ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གི་དཔལ་འབྱོར་འཛམ་གླིང་གི་ཨང་དང་པོར་ཆགས་སྲིད་དམ།


ཉེ་བའི་ལོ་ཤས་རིང་། རྒྱ་ནག་དེ་བཞིན་འཛམ་གླིང་ཐོག་དཔལ་འབྱོར་གྱི་གོ་གནས་ཨང་དང་པོ་ཆགས་རྒྱུ་ཡིན་མིན་ནི་དཔལ་འབྱོར་རིག་པ་བ་ཚོས་གླེང་སློང་བྱེད་པའི་བརྗོད་གཞི་གཙོ་བོ་ཞིག་ཏུ་གྱུར་ཡོད་ལ། དེ་ནི་རྒྱ་ནག་དམར་ཤོག་ཚོགས་པས་སོ་སོའི་ལམ་ལུགས་ལ་ཡིད་ཆེས་བརྟན་པོ་ཡོད་ལུགས་སྒྲོག་བྱེད་ཀྱི་རྒྱབ་བརྟེན་གཙོ་བོ་ཞིག་ཀྱང་ཆགས་ཡོད། ཡིན་ན་ཡང་། ཉེ་བའི་ལོ་གཅིག་གཉིས་ཀྱི་ནང་། རྒྱ་ནག་དེ་བཞིན་འཛམ་གླིང་ཐོག་དཔལ་འབྱོར་གྱི་གོ་གནས་ཨང་དང་པོ་ཆགས་རྒྱུ་དེ་ཁ་ཐག་ཇེ་རིང་ནས་ཇེ་རིང་ལ་འགྲོ་བཞིན་པ་རེད།

ཨ་རིའི་ནང་གི་དུས་དེབ་Foreign Affairs ཞེས་པའམ་བོད་སྐད་དུ་ཕྱི་འབྲེལ་ཞེས་པའི་དུས་དེབ་ཀྱིས་༢༠༢༢ ལོའི་སྤྱི་ཟླ་༨ པའི་ཚེས་༢༢ ཉིན་ལ་སྤེལ་བའི་དཔྱད་རྩོམ་ཞིག་ལས། ༢༠༢༡ ལོར་རྒྱ་ནག་གི་མི་འབོར་སྐྱེས་ཚད་དམའ་ཤོས་སུ་སླེབས་ཡོད་པ་དང་། མི་ཚོའི་ཆ་སྙོམས་ཀྱི་ལོ་ཚད་དེ་ཨ་རི་བ་ཚོ་ལས་ལོ་ཕྱེད་ཀ་རྒན་པ་དང་། ༢༠༤༢ ལོར་ཧེ་བག་དེ་ལོ་༧ ལ་སླེབས་རྒྱུ་ཡིན་པ་བཀོད་འདུག དེ་བཞིན་ཉེ་དུས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚོད་དཔག་བྱས་པ་ལྟར་ན། དུས་རབས་འདིའི་མཇུག་ཙམ་ལ་རྒྱ་ནག་གི་མི་འབོར་ཉུང་ཤོས་སུ་སླེབས་ཏེ། ༢༠༦༠ ལོར་མི་འབོར་དུང་ཕྱུར་གཉིས་ལྷག་ཙམ་ལས་མེད་པ་ཆགས་རྒྱུ་ཡིན་པས། འདི་ལྟར་སོང་ཚེ་འབྱུང་འགྱུར་རྒྱ་ནག་དེ་འཛམ་གླིང་ཐོག་དཔལ་འབྱོར་གྱི་གོ་གནས་ཨང་དང་པོ་ཆགས་རྒྱུ་ནི་ནམ་ཡིན་ཡང་དཔེ་མི་སྲིད་པ་ཞིག་རེད།

