞུང་འབྲེལ་གྱི་དུས་དྲན་སྲུང་བརྩི་གྲུབ་མཚམས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་རྡ་ཤོད་ཀ་ཅ་རི་བར་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་བཞིས་གོ་སྒྲིག་ཐོག་བཞུགས་སྒར་ཁུལ་གྱི་མི་མང་སྟོང་ཕྲག་མང་པོས་ལག་ཏུ་བོད་གྱི་རྒྱལ་དར་འཕྱར་བཞིན་དུ། འབོད་ཚིག་སྣ་ཚོགས་སྒྲོག་གིན་སྐད་འབོད་ཁྲོམ་སྐོར་དང་སྦྲགས། སྐབས་དེར་གཞོན་ནུའི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ནས་འདས་པའི་མི་ལོ་དྲུག་ཅུའི་རིང་གི་བོད་ཀྱི་དཔའ་བོ་དཔའ་མོ་རྣམ་པའི་མཛད་རྗེས་ལ་རྗེས་དྲན་དང་རྒྱ་གཞུང་གི་སྡུག་རྩུབ་སྲིད་བྱུས་ལ་ཐེར་འདོན་ཡང་གནང་སོང་། དེ་དང་ཕྱོགས་མཚུངས་ད་རེས་ཀྱི་བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན་མོར་ཨོ་སེ་ཊུ་ལི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་འབྲེལ་ཚོགས་གཙོ་དྷེན་སི་མེ་སི་Dean Smith མཆོག་དང་ལྷན་དུ་གཞན་གྲོས་ཚོགས་འཐུས་མི་གསུམ་ཡང་ཕེབས་ཡོད་ཅིང་། ཁོང་རྣམ་པས་ཀྱང་བོད་ནང་གི་བོད་མིའི་ཛ་དྲག་གི་གནས་སྟངས་ལ་ཐུགས་འཚབ་ཡོད་པ་དང་། བོད་ནང་གི་བོད་མིའི་རང་དབང་དང་། དྲང་བདེན་ཆེད་ཁོང་རྣམ་པས་རྒྱབ་སྐྱོར་ཞུམ་པ་མེད་པར་གནང་རྒྱུ་ཡིན་པ་སོགས་གསུངས་གནང་སོང་། །

གླེང་སྟེགས།

XS
SM
MD
LG