ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཨ་རིས་ད་ཡོད་ཀྱི་སྲིད་ཇུས་འོག་རྒྱ་ནག་དང་ཚོང་དོན་གྱི་འབྲེལ་ལམ་ཡར་རྒྱས་གཏང་ཐུབ་བམ།


Decoupling: Severed Ties and Patchwork Globalisation, a report by the European Chamber in China.
Decoupling: Severed Ties and Patchwork Globalisation, a report by the European Chamber in China.

ཉེ་དུས་ཧྥ་རན་སིའི་སྲིད་འཛིན་མཱ་ཁེ་རཱོང་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་ནས་པེ་ཅིང་གི་འགྲུལ་སྐྱེལ་གནམ་གྲུ་ཐོན་སྐྱེད་ཀྱི་མངག་ཐོ་འབོར་ཆེན་ལག་ཏུ་བླངས་ཡོད་སྟབས། ཨ་མེ་རི་ཁའི་ཚོང་པ་འགའ་ཤས་ཀྱིས་ཨ་རིས་རྒྱ་ནག་དང་དཔལ་འབྱོར་གྱི་འབྲེལ་ལམ་གཙང་བཅད་བྱས་ན་མི་འགྲིག་ཚུལ་དང་། ཨ་རི་གཞུང་གིས་ད་ལྟ་རྒྱ་ནག་ཐོག་འཛིན་པའི་དཔལ་འབྱོར་སྐོར་གྱི་སྲིད་ཇུས་མཁྲེགས་པོ་དེ་ཡང་རིམ་པས་ལྷོད་དུ་གཏང་དགོས་པའི་གླེང་སློང་ཞིག་ཡོང་བཞིན་པ་རེད།

ཨ་རིའི་ནོར་སྲིད་དཔོན་པོས་དེ་སྔར་སྲིད་འཛིན་ཟུར་པ་ཊོམ་སྐབས་ཀྱི་ཨ་རྒྱ་གཉིས་ཀྱི་ཚོང་དོན་གྲོས་ཆོད་གཞིར་བཟུང་གིས། པེ་ཅིང་དུ་ཕེབས་ནས་འགྲུལ་སྐྱེལ་གནམ་གྲུའི་ཐོན་སྐྱེད་ཀྱི་མངག་ཐོ་རྙེད་ཐབས་བྱས་ཡོད། འོན་ཏེ་རྒྱ་ནག་གིས་དུས་ཡུན་རིང་པོར་དྲང་བདེན་མིན་པའི་ཚོང་དོན་གྱི་སྲིད་ཇུས་ལག་ལེན་བསྟར་ཡོད་སྟབས། འབྱུང་འགྱུར་དམག་དོན་དང་འབྲེལ་བའི་ཡར་ཐོན་ཅན་གྱི་འཕྲུལ་རིག་ལག་རྩལ་གྱི་ཁྱབ་ཁོངས་ནས་ཨ་རྒྱ་བར་གྱི་འབྲེལ་ལམ་རིམ་བཞིན་ཆད་འགྲོ་རྒྱུ་གཏན་ཁེལ་རེད་ཅེས་ཨ་རིའི་འཕྲུལ་རིག་གསར་གཏོད་སྐོར་གྱི་ཆེད་མཁས་པ་ཚོས་འགྲེལ་བརྗོད་བྱས་འདུག

བདུན་ཕྲག་གོང་མའི་ནང་ཨ་རིའི་གྲོས་ཚོགས་འོག་མས་གསར་དུ་བཙུགས་པའི་རྒྱ་ནག་སྐོར་གྱི་དམིགས་གསལ་ལས་དོན་ལྷན་ཚོགས་ཀྱི་འགན་འཛིན་སྐུ་ཞབས་མཱ་ཁེ་མ་ཁོལ་ལགས་ནས། དུས་ཡུན་ཐུང་ངུའི་རིང་ཨ་རིས་ཚོར་བ་སྐྱེན་པོ་ཡིན་པའི་ཁྱབ་ཁོངས་འགའ་ཤས་ཀྱི་ནང་ལ་རྒྱ་ནག་དང་འབྲེལ་ལམ་གཙང་བཅད་བྱ་རྒྱུ་ལས། རྒྱ་ནག་དང་འབྲེལ་ལམ་རྦད་དེ་གཙང་བཅད་བྱ་རྒྱུ་མིན་ཞེས་གསུངས་ཡོད། བདུན་ཕྲག་འདིའི་ནང་། ཨ་རིའི་ཚོང་དོན་སྡེ་ཚན་གྱི་འགན་འཛིན་ལའེ་མན་ཏོ་ལགས་ཀྱིས་ཕྱག་རོགས་གཉིས་རྒྱ་ནག་གི་གྲོང་ཁྱེར་པེ་ཅིང་དང་ཧྲང་ཧེ་ནང་དུ་མངགས་གཏོང་བྱས་ཏེ། ད་ལོའི་ལོ་མཇུག་ཏུ་ཁོང་མོ་རྒྱ་ནག་ཏུ་ཕེབས་རྒྱུར་སྔོན་འགྲོའི་གྲ་སྒྲིག་གནང་བཞིན་པ་རེད།