རྒྱ་ནག་གི་དཔལ་འབྱོར་འཛམ་གླིང་གི་ཨང་དང་པོར་ཆགས་ཐུབ་བམ།

ཉེ་བའི་ལོ་འགའ་ཤས་རིང་། རྒྱལ་སྤྱིའི་དཔལ་འབྱོར་རིག་པ་བ་མང་པོ་ཞིག་གིས་རྒྱ་ནག་གི་དཔལ་འབྱོར་གྱི་གོ་གནས་དེ་བཞིན་༢༠༢༣ ལོར་ཨ་རི་ལས་བརྒལ་ནས་འཛམ་གླིང་ཐོག་ཨང་དང་པོ་ཆགས་རྒྱུ་ཡིན་པར་འདོད་བཞིན་ཡོད་ཀྱང་། རྒྱ་ནག་གི་གནད་དོན་སྐོར་གྱི་ཉམས་ཞིབ་པ་ཝང་ཝའེ་ཀྲེང་གིས། གོང་འཁོད་ཚོད་དཔག་དེ་ནི་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་གོང་ནས་གོང་དུ་འཕེལ་བའི་གཏན་འཇགས་ཀྱི་འཕེལ་ཕྱོགས་ཤིག་ལ་གཞི་བཞག་ནས་བཀོད་པའི་སྡོམ་ཚིག་ཞིག་ལས། དེང་སང་རྒྱ་ནག་ལ་ཕྲུ་གུ་སྐྱེས་ཚད་ཇེ་ཉུང་དང་བགྲེས་སོང་གི་མི་འབོར་ཇེ་མང་འགྲོ་བཞིན་པའི་གནས་སྟངས་ལ་གཞི་བཅོལ་ནས་བཤད་ན། རྒྱ་ནག་དེ་བཞིན་རྒྱལ་ཁབ་ཕྱུག་པོ་མ་ཆགས་སྔོན་ལ་མི་ཚང་མ་བགྲེས་སོང་ཆགས་ཚར་བའི་རྒྱལ་ཁབ་ཅིག་ཏུ་འགྱུར་ཉེན་ཆེ་བ་རེད་ཅེས་འགྲེལ་བརྗོད་བྱས་འདུག

རྒྱ་ནག་གི་གནད་དོན་སྐོར་གྱི་ཉམས་ཞིབ་པ་ཝང་ཝའེ་ཀྲེང་།
རྒྱ་ནག་གི་གནད་དོན་སྐོར་གྱི་ཉམས་ཞིབ་པ་ཝང་ཝའེ་ཀྲེང་།

དོན་དམ་ལ་རྒྱ་ནག་ལ་མི་འབོར་ཇེ་ཉུང་དུ་ཕྱིན་ནས་ངལ་རྩོལ་ནུས་ཤུགས་ཀྱི་རིན་གོང་ཇེ་མཐོར་འགྲོ་བཞིན་པའི་གནད་དོན་ལས་གཞན། རྒྱ་ནག་དང་ཨ་རི་ཚུད་པའི་ནུབ་ཕྱོགས་རྒྱལ་ཁབ་ཚོའི་དབར་གྱི་སྲིད་དོན་དང་ཚོང་དོན་གྱི་འབྲེལ་ལམ་ཛ་དྲག་ཆགས་ཡོད་པ་དང་། ཏོག་དབྱིབས་ནད་དུག་གིས་རྐྱེན་པས་རྒྱ་ནག་གི་དཔལ་འབྱོར་ལ་དོ་ཕོག་ཚབས་ཆེ་ཐེབས་ཡོད་པ་སོགས་ཀྱིས་རྐྱེན་ལས། འཛམ་གླིང་གི་བཟོ་གྲྭ་ཆེན་པོ་ཞེས་སུ་གྲགས་པའི་རྒྱ་ནག་གི་མིང་དེ་ཡང་རྩ་སྟོང་དུ་འགྲོ་བཞིན་ཡོད་པ་རེད། དེང་སང་རྒྱལ་སྤྱིའི་བཟོ་གྲྭ་མང་ཆེ་བ་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་དཔེར་ན། ཝེ་ཐེ་ནམ་དང་། ཁང་པོ་ཏིའང། ཡང་ན་ལྷོ་ཨ་མེ་རི་ཁའི་གླིང་ཆེན་གྱི་རྒྱལ་ཁབ་ཚོའི་ནང་གནས་སྤོ་བཞིན་ཡོད་འདུག། དེ་བས་རྒྱ་ནག་གི་བཟོས་པའི་ཐོན་རྫས་ཙག་ཙིག་མང་པོ་ཞིག་ལོ་ལྔ་ཙམ་གྱི་རྗེས་ལ་རྒྱ་ནག་ནང་ཐོན་སྐྱེད་བྱ་མི་དགོས་པ་ཆགས་རྒྱུ་ཡིན་པར་བརྟེན། རྒྱ་ནག་གི་ཕྱིའི་དངུལ་ལོའི་ཡོང་འབབ་དེ་ཡང་རིམ་བཞིན་མེད་པ་ཆགས་ཏེ། འབྱུང་འགྱུར་ལོ་སུམ་ཅུ་དང་བཞི་བཅུའི་ནང་ཚུད་དུ་རྒྱ་ནག་གི་དཔལ་འབྱོར་དེ་བཞིན་ཨ་རི་ལས་བརྒལ་རྒྱུ་ནི་གཏན་ནས་མི་སྲིད་པ་ཞིག་རེད།

རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཕྱིན་ན་རྒྱལ་སྤྱིའི་སྒྲིག་སྲོལ་ལ་ཤུགས་རྐྱེན་ངན་པ་ཐེབས་རྒྱུ།

རྒྱ་ནག་གི་གནད་དོན་སྐོར་གྱི་ཉམས་ཞིབ་པ་ཝེན་ཀོན་ཀྲུང་།
རྒྱ་ནག་གི་གནད་དོན་སྐོར་གྱི་ཉམས་ཞིབ་པ་ཝེན་ཀོན་ཀྲུང་།

༢༠༢༢ ལོར་སྤེལ་བའི་ཨ་མེ་རི་ཁའི་རྒྱལ་ཁབ་བདེ་འཇགས་ཀྱི་ཐབས་ཇུས་ཡིག་ཆ་ལས། རྒྱ་ནག་གིས་དེང་སྐབས་རྒྱལ་སྤྱིའི་སྒྲིག་སྲོལ་བསྐྱར་སྒྲིག་བྱ་རྒྱུའི་ཧམ་སེམས་བཅངས་ཡོད་པ་དང་། ཧམ་སེམས་དེ་མངོན་འགྱུར་ཡོང་ཆེད་རྒྱ་ནག་གཞུང་གིས་དཔལ་འབྱོར་དང་། ཕྱི་འབྲེལ། དམག་དོན། འཕྲུལ་རིག་ལག་རྩལ་སོགས་ཁྱབ་ཁོངས་ཚང་མའི་ནང་སྟོབས་ཤུགས་སིམ་འཛུལ་བྱེད་བཞིན་ཡོད་པ་གསལ་སྟོན་བྱས་འདུག རྒྱ་ནག་གི་གནད་དོན་སྐོར་གྱི་ཉམས་ཞིབ་པ་ཝེན་ཀོན་ཀྲུང་གིས་བརྗོད་དོན། དཔལ་འབྱོར་གྱི་མཐོང་སྣེ་གཅིག་པུའི་ཐོག་ནས། རྒྱ་ནག་དེ་བཞིན་འཛམ་གླིང་ཐོག་དཔལ་འབྱོར་གྱི་གོ་གནས་ཨང་དང་པོར་ཆགས་རྒྱུ་དེ་དོན་དག་བཟང་པོ་ཞིག་རེད་ལ། རྒྱ་ནག་མི་དམངས་ཚོས་ཀྱང་འདི་ལྟར་རེ་བ་བརྒྱབ་ཡོད་མོད། ཡིན་ན་ཡང་། དོན་དམ་ལ་རྒྱ་ནག་དེ་དམར་ཤོག་ཚོགས་པས་དབང་སྒྱུར་བྱེད་པའི་སྒེར་གཅོད་ཀྱི་སྲིད་དབང་ལམ་ལུགས་འོག་གནས་ཡོད་ཙང་། དཔལ་འབྱོར་ཡར་རྒྱས་ཕྱིན་པ་ཡིན་ན་དམག་ཤུགས་རྒྱ་བསྐྱེད་གཏང་རྒྱུ་སོགས་འཛམ་བུ་གླིང་སྤྱིའི་སྒྲིག་སྲོལ་དང་རང་དབང་དམངས་གཙོའི་རིན་ཐང་ལྟ་གྲུབ་ལ་ཤུགས་རྐྱེན་ངན་པ་ཐེབས་རྒྱུ་ཡིན་པས། ཨ་རི་དང་ནུབ་ཕྱོགས་ཀྱི་དམངས་གཙོ་རྒྱལ་ཁབ་དག་གིས་དམར་ཤོག་ཚོགས་པ་དེ་དང་དཔལ་འབྱོར་གྱི་འབྲེལ་ལམ་འཛུགས་འདོད་མེད་པ་རེད། ལྷག་པར་དུ་རྒྱ་ནག་དམར་ཤོག་གཞུང་གིས་དྲག་པོའི་ལམ་ནས་ཐེ་ཝན་དབང་བསྒྱུར་བྱ་རྒྱུའི་ཧམ་སེམས་དེ་ལ་མི་ཚོས་བློ་འཚབ་ཡོང་གི་ཡོད་པ་རེད་ཅེས་འགྲེལ་བརྗོད་བྱས་འདུག

དམར་པོའི་སྲིད་དབང་ལམ་ལུགས་ཀྱིས་རྒྱ་ནག་གི་དཔལ་འབྱོར་ལ་འགོག་རྐྱེན་བཟོ་བཞིན་པ།

ཨ་མེ་རི་ཁ་དང་ནུབ་ཕྱོགས་དམངས་གཙོ་རྒྱལ་ཁབ་ཚོས་རྒྱ་ནག་དང་དཔལ་འབྱོར་གྱི་ཐད་ནས་མཉམ་ལས་བྱེད་རྒྱུར་དོགས་ཟོན་སྐྱེ་བཞིན་ཡོད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི། རྒྱ་ནག་གི་དམར་པོའི་སྲིད་དབང་ལམ་ལུགས་དེར་ཐུག་ཡོད། ཉམས་ཞིབ་པ་ཝེན་ཀོན་ཀྲུང་གིས་མུ་མཐུད་ནས་བརྗོད་དོན། རྒྱ་ནག་དམར་ཤོག་གཞུང་གིས་གཞུང་གཉེར་གྱི་ཁེ་ལས་ཁོ་ནར་རྒྱབ་སྐྱོར་བྱེད་པ་ཙམ་ལས་ཁྲོམ་རའི་དཔལ་འབྱོར་གྱི་འགྲོ་སྟངས་ནང་བཞིན་སྒེར་གྱི་ཁེ་ལས་ཚོ་ལ་ཡིད་ཆེས་དང་རྒྱབ་སྐྱོར་རྩ་བ་ནས་མེད། དམར་ཤོག་ཚོགས་པས་གཞུང་གཉེར་གྱི་ཁེ་ལས་ནི་ཁོ་རང་ཚོར་དབང་གི་ཡོད་པར་འདོད་དེ། ཁེ་ལས་དེ་དག་གི་མ་རྩ་དེ་ཚོ་ཡང་བརྒྱ་ཆ་བརྒྱ་ཁོ་རང་ཚོས་སྟངས་འཛིན་བྱེད་ཆོག་པ་ཞིག་ལ་བརྩི་བཞིན་ཡོད། དེར་བརྟེན་ཞི་ཅིན་ཕིང་གིས་ད་བར་དུ་དམངས་གཉེར་གྱི་ཁེ་ལས་དང་མི་སྒེར་གྱི་བཟོ་ཚོང་ལས་རིགས་ཁག་ལ་རྡུང་རྡེག་དང་དྲག་གནོན་ཚད་མེད་བྱས་ཡོད། དམར་ཤོག་གི་ཆབ་སྲིད་ཀྱི་འདྲེ་ལག་དེ་ཁེ་ལས་རེ་རེའི་ནང་དུ་བརྐྱངས་ཏེ། མ་རྩ་དང་ཐོན་ཁུངས་ཡོད་དོ་ཅོག་དམར་ཤོག་ཚོགས་པའི་ཁ་འོག་ཏུ་བསྡུ་ཐབས་བྱེད་བཞིན་ཡོད། ལྷག་པར་དུ་མ་རྩ་ཡུན་རིང་པོར་འཇོག་དགོས་པའི་རྒྱ་ནག་ནང་གི་ཁེ་ལས་ཁག་ལ་རྒྱལ་ཕྱི་ནང་གཉིས་ནས་གནོན་ཤུགས་ཆེན་པོ་འཕྲད་བཞིན་ཡོད་ལ། དམར་ཤོག་ཚོགས་པས་གང་འདོད་ཅི་འདོད་ཀྱི་སྟངས་འཛིན་འོག་མ་རྩ་འཛུགས་འཇོག་བྱེད་པ་དེ་ནི་སྤྱང་ཀིའི་ཁ་ནང་ཤ་བཞག་པ་ནང་བཞིན་ཆགས་ཡོད་པས། ཁེ་ལས་པ་སུ་གང་རུང་ཞིག་གིས་དེ་ལྟར་བྱེད་འདོད་མེད་པ་དེ་དངོས་ཡོད་གནས་སྟངས་རེད་ཅེས་འགྲེལ་བརྗོད་བྱས་འདུག

XS
SM
MD
LG