ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཧོང་ཀོང་ལ་ནད་དུག་ཁྱབ་ནས་ཨར་མ་བརྟེན་པར་འགྱུར་གྱི་ཡོད་སྐད། 


ཧོང་ཀོང་གི་སྤྱི་ཁྱབ་ཁེ་རི་ལམ།
ཧོང་ཀོང་གི་སྤྱི་ཁྱབ་ཁེ་རི་ལམ།

༄༅།། ཧོང་ཀོང་གི་སྤྱི་ཁྱབ་ཁེ་རི་ལམ་གྱིས་གྲོང་ཁྱེར་དེར་ཏོག་དབྱིབས་ནད་དུག་ཁྱབ་ནས་ནད་པ་མང་དྲགས་པ་དང་སྨན་ཁང་ཁག་གིས་ནད་པར་བལྟ་མ་ཐུབ་པའི་མཚམས་སུ་སླེབས་ཀྱི་འདུག འདས་པའི་ཉིན་ལྔ་བསྟུད་མར་ཧོང་ཀོང་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་ནད་རླབས་གསར་པ་ཞིག་འཕྱུར་གྱི་ཡོད་པས་སྨན་ཁང་ཁག་ཏུ་ནད་པ་སྙལ་ས་མེད་པར་དཀའ་ངལ་འཕྲད་ཀྱི་འདུག་ཅེས་བཤད། དེ་རིང་གཟའ་ཟླ་བའི་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༢་པ་མགོ་ཚུགས་པའི་དུས་སུ་ཧོང་ཀོང་གི་ས་གནས་ཁག་ཏུ་ཉིན་རེར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༡༠༠་ཡས་མས་རེ་ལས་མེད་ཅིང་། ཁ་སང་གཟའ་ཉི་མ་གཅིག་པུར་ཧོང་ཀོང་ས་གནས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༡༣༠༠་ཐོན། ཁེ་རི་ལམ་གྱིས་ཧོང་ཀོང་ལ་ཏོག་དབྱིབས་ནད་དུག་ཁྱབ་སྟངས་འདི་ཡག་རྟགས་ཤིག་གཏན་ནས་མ་རེད། ང་ཚོ་བློ་འཚབ་ཡོང་གི་ཡོད་ཀྱང་ཧོང་ཀོང་ལའང་རྒྱ་ནག་ལྟར་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གཅིག་ཀྱང་མེད་པར་གཏོང་རྒྱུའི་སྲིད་ཇུས་ལག་ལེན་བསྟར་རྒྱུ་ཡིན། ང་ཚོས་ནད་འགོག་གི་འཆར་གཞི་ཞིག་འབུལ་ལམ་ཞུས་པའི་རྗེས་སུ་རྒྱ་ནག་དབུས་གཞུང་གིས་ཧོང་ཀོང་ལ་ནད་དུག་བརྟག་དཔྱད་དང་སྨན་བཅོས། ཟུར་འགོག་ཁང་སོགས་བཀོད་སྒྲིག་བྱེད་ངེས་རེད་ཅེས་གསར་འགོད་པའི་དྲི་བར་ལན་བཏབ། དེ་བཞིན་ཧོང་ཀོང་གི་སྤྱི་ཁྱབ་དྲུང་ཆེ་ཇཱོན་ལིས་ཀྱང་ང་ཚོར་བརྟག་དཔྱད་བྱ་ཡུལ་དང་ཟུར་འགོག་ཁང་སོགས་འཕྲལ་དུ་དགོས་ཀྱི་འདུག རྒྱ་ནག་དབུས་གཞུང་གིས་དེ་དག་རོགས་སྐྱོར་བྱ་རྒྱུའི་ཁས་ལེན་བྱས་བྱུང་ཞེས་ཚིག་འགའ་བསྣན། ཧོང་ཀོང་གི་སྨན་ཁང་ཁག་གི་ཉལ་ཁྲི་བརྒྱ་ཆ་༩༠་ལྷག་ནད་པ་ཚོས་བཟུང་ཟིན་ཏེ་ནད་པ་གསར་པ་རྣམས་སྙལ་ས་མེད་པར་གྱུར།།

ཧོང་ཀོང་གི་ནད་དུག་བརྟག་དཔྱད་ས་ཚིགས་ཤིག
ཧོང་ཀོང་གི་ནད་དུག་བརྟག་དཔྱད་ས་ཚིགས་ཤིག

རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ཟླ་༢་པའི་ཚེས་༡༤་ཉིན་ཧོང་ཀོང་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༢༠༧༡་ཐོན། མི་༤༥༠༠་ཡས་མས་ཤིག་ལ་སྔོན་འགྲོའི་བརྟག་དཔྱད་བྱས་ནས་ཟུར་དུ་བཀག དེང་སྐབས་ཧོང་ཀོང་གི་ས་ཐོག་ཏུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པའི་གྲངས་འབོར་༢༠༠༠་ལྷག་བརྒལ་བ་ནི་ཐེངས་དང་པོ་ཡིན་ཞིང་། བདུན་ཕྲག་རྗེས་མར་ཧོང་ཀོང་གི་ས་གནས་གང་དུ་གནས་སྐབས་ཀྱི་ཛ་དྲག་སྨན་ཁང་ཞིག་འཛུགས་སྐྲུན་བྱེད་དགོས་མིན་ཐག་གཅོད་བྱ་རྒྱུ། སྨན་ཁང་དེ་ལོ་གཉིས་ཀྱི་སྔོན་དུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ལ་ཏོག་དབྱིབས་ནད་དུག་ཁྱབ་པའི་སྐབས་སུ་ཛ་དྲག་གི་སྨན་ཁང་ཁག་ཅིག་འཛུགས་སྐྲུན་བྱས་པ་དེ་དག་ལ་མིག་དཔེ་བལྟས་ནས་འཛུགས་སྐྲུན་བྱ་རྒྱུ། ཧོང་ཀོང་གི་གནས་སྐབས་ཀྱི་སྨན་ཁང་དེ་དག་གི་ནང་དུ་ནད་པ་སྟོང་ཕྲག་མང་པོ་སྙལ་ས་ཡོད་པ་ཞིག་ཏུ་འཛུགས་སྐྲུན་བྱ་རྒྱུའི་འཆར་འགོད་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། གཟའ་སྤེན་པའི་ཉིན་ཧོང་ཀོང་གི་སྤྱི་ཁྱབ་དྲུང་ཆེ་ཇཱོན་ལི་དང་རྒྱ་ནག་དབུས་གཞུང་གི་འཕྲོད་བསྟེན་ལས་སྣེ་ཚོ་ཧྲིན་ཀྲིན་གྲོང་ཁྱེར་དུ་ཚོགས་འདུ་ཚོགས། ཧོང་ཀོང་ས་གནས་གཞུང་དང་རྒྱ་ནག་དབུས་གཞུང་གིས་ཀོང་ཏུང་ཞིང་ཆེན་དུ་མཉམ་འབྲེལ་གྱི་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་ལྔ་བཙུགས་ཏེ་ནད་འགོག་གི་རོགས་རོམ་བྱ་རྒྱུའི་ཐག་གཅོད་བྱུང་སོང་། བདུན་ཕྲག་རྗེས་མ་ནས་རྒྱ་ནག་དབུས་གཞུང་གིས་ཧོང་ཀོང་ལ་སྨན་པ་དང་སྨན་ཞབས་པ་སོགས་ལ་མཁོ་བའི་ནད་འགོག་གི་གྱོན་གོས་དང་ཁ་རས། སྨན་བཅོས་ཀྱི་མཐུན་རྐྱེན་རྣམས་གཏོང་གི་རེད་ཅེས་བཀྲལ། ཧོང་ཀོང་གི་ནོར་སྲིད་དྲུང་ཆེས་རང་གི་གཞུང་འབྲེལ་དྲྭ་ལམ་དུ་ནད་རླབས་ལྔ་པ་འདིས་སླར་ཡང་སྤྱི་ཚོགས་ལ་དཀའ་ངལ་ཞིག་བསླངས་སོང་། ཡིན་ནའང་ང་ཚོས་ངེས་པར་དུ་ཏོག་དབྱིབས་ནད་དུག་ལ་འཐབ་རྒོལ་བྱ་དགོས་ཞེས་འཕྲིན་ཐུང་ཞིག་སྤེལ།།

རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ཧོང་ཀོང་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཚབས་ཆེན་ཞིག་ཕྱིན་ཚེ། ཧོང་ཀོང་མི་དམངས་ལ་ཉིན་རེའི་བཟའ་བཅའ་དང་སྨན་སོགས་འཚོ་བའི་ཉེར་མཁོ་རྣམས་ཆད་སྲིད་པ་རྒྱ་ནག་ནས་སྐྱེལ་འདྲེན་བྱེད་ཆོག་ཅེས་ཁས་བླངས། འཛམ་གླིང་གི་སྨན་པ་དང་འཕྲོད་བསྟེན་ལས་རིགས་མཁས་པ་ཚོས་ཧོང་ཀོང་གི་སྨན་ཁང་ཁག་གིས་ད་ལྟ་ནས་ནད་པར་ལྟ་རྟོག་བྱེད་མི་ཐུབ་པའི་མཚམས་སུ་ལྷུང་འདུག ཕྱི་ཟླ་༣་པའི་ཟླ་མཇུག་ཏུ་ཧོང་ཀོང་ལ་ཉིན་ལྟར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༢༨༠༠༠་ཡས་མས་རེ་འཐོན་རྒྱུའི་ཉེན་ཁ་ཆེ། ཧོང་ཀོང་གི་རྒན་རྒོན་དང་ལོ་ཆུང་སོགས་འགོག་ཁབ་བརྒྱབ་མེད་པ་རྣམས་དེ་བས་ཀྱང་ཉེན་ཁའི་གནས་སུ་ལྷུང་ཉེན་འདུག་ཅེས་བསྟན། ཧོང་ཀོང་གི་སྤྱི་ཁྱབ་ཁེ་རི་ལམ་གྱིས་སྨན་ཁང་ཁག་གིས་རྒན་རྒོན་དང་བྱིས་པ། སྔོན་ནས་ནད་གཞི་ཡོད་པའི་ནད་པ་ཚོ་སྨན་ཁང་དུ་ཚུད་ཐུབ་རྒྱུ་དེར་ཤུགས་སྣོན་རྒྱག་གི་ཡོད། དེ་རིང་གཟའ་ཟླ་བའི་ཉིན་ནད་པ་༡༠༠༠་ལྷག་ལ་སྨན་ཁང་དུ་ཉལ་ས་མ་ཐེམས་པར་སྒུག་དགོས་བྱུང་འདུག་ཅེས་བཤད། འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་དུག་ཁྱབ་ཞོར་དང་སྨན་བཅོས་བྱེད་ཞོར། འཆི་ཞོར་དང་ན་ཞོར་དུ་ཏོག་དབྱིབས་ནད་དུག་ལ་གོམས་འདྲིས་བྱས་ནས་རྒྱུན་ལྡན་གྱི་འཚོ་བ་སླར་གསོ་བྱེད་ཀྱི་ཡོད་མོད། འོན་ཀྱང་རྒྱ་ནག་དང་ཧོང་ཀོང་གཉིས་ཀྱིས་ནད་པ་གཅིག་ཀྱང་མེད་པར་གཏོང་རྒྱུའི་ནད་འགོག་གི་སྲིད་ཇུས་ཤིག་ལག་ལེན་བསྟར། ཧོང་ཀོང་ས་གནས་གཞུང་གིས་ཀྱང་མི་ཞིག་ལ་ནད་དུག་འགོས་མ་ཐག་ཏུ་མི་དེ་མི་གཞན་སུ་སུ་ལ་འབྲེལ་བ་བྱུང་མིན་རྩད་གཅོད་བྱ་རྒྱུ། ལུས་རྩལ་ཁང་དང་སློབ་གྲྭ། ཡེ་ཤུའི་ལྷ་ཁང་སོགས་སྒོ་བརྒྱབ། དགོང་མོའི་ཆུ་ཚོད་༦་པ་ནས་མི་དམངས་རྣམས་ཕྱི་ལ་འབུད་མི་ཆོག་པ་དང་ལས་བྱེད་པ་ཚོར་ཁྱིམ་དུ་རྒྱང་ལས་བྱེད་དུ་འཇུག་གི་ཡོད་འདུག

རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ད་སྔ་ཧོང་ཀོང་ས་གནས་གཞུང་གིས་མངའ་ཁུལ་དེར་སྒོ་རྒྱ་བསྡམས་མེད་ཀྱང་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བཞིན་པ་འགོག་ཐབས་སུ་ཕྱི་ཟླ་༣་པའི་ཚེས་༡༦་བར་དུ་སློབ་གྲྭ་ཁག་སྒོ་བརྒྱབ་སྟེ་དྲྭ་ལམ་དུ་འཛིན་གྲྭ་འཚོགས་རྒྱུའི་ཐག་བཅད། ཧོང་ཀོང་གི་ནད་ཡམས་ཁྱབ་གདལ་ལ་གཞིགས་ནས་རྒྱ་ནག་གཞུང་གིས་ཀོང་ཀྲུག་གི་ཀིང་མེ་ནད་བཅོས་ཁང་གིས་ཉི་མ་རེར་མི་ཁྲི་ཚོ་༧་ལ་བརྟག་དཔྱད་བྱེད་ཀྱི་ཡོད་པ་མི་འབུམ་༢་ལ་བརྟག་དཔྱད་བྱེད་ཐུབ་པའི་གྲ་སྒྲིག་བྱ་དགོས། ཉི་ཤར་ནད་བཅོས་ཁང་གིས་བདུན་ཕྲག་གཉིས་ཀྱི་ནང་ཚུད་དུ་ཉི་མ་རེར་མི་འབུམ་༡་ལ་བརྟག་དཔྱད་བྱེད་ཐུབ་པའི་གྲ་སྒྲིག་བྱ་དགོས་ཞེས་བཀའ་ཕབ། ཀོང་ཀྲུག་དང་ཧྲེལ་ཀྲེན་གཉིས་ཀས་ཧོང་ཀོང་ལ་ས་མཚམས་སྒོ་ཕྱེ་ནས་འཇོག་རྒྱུའི་དུས་ཡུན་རིང་དུ་བཏང་སྟེ་ཟས་རིགས་སོས་པ་དང་མཁོ་ངེས་ཀྱི་དངོས་ཟོག་རྣམས་མ་ཆད་པར་སྐྱེལ་འདྲེན་བྱེད་དུ་བཅུག ཡིན་ནའང་རྒྱ་ནག་གི་དོ་སྐྱེལ་རླངས་འཁོར་ལོ་བ་མང་དག་ཅིག་ལ་ནད་རྟགས་ཐོན་པའི་རྗེས་སུ་རླངས་འཁོར་ཁ་ལོ་བ་འདང་ངེས་མེད་པར་དངོས་ཟོག་གི་རིན་གོང་འཕར། གསར་འགོད་པ་ཚོས་རྒྱ་ནག་སྐམ་ས་ཆེན་མོར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གཅིག་ཀྱང་མེད་པར་གཏོང་རྒྱུའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པ་ཧོང་ཀོང་ས་གནས་གཞུང་གིས་ལག་ལེན་བསྟར་དགོས་སམ་ཞེས་དྲིས། རྒྱ་ནག་གཞུང་གིས་ཧོང་ཀོང་གི་འགོ་ཁྲིད་ཚོས་ནད་འགོག་གི་སྲིད་ཇུས་གང་འདྲ་ཞིག་ལག་ལེན་བསྟར་རྒྱུ་ཡིན་མིན་རང་དབང་ཡིན། རྒྱ་ནག་སྐམ་ས་ཆེན་མོར་ལག་ལེན་བསྟར་གྱི་ཡོད་པའི་ནད་འགོག་གི་སྲིད་ཇུས་ཧོང་ཀོང་ལ་མཐའ་གཅིག་ཏུ་ལག་ལེན་བསྟར་དགོས་དོན་མེད་ཅེས་ལན་བཏབ།།