རྒྱ་ནག་ཏུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཟུར་པ་ལཱོ་ཊེ་།
རྒྱ་ནག་ཏུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཟུར་པ་ལཱོ་ཊེ་།

གདམ་གསེས་བྱེད་པའི་སྒོ་ནས་འབྲེལ་བ་གཙང་བཅད་ཅེས་པའི་ཚིག་དེ་ནི་དེ་སྔར་ཆེད་མཁས་པ་འགས་བཏོན་པ་ཞིག་རེད། ༢༠༢༠ ལོའི་སྤྱི་ཟླ་༡༠ པའི་ནང་རྒྱ་ནག་ཏུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཟུར་པ་ལཱོ་ཊེ་ལགས་ནས་འདི་གའི་ཨ་རིའི་རླུང་འཕྲིན་ཁང་ལ་གསུངས་དོན་ལ། གལ་སྲིད་ཨ་རྒྱ་གཉིས་དབར་ཕྱོགས་ཡོངས་ནས་ཚོང་དོན་གྱི་དམག་འཁྲུག་ལངས་ཏེ་འབྲེལ་ལམ་གཙང་བཅད་བྱས་པ་ཡིན་ན། ཨ་རིའི་ལས་མི་ཚོ་དང་ཕྱིར་གཏོང་གི་དངོས་ཟོག་ལ་སོགས་པའི་ལས་རིགས་འགའ་ཤས་ལ་ཤུགས་རྐྱེན་ངན་པ་ཐེབས་རྒྱུ་རེད། ད་ལྟ་ཁྱབ་ཁོངས་འགའ་ཤས་ཀྱི་ནང་ལོགས་ཀྱི་འབྲེལ་བ་གཙང་བཅད་བྱེད་པའི་གནས་སྟངས་ཤིག་ཆགས་བཞིན་པ་རེད་ཅེས་གསུངས་འདུག གདམ་གསེས་བྱེད་པའི་སྒོ་ནས་རྒྱ་ནག་དང་འབྲེལ་ལམ་གཅད་རྒྱུ་ནི་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀའི་ཐུན་མོང་ཐོག་འཛིན་པའི་ལྟ་བ་ཞིག་ཡིན་ཞིང་། སྲིད་འཛིན་བྷ་ཌན་མཆོག་གིས་རྒྱ་ནག་ལ་གློག་ལམ་ཉིང་འདུས་སོགས་ཡར་ཐོན་ཅན་གྱི་འཕྲུལ་རིག་ལག་རྩལ་ཕྱིར་གཏོང་ཐད་ནས་བཀག་སྡོམ་གྱི་བཀོད་ཁྱབ་ཐེངས་མང་བཏང་གནང་ཡོད་པར་མ་ཟད། ལྷག་པར་དུ་བཅོས་རིག་གི་གཞི་གྲངས་དང་འབྲེལ་བའི་མཁོ་རྒྱུག་མ་ལག་དེ་བཞིན་རྒྱ་ནག་ནས་ཕྱིར་འཐེན་བྱེད་རྒྱུ་ཇེ་མགྱོགས་སུ་བཏང་གནང་ཡོད་པ་རེད།

