ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

སྦེལ་ཀོབ་གཞིས་ཆགས་སུ་ཏོག་དབྱིབས་ནད་དུག་ཁྱབ་གདལ།


༄༅།། ཉེ་ལམ་ཕྱི་ཟླ་༧་པའི་ཚེས་༦་ཡས་མས་ནས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་གཉིས་ཀྱི་གྲོང་སྡེ་ཁག་ཏུ་སླར་ཡང་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཤུགས་ཆེར་ཕྱིན་ཏེ་ཛ་དྲག་གི་གནས་སུ་ཏུ་གྱུར། ཕྱི་ཟླ་༧་པའི་ཚེས་༡༥་ནས་༢༤་བར་དུ་ཉིན་གྲངས་བཅུའི་རིང་ལ་གཞིས་ཆགས་ཀྱི་སྔོ་ཚོད་རིགས་དང་བཟའ་ཆས་ཚོང་ཁང་ཁག་ཞོགས་པའི་ཆུ་ཚོད་༦་པ་ནས་༡༢་བར་དུ་སྒོ་འབྱེད་ཆོག་པ་དང་སྨན་ཚོང་ཁང་ཁག་ཉིན་ཧྲིལ་པོར་སྒོ་འབྱེད་ཆོག་ཀྱང་ཚོང་ལས་གཞན་ཁག་སྟེ། ཟ་ཁང་དང་ཚོང་ཁང་རྣམས་ཉིན་བཅུ་ལ་སྒོ་བརྒྱབ་ནས་མི་རྣམས་དོན་མེད་དུ་ཕར་ཚུར་འགྲུལ་བཞུད་བྱེད་མི་ཆོག་པའི་བཀག་རྒྱ་བསྡམས་དགོས་བྱུང་ཡོད་པ་རེད། ད་དུང་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་ལས་ཁུངས་ཀྱི་ལས་བྱེད་པ་ཁག་ཅིག་ལའང་ནད་དུག་འགོས་ཏེ་ལུགས་བསམ་གཞིས་ཆགས་ལས་ཁུངས་ཀྱང་གནས་སྐབས་རིང་སྒོ་རྒྱག་དགོས་བྱུང་ཡོད་པ་རེད།།

ད་ལྟའི་ཆར་ནད་པ་ཚབས་ཆེ་བ་༢༥་ཡོད་པ་དེ་དག་ལ་འཚོ་བྱེད་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་པ་དང་ཉེན་ཚབས་ཆུང་བ་ཚོར་སམ་བྷོ་ཊ་ཉིན་མོའི་སློབ་གྲྭ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཟུར་འགོག་ཁང་དུ་བསྒྱུར་ཡོད་པ་དེར་ཟུར་འགོག་བྱེད་ཀྱི་ཡོད་ཀྱང་ཟུར་འགོག་ཁང་དུ་མ་ཤོང་བ་རྣམས་རང་ཁྱིམ་དུ་ཟུར་འགོག་བྱེད་འདུག ཕྱི་ཟླ་༧་ཚེས་༡༨་བར་དུ་ཉིན་༡༢་ཀྱི་ནང་དུ་སྦེལ་ཀོབ་གཞིས་ཆགས་གཉིས་ཀར་ནད་པ་གསར་པ་༡༤༣་བྱུང་ཡོད་པ་དེ་དག་གི་གྲས་ཀྱི་ལོ་ན་ཆུང་ཤོས་ནི་ལོ་༢་དང་ལོ་ན་མཐོ་ཤོས་ནི་ལོ་ན་༩༦་ལ་སོན་པ་ཞིག་ཡིན་པར་མ་ཟད། ལོ་ན་༩༠་ཐམ་པར་སོན་པ་ཞིག་ཏོག་དབྱིབས་ནད་དུག་གིས་འདས་གྲོངས་སུ་གྱུར། ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་གཉིས་ཀ་བརྒྱབ་ཟིན་པའི་གྲས་སུའང་ནད་དུག་འགོ་མཁན་བྱུང་འདུག དེང་སྐབས་སྦེལ་ཀོབ་གཞིས་ཆགས་སུ་ཉིན་ལྟར་ནད་པ་བཅུ་ཕྲག་འགའ་རེ་མང་དུ་འགྲོ་བཞིན་ཡོད་པ་སྟེ། ལུགས་བསམ་གྲོང་སྡེ་དང་པོ་ནི་ནད་པ་མང་ཤོས་ཡིན་པ་དང་ད་ལྟ་ནད་པ་༤༠་ལྷག་བརྒལ།།