ཧོང་ཀོང་གི་ཚོང་ལས་མནའ་འབྲེལ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་མ་མེ་ཁུན་གྱིས་ང་ཚོའི་སྨན་ཁང་ཁག་ཏུ་ནད་པ་སྙལ་ས་མེད་པའི་དཀའ་ངལ་འཕྲད་ཀྱི་འདུག ད་དུང་དེའི་ཁར་སྨན་པ་དང་སྨན་ཞབས་པ་སོགས་ནད་པར་ལྟ་རྟོག་བྱེད་མཁན་ཆེད་ལས་པ་འདང་ངེས་མེད་པའི་དཀའ་ངལ་འདུག རྒྱ་ནག་དབུས་གཞུང་བརྟག་དཔྱད་ཀྱི་རོགས་རམ་ཁོ་ན་མིན་པར་སྨན་པ་དང་སྨན་ཞབས་པ་བཏང་ནས་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད་ཅེས་འབོད་སྐུལ་ཞུས། ཧོང་ཀོང་གི་ལེགས་བཅོས་ཡར་རྒྱས་ཀྱི་དམངས་གཙོ་མནའ་འབྲེལ་ཚོགས་པའི་གྲོས་ཚོགས་འཐུས་མི་ཁྲན་ཧོ་ཧྥུང་གིས་རྒྱ་ནག་སྐམ་ས་ཆེན་མོའི་འགོ་ཁྲིད་ཚོས་ས་མཚམས་སྒོ་ཕྱེ་ནས་འཇོག་རྒྱུའི་དུས་ཡུན་རིང་དུ་བཏང་བར་དགའ་བསུ་ཡོད། ངའི་སེམས་པར་ཧོང་ཀོང་དང་རྒྱ་ནག་དབུས་གཞུང་གིས་ལས་སྣེ་ཚོས་དཀའ་ངལ་གྱི་འགག་རྩ་སེལ་དགོས་པ་ངོས་ཟིན་པ་འདྲ། ད་ལྟའི་གཉན་འཕྲང་གི་དུས་སྐབས་འདིར་ཧོང་ཀོང་ས་གནས་གཞུང་གིས་ནད་ཡམས་འགོག་གང་ཐུབ་བྱས་ཡོད། ད་ནི་རྒྱ་ནག་དབུས་གཞུང་གིས་ཧོང་ཀོང་ལ་རྒྱབ་སྐྱོར་དང་རོགས་སྐྱོར་བྱེད་པའི་དུས་ཚོད་རེད། རྒྱ་ནག་གཞུང་གིས་ཧོང་ཀོང་མི་དམངས་ལ་རོགས་སྐྱོར་བྱས་ནས་ཡིད་ཆེས་སླར་གསོ་བྱེད་པའི་དུས་སྐབས་ཡིན་པ་དང་ང་ཚོ་ནད་ཡམས་ཀྱི་དཀའ་ངལ་འོག་ནས་ཐར་ཐུབ་པའི་རེ་བ་ཡོད་ཅེས་གཏམ་བཤད་བྱས་འདུག ཐོག་མར་༢༠༡༩་ཡི་ལོ་མཇུག་ཏུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་བཟུང་། ད་ལྟའི་བར་དུ་ཧོང་ཀོང་ས་ཁུལ་དུ་ཏོག་དབྱིབས་ནད་དུག་འགོས་པའི་མི་༢༤༠༠༠་ཡས་མས་ཤིག་དང་མི་༢༢༡་ལ་འཆི་སྐྱོན་བྱུང་། འཛམ་གླིང་ཡོངས་སུ་མི་དུང་ཕྱུར་༤་དང་བྱེ་བ་༡་ལྷག་ལ་ནད་དུག་འགོས། ས་ཡ་༥་དང་འབུམ་༨་ལྷག་ལ་འཆི་སྐྱོན་བྱུང་བའི་གནས་ཚུལ་ཐོན་འདུག

XS
SM
MD
LG