ད་ལོའི་སྤྱི་ཟླ་༢ པར། ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་སྐོར་གྱི་དམིགས་གསལ་ལས་དོན་ཚོགས་ཆུང་གི་འགན་འཛིན་སྐུ་ཞབས་མཱ་ཁེ་མ་ཁོལ་ལགས་ནས། ཨ་རྒྱ་གཉིས་ཀྱི་འགྲན་རྩོད་གྱི་འབྲེལ་བ་དེ་བཞིན་ཤི་གསོན་གྱི་མཚམས་ལ་ཐུག་དུས། ཨ་རིའི་མི་དམངས་ཚོ་ལ་གདམ་གསེས་བྱེད་པའི་སྒོ་ནས་རྒྱ་ནག་དང་འབྲེལ་ལམ་གཅད་དགོས་པའི་སྐོར་ལ་གོ་རྟོགས་སྤེལ་དགོས་ཞེས་གསུངས་ཡོད། དེ་བཞིན་ཨ་རིའི་རིག་མཛོད་དང་གསར་གཏོད་ཅེས་པའི་ཐེབས་རྩ་ཁང་གི་འགན་འཛིན་ཨ་ཐེ་ཅིན་སན་ལགས་ནས་ཀྱང་། ནམ་ཞིག་ལ་ཨ་རྒྱ་གཉིས་དབར་ཁྱབ་ཁོངས་འགའ་ཤས་ཀྱི་འབྲེལ་ལམ་རིམ་བཞིན་ཆད་འགྲོ་རྒྱུར་ཡིད་ཆེས་ཡོད། འབྱུང་འགྱུར་ལོ་བཅུའི་ནང་ཚུད་དུ། ཀུ་ཤུ་ཁ་པར་བཟོ་ཚོང་ཁང་གི་ཐོན་རྫས་ཀྱི་བརྒྱ་ཆ་ཕྱེད་ཀ་ཙམ་དེ་རྒྱ་གར་ནང་གནས་སྤོ་རྒྱུ་དང་། ད་ལྟ་ཨ་རི་བ་མང་པོ་ཞིག་གིས་རྒྱ་ནག་ལ་བརྟེན་རྒྱུ་མང་དྲགས་པའི་སྐྱོན་ཆ་དང་ཉེན་ཁའི་སྐོར་ལ་ཚོར་བ་ཤུགས་ཆེན་པོ་སླེབས་བཞིན་འདུག་ཅེས་འགྲེལ་བརྗོད་གནང་འདུག

༢༠༢༠ ལོའི་སྤྱི་ཟླ་དང་པོར་བཞག་པའི་ཨ་རྒྱ་གཉིས་ཀྱི་ཚོང་དོན་གྲོས་ཆོད་ལ་གཞི་བཞག་ན། རྒྱ་ནག་གིས་འབྱུང་འགྱུར་ལོ་གཉིས་ཀྱི་ནང་ཚུད་དུ་༢༠༡༧ ལོར་ཨ་རིའི་ཚོང་རྫས་ཉོ་སྒྲུབ་བྱས་པའི་ཚད་ལས་ཨ་སྒོར་ཐེར་འབུམ་༢༠༠ ལྷག་སྤར་དགོས་པ་དང་། རྒྱ་ནག་གིས་ཨ་རིའི་པོ་དབྱིང་གནམ་གྲུ་ཉོ་སྒྲུབ་བྱ་རྒྱུའི་སྐོར་འཁོད་ཡོད། ༢༠༡༧ ལོར་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཕྱིན་འགོ་ཚུགས་པ་ནས་བཟུང་སྟེ། པོ་དབྱིང་བཟོ་ཚོང་ཁང་ལ་རྒྱ་ནག་ནས་གནམ་གྲུ་མངག་ཉོ་བྱེད་པའི་མངག་ཐོ་འབྱོར་མེད་པར་མ་ཟད། ༢༠༡༩ ལོའི་སྤྱི་ཟླ༣ པར་རྒྱ་ནག་ཏུ་པོ་དབྱིང་༧༣༧ Max རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ལ་བརྡབ་སྐྱོན་བྱུང་ནས་གནམ་གྲུ་ཐོག་གི་འགྲུལ་པ་དང་བཅས་པ་ཁྱོན་མི་༣༤༦ འདས་གྲོངས་སུ་ཕྱིན་པའི་དོན་རྐྱེན་བྱུང་ཡོད། ༢༠༤༠ ལོའི་བར་རྒྱ་ནག་གི་མཁའ་འགྲུལ་བཟོ་ཚོང་ཁང་ཚོ་ལ་ཨ་སྒོར་ཐེར་འབུམ་༡༤༧༠ ཙམ་གྱི་རིན་གོང་གནས་པའི་གནམ་གྲུ་གསར་པ་༨༧༠༠ དགོས་ཀྱི་ཡོད་པ་རེད།

ཡིན་ན་ཡང་། ཨ་རིས་ཁྱབ་ཁོངས་འགའ་ཤས་ཀྱི་ནང་གདམ་གསེས་བྱེད་པའི་སྒོ་ནས་འབྲེལ་བ་གཙང་བཅད་ཅེས་པར་པེ་ཅིང་གིས་ངོས་ལེན་མེད་ཅིང་། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མཐོ་རིགས་དཔོན་པོ་ཞིག་གིས་ཟླ་༤ པའི་ཚེས་༡༢ ཉིན། ཨ་རིས་རྒྱ་ནག་ལ་འཛིན་པའི་ལྟ་ཕྱོགས་ལ་རྩ་བའི་ཐོག་ནས་འགྱུར་ལྡོག་མ་བཏང་ཚེ། ཕྱོགས་གཉིས་ཀྱི་འབྲེལ་ལམ་རྒྱུན་སྐྱོང་ཡོང་ཐབས་སྐོར་གྲོས་མོལ་ག་རེ་བྱས་ཀྱང་སྙིང་པོ་གང་ཡང་མེད་ཅེས་ཉེན་བརྡ་བཏང་འདུག

དེ་བཞིན་དུ་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་ཁོངས་གཏོགས་ཡིན་པའི་རྒྱ་ནག་གི་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་ཁང་གི་འགན་འཛིན་ཤུས་པུའུ་ཡིས་གསར་འགོད་གསལ་བསྒྲགས་ཐོག་ཏུ། ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཛ་དྲག་འགྲོ་བཞིན་པའི་རྒྱུ་རྐྱེན་གཙོ་བོ་ཞིག་སྟེ། རྒྱ་ནག་དེ་ཨ་རི་ལས་བརྒལ་ནས་འཛམ་གླིང་ཐོག་གི་སྟོབས་ཆེན་རྒྱལ་ཁབ་ཨང་དང་པོར་ཆགས་རྒྱུར་དོགས་ནས་ཨ་རིས་རྒྱ་ནག་ལ་ཕྲག་དོག་སྐྱེ་བཞིན་པའི་རྐྱེན་ལ་ཐུག་ཡོད། གལ་ཏེ་གོ་འཛོལ་དེ་དག་ཕྱོགས་ཡོངས་ནས་ཐག་གཅོད་ལེགས་པོ་ཞིག་བྱུང་མ་ཐུབ་པ་དང་། ཡང་ན་ཨ་རིས་རྒྱ་ནག་གི་ཡར་རྒྱས་ལ་འགོག་ཐབས་བྱེད་པའི་བསམ་བློ་འཁྱེར་སོ་ལ་འགྱུར་བ་ཞིག་མ་ཕྱིན་ཚེ། ཕྱོགས་གཉིས་ཕན་ཚུན་དབར་གྲོས་མོལ་ག་ཚོད་བྱས་ཀྱང་ཕན་ཐོགས་གང་ཡང་མེད་ཅེས་བརྗོད་འདུག

ད་ཕན་བྷ་ཌན་འཛིན་སྐྱོང་གིས་གདམ་གསེས་བྱེད་པའི་སྒོ་ནས་རྒྱ་ནག་དང་འབྲེལ་ལམ་གཅོད་རྒྱུ་ཡིན་ཞེས་ཚིག་གསལ་པོ་བེད་སྤྱོད་བཏང་མྱོང་མེད་ཀྱང་། དེ་སྔར་ཊོམ་གཞུང་འཛིན་སྐབས་སུ་རྒྱ་ནག་ལ་ཁ་གཏད་བཅག་པའི་སྲིད་ཇུས་མང་པོ་ཞིག་ད་ལྟ་རང་འཇགས་བཞག་ཡོད་པར་མ་ཟད། ཁྱབ་ཁོངས་འགའ་ཤས་ཀྱི་ནང་དེ་སྔ་ལས་ཇེ་མཁྲེགས་བཏང་ཡོད་པ་རེད། ཆེད་མཁས་པ་ཚོས་ཀྱང་ཨ་རིས་སོ་སོའི་དཔལ་འབྱོར་དང་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོབ་ཆེད་དུ། རྒྱ་ནག་དང་འཕྲུལ་རིག་ལག་རྩལ་སོགས་ཁྱབ་ཁོངས་གལ་གནད་ཅན་དག་གི་ནང་ལ་བརྟེན་རྒྱུ་ཉུང་དུ་གཏང་དགོས་པའི་འབོད་སྐུལ་བྱེད་བཞིན་འདུག

ཨ་རིའི་ཚོང་དོན་སྐུ་ཚབ་ཏའེ་ཆི།
ཨ་རིའི་ཚོང་དོན་སྐུ་ཚབ་ཏའེ་ཆི།

ཨ་རིའི་ཕྱི་འབྲེལ་ལྷན་ཚོགས་ཀྱི་ཨ་རིའི་ཚོང་དོན་སྲིད་ཇུས་སྐོར་གྱི་ཉམས་ཞིབ་པ་མཱ་ན་ཁེ་ཡིས། ཨ་རྒྱ་གཉིས་ཀྱི་ཚོང་དོན་གྱི་འབྲེལ་ལམ་ནང་ནས་གནད་དོན་ཆེ་ཤོས་དེ་ཚོང་དོན་སྐོར་གྱི་དམག་འཁྲུག་དེ་ཆགས་ཡོད་པ་འདོད་དེ། ཁོང་མོས་ཉེ་དུས་སྤེལ་བའི་དཔྱད་རྩོམ་ཞིག་ལས། ཨ་རྒྱ་གཉིས་ཀྱི་ཚོང་དོན་དམག་འཁྲུག་ལངས་ནས་ཟླ་བ་༥༦ ཕྱིན་ཡོད་ཀྱང་དུས་ད་ལྟ་ད་དུང་མཇུག་སྒྲིལ་རྒྱུའི་རྟགས་མཚན་སོགས་གང་ཡང་མཐོང་གི་མི་འདུག་ཅེས་བཀོད་འདུག ད་རེས་རྒྱ་ནག་ཏུ་འགྲོ་མཁན་ནི་ཨ་རིའི་ཚོང་དོན་སྡེ་ཚན་གྱི་འགན་འཛིན་ཡིན་པ་ལས་ཨ་རིའི་ཚོང་དོན་སྐུ་ཚབ་མིན་པ་དང་། མི་དེ་གཉིས་པོའི་བར་སྔ་ས་ནས་འགལ་ཟླ་ཆགས་ཡོད་ཅིང་། ཨ་རིའི་ཚོང་དོན་སྐུ་ཚབ་ཏའེ་ཆི་ཡིས། ཝ་ཤིན་ཊོན་གྱིས་རྒྱ་ནག་ཐོག་འཛིན་པའི་ཐབས་ཇུས་ཁྲོད་ནས་ཚོང་ཟོག་གི་དཔྱ་ཁྲལ་སྐོར་ལ་དོ་སྣང་ཆེ་ཙམ་བྱ་དགོས་པ་འདོད་ཀྱི་ཡོད་ཀྱང་། ཨ་རིའི་ཚོང་དོན་སྡེ་ཚན་གྱི་འགན་འཛིན་ལཱེ་མོན་གྱིས་ཨ་རིའི་ཁེ་ལས་ཁག་གི་ཡུལ་ཐང་འཕར་བའི་གནས་སྟངས་ཞི་ལྷོད་ཡོང་ཆེད། རྒྱ་ནག་གི་ཚོང་ཟོག་རིགས་འགའ་ཤས་ལ་དཔྱ་ཁྲལ་ཆག་ཡང་གཏང་དགོས་པ་འདོད་བཞིན་ཡོད། དེ་བས་དེང་སྐབས་ཨ་རིའི་ནང་རྒྱ་ནག་གི་དཔྱ་ཁྲལ་སྐོར་འཛིན་པའི་སྲིད་ཇུས་རྒྱུན་འཁྱོངས་བྱ་དགོས་པའི་འདོད་ཚུལ་ཡོད་མཁན་མི་མང་པོ་ཞིག་ཡོད་སྟབས། སྲིད་འཛིན་བྷ་ཌན་མཆོག་ལ་རྒྱ་ནག་གི་དཔྱ་ཁྲལ་དང་འབྲེལ་བའི་གནད་དོན་ཐག་གཅོད་ཐད་ནས་སྟབས་མི་བདེ་བའི་གནས་སྟངས་ཤིག་ཆགས་ཡོད་པ་རེད།

XS
SM
MD
LG