ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༥/༢༡

བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་པའི་ཉིན་མོ་སྲུང་བརྩི་གནང་བ། 


(Photo CTA)
(Photo CTA)

དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ ༦༣ འཁོར་བའི་དུས་དྲན་གྱི་མཛད་སྒོ་ཞིག་སྤྱི་ཟླ་ ༡༠ ཚེས་ ༢༣ ཉིན་དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་སྤོ་ལོ་ཐང་དུ་སློབ་ཕྲུག་སོ་སོས་ཁམས་ཚན་སོ་སོའི་དར་ཆ་སྒྲེང་བཞིན་རུ་སྒྲིག་ཐོག་གོ་ལ་གཅིག ཁྱིམ་ཚང་གཅིག་ཅེས་པའི་བརྗོད་གཞིའི་ཐོག་ནས་སྲུང་བརྩི་ཞུས་གནང་སོང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་གིས་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་ལས་ཟུར་རྣམ་པ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག དེ་བཞིན་བོད་ཁྱིམ་གྱི་དགེ་ལས་སློབ་ཕྲུག་བཅས་ལྷན་འཛོམས་ཐོག་སྐུ་མགྲོན་གཙོ་བོ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་མཆོག་གིས་རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་སོགས་རྩ་མེད་བཟོ་རྒྱུའི་ཆེད་བོད་པའི་ཤེས་ཡོན་པ་དང་། སྒྱུ་རྩལ་བ། མི་རིགས་འཐབ་རྩོད་པ་སོགས་མང་པོ་ཞིག་བསད་པ་དང་བཙོན་དུ་འཇུག་བཞིན་ཡོད་སྟབས། བཙན་བྱོལ་ནང་གི་བོད་མི་ཚོས་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་བོད་ཀྱི་རིག་གཞུང་ལ་བདག་གཅེས་དང་། བོད་མི་ནང་ཁུལ་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་གནང་དགོས་རྒྱུ་གལ་འགངས་ཆེན་པོ་ཡིན་པ་སོགས་གསུངས་གནང་སོང་ལ།

དེ་བཞིན་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ད་ལྟའི་ཆར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་སློབ་ཕྲུག་ཉུང་དུ་འགྲོ་བཞིན་པའི་གནས་སྟངས་ལ་བརྟེན་ནས་སློབ་ཕྲུག་ཚོའི་ཤེས་ཡོན་དང་དགེ་རྒན་གྱི་སློབ་ཁྲིད་གནང་སྟངས་སོགས་ལ་ཡར་རྒྱས་ཡོང་ཆེད་སློབ་ཁྲིད་ཀྱི་ཐབས་ལམ་གསར་གཏོད་བྱ་དགོས་པ་གསུངས་གནང་བ་དང་སྦྲགས། སྤྱིར་རྒྱ་ནག་གཞུང་གིས་བོད་ནང་བོད་མི་རྒྱ་བསྒྱུར་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་དང་། ཉེ་ལམ་ཡང་དཀར་མཛེས་ཁུལ་གྱི་སློབ་གྲྭའི་ཁག་ཅིག་གི་ནང་སྤྱི་ལོ་ ༢༠༢༤ ནས་རྒྱ་ཡིག་རྐྱང་པ་ལས་བོད་ཡིག་ཐོག་སློབ་ཁྲིད་བྱེད་མི་ཆོག་པའི་བཙན་བཀའ་ཡང་བཏང་ཡོད་པ་སོགས་གསུང་གནང་སོང་།

ཡང་དེ་དང་ཕྱོགས་མཚུངས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ཆོག་གིས་བོད་ཁྱིམ་གྱི་ཁྱིམ་ཚང་ཨ་མ་དང་། ལས་བྱེད་རྣམས་ལ་ཐུགས་རྗེ་ཆེ་དང་བཀའ་དྲིན་རྗེས་དྲན་བྱ་རྒྱུ་ཡིན་ཞེས་གསུང་གནང་བ་དང་འབྲེལ་སློབ་ཕྲུག་ཚོས་བོད་ནང་གི་སློབ་ཕྲུག་ཚོར་སློབ་སྦྱོང་གི་གོ་སྐབས་མེད་པ་ཤེས་པའི་ཐོག་ནས་བཙན་བྱོལ་ནང་གི་སློབ་ཕྲུག་ཚོས་སློབ་སྦྱོང་སོགས་ཡག་པོ་བྱ་དགོས་པ་དང་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་མཉམ་འཛོམས་ཡོང་བའི་སྨོན་འདུན་ཡོད་པའི་སྐོར་ལ་གསུང་གནང་སོང་།


གཞན་ཡང་བོད་ཁྱིམ་སྤྱི་ཁྱབ་གཙོ་འཛིན་བསོད་ནམས་སྲིད་ཆོས་ལགས་ཀྱིས་བོད་ཁྱིམ་ཡན་ལག་སློབ་ཁག་བརྒྱད་དང་། ཉིན་སློབ་བཞི། ཏཱ་ལའི་བླ་མའི་མཐོ་སློབ། མཐོ་སློབ་སྡོད་ཁང་གཉིས་སོགས་ཀྱི་བོད་རིགས་སློབ་ཕྲུག་ཚོར་མཐུན་འགྱུར་བྱེད་བཞིན་ཡོད་པ་སོགས་ཀྱི་ལས་བསྡོམས་སྙན་སྒྲོན་ཞུས་གནང་བ་དང་སྦྲགས། ཤེས་རིག་ལས་ཁུངས་ཀྱི་ལམ་སྟོན་ལྟར་འདི་ལོ་ཡང་སློབ་གྲྭ་ཁག་ཅིག་ནང་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་འགོ་བརྩམས་ཡོད་པའི་སྐོར་ལ་ངོ་སྤྲོད་གནང་སོང་།

གཞི་རྩའི་བོད་ཕྲུག་ཁྱིམ་སྡེ་དེ་བཞིན་སྐུའི་གཅེན་མོ་དམ་པ་ཚེ་རིང་སྒྲོལ་མ་མཆོག་གིས་སྤྱི་ལོ་ ༡༩༦༠ ལོར་བོད་ཕྲུག་གྲངས་ ༥༡ བྱུང་ཡོད་པ་དེ་དག་གི་ཆེད་དུ་བུ་གསོ་ཁང་གི་མིང་ཐོག་ནས་དབུ་འཛུགས་གནང་བ་ཡིན་པ་རེད་འདུག་ལ། ད་རེས་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཀུན་བདེ་གླིང་རྟ་ཚག་རིན་པོ་ཆེ་མཆོག་གིས་དཔེ་དེབ་ཅིག་ཀྱང་དབུ་འབྱེད་གནང་བ་དང་སྦྲགས། བོད་ཁྱིམ་ནང་ཞབས་ལོ་ ༢༠ ལྷག་ཕྱག་ལས་གནང་མཁན་གྱི་བོད་ཁྱིམ་ལས་བྱེད་གྲངས་ ༡༩ ལ་གཟིགས་བཟོས་དང་། སྤྱི་ལོ་ ༢༠༢༣ ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་འཛིམ་རིམ་ ༡༢ ནང་ཡིག་ཚད་ཀྱི་བརྒྱ་ཆ་ ༩༠ བརྒལ་བ་ལོན་མཁན་བོད་ཁྱིམ་སློབ་གྲྭ་ཁག་གི་སློབ་ཕྲུག་ ༢༢ ལ་ཕྱག་འཁྱེར་ཡང་སྩལ་གནང་སོང་། །

XS
SM
MD
LG