སྐྱིད་དབྱངས་སྨན་ཚོང་ཁང་གི་བདག་པོ་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་གྲོང་གཉིས་པའི་རྣམ་རྒྱལ་ཕུན་ཚོགས་ཀྱིས་ཉིན་ལྟར་སྨན་ཉོ་མཁན་མང་ཤོས་འཆམ་པའི་སྨན་ཉོ་མཁན་ཡིན་པ་དང་མང་ཚོགས་ལ་ནད་དུག་ཁྱབ་གདལ་འགྲོ་དགོས་དོན་ནི་ཁ་རས་རྒྱག་རྒྱུར་འཐུས་ཤོར་སོང་བ་དང་གནམ་གཤིས་འགྱུར་ལྡོག འགྲུལ་བཞུང་མང་བ་བཅས་ཀྱིས་ཡིན་སྲིད་ཅེས་བཀྲལ། སྦེལ་ཀོབ་འཚོ་བྱེད་སྨན་ཁང་གི་སྨན་པ་བཀྲ་ཤིས་བཟང་པོས་ནད་དུག་ཁྱབ་གདལ་ནི་གནམ་གཤིས་འགྱུར་ལྡོག་དང་ཁ་རས་རྒྱག་རྒྱུར་དོ་སྣང་མ་བྱུང་བ། མི་ཚོགས་འདུ་འཛོམ་དང་སྨན་ཁབ་བཅས་ལ་འབྲེལ་བ་ཡོད་པའི་ངོས་འཛིན་བྱེད་ཀྱི་འདུག སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་ས་གནས་འགོ་འཛིན་དང་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་གཞིས་འགོ་དོན་གྲུབ་རྒྱལ་པོས་མ་འོངས་པར་གང་ཅིའི་གནས་སྟངས་སྡུག་ཏུ་མི་འགྲོ་བའི་རེ་བ་ཡོད། གལ་འགངས་ཆེ་ཤོས་ནི་སྔོན་འགོག་གི་སྨན་ཁབ་རྒྱག་དགོས། གཞིས་ཆགས་ཀྱི་མང་ཚོགས་ཕལ་ཆེ་བར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ཐོབ་ཟིན། འཕྲོད་བསྟེན་ལ་གཟབ་ནན་བྱེད་ཕྱོགས་ཀྱི་གོ་རྟོགས་སྤེལ་དགོས་པ་ཁག་ཀྱང་མ་ཚང་བ་མེད་པར་སྤེལ་ཟིན། གཙོ་བོ་གང་ཟག་སོ་སོས་རང་དོན་རང་གཅེས་བྱ་རྒྱུ་གལ་ཆེན་ཡིན་ཞེས་འབོད་སྐུལ་ཞུས། ༢༠༢༠་ལོའི་ཕྱི་ཟླ་༣་པ་ནས་སྦེལ་ཀོབ་གཞིས་ཆགས་གཉིས་ཀྱི་ཁྱབ་ཁོངས་སུ་ཁྱོན་བསྡོམས་ཏོག་དབྱིབས་ནད་དུག་འགོས་པའི་སྐྱ་སེར་༨༩༣་བྱུང་ཡོད་པ་དང་མི་༡༤་འདས་གྲོངས་སུ་གྱུར་ཡོད་པ་བཅས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཀྱི་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG