ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

 བྷར་ཛིལ་གྱི་ཆེད་ལས་པ་ཚོས་སྲིད་འཛིན་ཁྲིམས་ལ་གཏུགས་པ། 


བྷར་ཛིལ་གྱི་སྲིད་འཛིན་བྷོལ་སོ་ན་ར། ༢༠༢༠།༧།༢༢
བྷར་ཛིལ་གྱི་སྲིད་འཛིན་བྷོལ་སོ་ན་ར། ༢༠༢༠།༧།༢༢

༄༅།། ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ་གྱི་སྨན་པ་དང་སྨན་ཞབས་པ། ཏོག་དབྱིབས་ནད་དུག་སྔོན་འགོག་གི་མདུན་སར་ཡོད་པའི་འཕྲོད་བསྟེན་ལས་སྣེ་ཚོ་དང་རྒྱལ་ཁབ་དེའི་ཡེ་ཤུའི་ཆོས་ལུགས་པ་ཚོས་ཡུ་རོབ་རྒྱལ་ཁབ་ནེ་དྷར་ལན་ཌིའི་ཧེ་གྷེ་གྲོང་ཁྱེར་དུ་ཚུགས་ཡོད་པའི་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་སྙན་ཞུ་ཕུལ་ཏེ། སྲིད་འཛིན་བྷོལ་སོ་ན་རོས་འགྲོ་བ་མི་ལ་ཉེར་འཚེ་བྱས་པའི་ནག་ཉེས་ཐོག་ཏུ་ཁྲིམས་གཅོད་བྱ་དགོས་ཞེས་ཞུ་གཏུག་བྱས་འདུག སྲིད་འཛིན་བྷོལ་སོ་ན་རོས་རང་ཡུལ་ལ་ཏོག་དབྱིབས་རིམས་ནད་ཁྱབ་ཀྱི་ཡོད་པར་སྣང་ཆུང་དང་སྔོན་འགོག་མ་བྱས་པ། ཁོ་པས་ཏོག་དབྱིབས་ནད་དུག་ནི་ཆམ་ནད་ལྕི་མོ་ཞིག་རེད། དེ་ལ་ཧ་ལས་དགོས་པ་དང་ཚོང་ལས་བཀག་སྡོམ། འགྲོ་འོང་བཀག་སྡོམ་དང་མི་ཚོགས་འདུ་འཛོམས་བྱེད་མི་ཆོག་ཅེས་བཀག་སྡོམ་བྱ་དགོས་པའི་གནད་དོན་ཚབས་ཆེན་ཞིག་མ་རེད་ཅེས་ཨུ་ཚུགས་ཀྱི་ལངས་ཕྱོགས་ཤིག་བཟུང་། རྒྱུ་མཚན་དེ་ལ་བརྟེན་ནས་ད་ལྟའི་བར་དུ་བྷར་ཛིལ་རྒྱལ་ཁབ་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༢༤༠༠༠༠༠་ལྷག་བྱུང་ཡོད་པ་དང་༨༧༠༠༠་ལྷག་ལ་འཆི་སྐྱོན་བྱུང་ཞིང་། དེང་སྐབས་ཨ་མི་རི་ཀའི་འཕྲོ་ནས་བྷར་ཛིལ་རྒྱལ་ཁབ ནི་འཛམ་གླིང་འདིར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་མང་ཤོས་དང་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་མང་ཤོས་ཨང་གཉིས་པ་དེར་གྱུར་འདུག

བྷར་ཛིལ་རྒྱལ་ཡོངས་ཀྱི་ཡེ་ཤུའི་ཆོས་སྡེ་ཁག་དང་སྤྱི་ཚོགས་ལས་འགུལ་བ། ངལ་རྩོལ་བའི་མཐུན་ཚོགས་དང་འཕྲོད་བསྟེན་ལས་སྣེ། གསར་འགོད་པའི་མཐུན་ཚོགས་ཁག་བཅས་ཚོགས་མི་ས་ཡ་༡་ལྷག་ཡོད་པའི་ཆེད་ལས་པའི་མཐུན་ཚོགས་ཁག་གིས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ལ་ཕུལ་བའི་སྙན་ཞུ་དེར་སྲིད་འཛིན་བྷོལ་སོ་ན་རོས་དོན་དངོས་ལ་བསྙོན་པ་དང་ལས་འགན་འཐུས་ཤོར་བཏང་བ། ཁོང་གིས་སྣང་ཆུང་ཁྱད་གསོད་བྱས་ནས་མི་དམངས་ཀྱི་ཚེ་སྲོག་རྩེ་མོ་རྩེད་ཀྱིན་འདུག་ཅེས་བཀོད། བྷར་ཛིལ་གྱི་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་སྤྱི་ཁྱབ་མཁན་པོ་༡༥༢་ཀྱིས་ཐུན་མོང་གི་ཡོངས་གྲགས་སྙན་ཞུ་ཞིག་ལ་མཚན་རྟགས་བཀོད་ནས་སྲིད་འཛིན་བྷོལ་སོ་ན་རོའི་སྲིད་གཞུང་ལ་དྲག་ཆར་རླུང་འཚུབ་འདིར་གདོང་ལེན་བྱེད་ཐུབ་པའི་འཇོན་ཐང་མི་འདུག དྲག་ཆར་རླུང་འཚུབ་ཟེར་པ་ནི་ད་སྔ་བྱུང་མྱོང་མེད་པའི་འཕྲོད་བསྟེན་གྱི་དཀའ་ངལ་ཞིག་འཕྲད་བཞིན་ཡོད་པ་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་པའི་དཀའ་ངལ། སྲིད་གཞུང་གི་གནད་འགག་ཆེ་བའི་སྒྲིག་འཛུགས་ཁག་གི་བར་དུ་འགལ་ཟླ་ཆེ་རུ་འགྲོ་བཞིན་པ་བཅས་ལ་གོ་དགོས། བྷར་ཛིལ་གཞུང་གིས་སྐྱེ་བོ་སྟོང་ཕྲག་མང་པོ་ནད་མནར་དང་འཆི་སྐྱོན་འབྱུང་གི་ཡོད་པའི་ཏོག་དབྱིབས་རིམས་ནད་འདི་སྟེས་དབང་ལས་བྱུང་བའམ། ཡང་ན་དཀོན་མཆོག་གི་བཀའ་ཆད་ཕོག་པ་རེད་ཅེས་ཚན་རིག་ལ་མི་མཐུན་པ་དང་གོ་རིམ་ལྡན་པའི་སྒོ་ནས་ལོག་བཤད་བྱེད་ཀྱི་ཡོད་པས་བྷར་ཛིལ་རྒྱལ་ཁབ་ལ་སྤྱི་ཚོགས་དང་དཔལ་འབྱོར་ཉམས་ཉེས་ཀྱི་ཆག་སྒོ་ཆེན་པོ་ཞིག་འབྱུང་ཉེན་ཆེ་ཞེས་ཉེན་བརྡ་བཏང་འདུག

ཉེ་དུས་ཤིག་ནས་བྷར་ཛིལ་གྱི་ས་འོ་ཕཱོ་ལོ་ལྟ་བུའི་མི་འབོར་མང་ས་དང་ནད་དུག་གིས་མི་ལ་འཆི་སྐྱོན་འབྱུང་ཡུལ་ཆེས་མང་ས་ཁག་ཏུ་ཏོག་དབྱིབས་རིམས་ནད་ཅུང་ཙམ་འཇོམས་ཀྱི་ཡོད་ཀྱང་རྒྱལ་ཁབ་དེར་མངའ་སྡེ་༢༦་ཡོད་པ་དེའི་ནང་གི་མངའ་སྡེ་༡༠་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་དང་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་འདུག དེང་སྐབས་བྷར་ཛིལ་རྒྱལ་ཡོངས་སུ་ཉིན་ལྟར་ཆ་སྙོམས་ཀྱི་མི་༡༠༠༠་ལྷག་ལ་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་འཕོག་གི་ཡོད་པར་མ་ཟད། བྷར་ཛིལ་གྱི་མངའ་སྡེ་ཁག་གི་སྨན་ཁང་ནང་དུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པའི་གྲངས་འབོར་ཉུང་དུ་འགྲོ་ཡི་མེད་ཅིང་། ད་ལོའི་ཏོག་དབྱིབས་རིམས་ནད་ཀྱིས་བྷར་ཛིལ་རྒྱལ་ཡོངས་སུ་ཚོང་ལས་འགག་པ་དང་ཡུལ་སྐོར་སྤྲོ་འཆམ་པ་མེད་པར་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་ཡོད་པས་མངའ་སྡེ་སྤྱི་ཁྱབ་རྣམས་དང་གྲོང་ཁྱེར་གྱི་སྤྱི་ཁྱབ་ཁག ས་གནས་སོ་སོའི་འགོ་ཁྲིད་ཚོས་རིམ་བཞིན་འགྲོ་འོང་བཀག་སྡོམ་དང་ཚོང་ལས་བཀག་སྡོམ་བྱེད་བཞིན་པའི་དམ་དྲག་རྣམས་ཕྱིར་འཐེན་བྱས་ནས་དཔལ་འབྱོར་སླར་གསོ་བྱ་ཐབས་བྱེད་ཀྱི་ཡོད། འོན་ཀྱང་བྷར་ཛིལ་གྱི་ས་གནས་ཁག་ཏུ་འགྲོ་འོང་བཀག་སྡོམ་ཕྱིར་འཐེན་དང་ཚོང་ལས་སོགས་བསྐྱར་དུ་སྒོ་ཕྱེ་ན་རིམས་ནད་ཁྱབ་གདལ་འགྲོ་རྒྱུ་ཤུགས་ཆེ་རུ་འགྲོ་ཤས་ཆེ། བྷར་ཛིལ་གཞུང་གིས་མི་མང་ལ་ཁ་རས་གྱོན་དགོས་པ་དང་སྤྱི་ཚོགས་རྒྱང་བཀྱེད་བྱ་དགོས་པ། གཟའ་མཇུག་གི་དུས་སུ་མཚོ་ཁ་སོགས་ལ་མི་ཚོགས་འདུ་འཛོམས་བྱེད་མི་ཆོག་ཅེས་བཀག་སྡོམ་ནན་པོ་ཞིག་བྱེད་ཀྱི་མེད་པ་རེད།།

བྷར་ཛིལ་གྱི་ཆེད་ལས་པའི་མཐུན་ཚོགས་ཁག་གིས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་ཕུལ་བའི་ཁྲིམས་གཏུག་གི་སྙན་ཞུ་དེར་སྲིད་འཛིན་བྷོལ་སོ་ན་རོས་འདར་ཚད་ཀྱི་འགོག་སྨན་དེ་ཚོས་ཏོག་དབྱིབས་ནད་དུག་འགོག་བཅོས་བྱེད་ཐུབ་ཅེས་ལམ་སྟོན་ཕྱིན་ཅི་ལོག་པ་ཞིག་བྱེད་ཀྱི་འདུག ཚན་རིག་པ་ཚོས་ཞིབ་འཇུག་བྱས་པ་ལྟར་ན་འདར་ཚད་འགོག་སྨན་གྱིས་ཏོག་དབྱིབས་ནད་དུག་འགོག་བཅོས་ཐུབ་ཀྱི་མེད་པ་གསལ་པོ་རེད་ཅེས་བཀོད། སྲིད་འཛིན་བྷོལ་སོ་ན་རོས་ཏོག་དབྱིབས་རིམས་ནད་ལ་ཆམ་ནད་ཆུང་ཆུང་ཞེས་མིང་འབོད་བྱས་ནས་སྣང་ཆུང་བཏང་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁ་རྡུང་དྲག་པོ་ཕོག བྷར་ཛིལ་རྒྱལ་ཁབ་ཀྱི་ནད་རིགས་སྔོན་འགོག་ཁང་གི་འགོ་ཁྲིད་ཀྱིས་ཡོངས་གྲགས་སུ་སྲིད་འཛིན་བྷོལ་སོ་ན་རོའི་ལངས་ཕྱོགས་ལ་ངོ་རྒོལ་དང་སྲིད་འཛིན་གྱིས་ཏོག་དབྱིབས་རིམས་ནད་ལ་འཛིན་པའི་ལྟ་སྟངས་རྣམས་ནོར་འཁྲུལ་རེད་ཅེས་སྐྱོན་བཙུགས། སྲིད་འཛིན་བྷོལ་སོ་ན་རོའི་རྒྱབ་སྐྱོར་པ་ཚོས་རྒྱལ་ཁབ་དེའི་ནད་རིགས་སྔོན་འགོག་ཁང་གི་འགོ་ཁྲིད་ལ་ཁ་བཙུམས་ནས་མ་བསྡད་ནས་ཚེ་སྲོག་གི་ཉེན་ཁ་འབྱུང་ཞེས་དྲྭ་ལམ་དུ་འཇིགས་སྐུལ་གྱི་འཕྲིན་ཡིག་བསྐུར། སྨན་པ་ལཱོར་དྷའོ་ཞེས་པ་ཞིག་གིས་གསར་འགོད་པར་མི་མང་ཁག་ཅིག་ལ་ཚན་རིག་གི་ལམ་ནས་བརྟག་དཔྱད་དང་ཞིབ་འཇུག་བྱས་པའི་རྙེད་དོན་རྣམས་ཤེས་འདོད་མི་འདུག ངས་ནད་པ་ཚོར་འདར་ཚད་འགོག་སྨན་བཏང་ནས་ཏོག་དབྱིབས་ནད་དུག་བཅོས་ཐབས་བྱས་མེད། ནད་པ་ཞིག་གི་བཟའ་མི་ཚོས་ང་ལ་མི་གསོད་ཀྱི་ལག་དམར་ཞེས་ནག་ཉེས་བཙུགས་སོང་། དེ་ནས་ངས་རང་གི་ཆེད་ལས་འདི་མཚམས་འཇོག་བྱ་རྒྱུའི་ཐག་བཅད་པ་ཡིན་ཞེས་བཤད། ད་ལྟ་སྨན་པ་ལཱོར་དྷའོ་ཡིས་རང་གི་ལས་གནས་ནས་གནང་བ་ཞུས་ཏེ་ཆེད་ལས་མཚམས་བཞག་འདུག

ལོ་ན་༦༥་ལ་སོན་པའི་སྲིད་འཛིན་བྷོལ་སོ་ན་རོར་ཏོག་དབྱིབས་ནད་དུག་འགོས་ཡོད་པ་སྨན་ཁང་གིས་ངེས་གཏན་བྱས་པ་དང་དུས་ཡུན་བདུན་ཕྲག་གསུམ་ལ་ཟུར་འགོག་བྱས་ནས་སྨན་བཅོས་བྱས་ཤིང་། གཟའ་ཟླ་བའི་ཉིན་སྲིད་འཛིན་བྷོལ་སོ་ན་རོས་གསར་འགོད་པའི་མདུན་དུ་ཁ་རས་བཤུས་ཏེ་ང་དྲག་སྐྱེད་བྱུང་སོང་། འདི་ནི་འགོས་ནད་ཚབས་ཆེན་ཞིག་མ་རེད། ང་ལ་ཏོག་དབྱིབས་ནད་དུག་གིས་གནོད་སྐྱོན་ཆེན་པོ་ཞིག་ཕོག་མ་སོང་། མཐར་བྷར་ཛིལ་བ་མང་ཆེ་བར་ནད་རྟགས་ཆུང་ཆུང་རེ་ཐོན་ནས་དྲག་སྐྱེད་འབྱུང་གི་རེད་ཅེས་བསྒྲགས། སྲིད་འཛིན་བྷོལ་སོ་ན་རོས་མ་བརྟགས་མ་དཔྱད་པར་འདར་ཚད་འགོག་སྨན་ཞིག་བཏང་ན་ཏོག་དབྱིབས་ནད་དུག་བཅོས་ཐུབ་ཀྱི་རེད་ཅེས་འུར་སྒྲོགས་བྱེད་ཀྱི་ཡོད་པ་འདིས་བྷར་ཛིལ་གྱི་འཕྲོད་བསྟེན་ལས་སྣེ་ཚོར་དཀའ་ངལ་སྣོན་མ་ཞིག་སྤྲོད་ཀྱི་ཡོད་འདུག ས་འོ་ཕཱོ་ལོ་མངའ་སྡེར་འཕྲོད་བསྟེན་ལས་སྣེ་༢༠༠༠་ལྷག་ཡོད་པ་དེ་དག་གི་ཕྱེད་ཀ་ལྷག་གིས་ནད་པ་ཚོས་སྲིད་འཛིན་བྷོལ་སོ་ན་རོས་དྲིལ་བསྒྲགས་བྱེད་ཀྱི་ཡོད་པའི་འདར་ཚད་འགོག་སྨན་དེ་སྤྲོད་རོགས་བྱོས་ཟེར་ནས་དཀའ་ངལ་སྤྲོད་ཀྱི་འདུག་ཅེས་བཤད། ཕྱི་ཟླ་༧་པའི་མགོ་སྟོད་དེར་སྲིད་འཛིན་བྷོལ་སོ་ན་རོས་གསར་འགོད་པའི་ཁ་རས་བཤུས་པས་བྷར་ཛིལ་གྱི་གསར་འགོད་པའི་མཐུན་ཚོགས་ཀྱིས་སྲིད་འཛིན་བྷོལ་སོ་ན་རོས་གསར་འགོད་པའི་བདེ་ཐང་ལ་སྣང་ཆུང་གཏོང་གི་འདུག་ཅེས་ཁྲིམས་ལ་གཏུགས། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་བྷར་ཛིལ་གྱི་ཆེད་ལས་པའི་མཐུན་ཚོགས་ཁག་གིས་སྲིད་འཛིན་བྷོལ་སོ་ན་རོ་ཁྲིམས་ལ་གཏུགས་པ་དེར་ཐག་གཅོད་ཇི་ལྟར་བྱ་རྒྱུ་ཡིན་མིན་ཕྱིར་བསྒྲགས་བྱས་མེད་ཅིང་། སྲིད་འཛིན་བྷོལ་སོ་ན་རོའི་གསར་འགོད་ལྷན་ཁང་གི་ལས་སྣེ་ཚོས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་ཁྲིམས་གཏུག་བྱེད་ཡོད་པ་དེར་འགྲེལ་བཤད་ཅི་ཡང་མེད། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་འདྲི་རྩོད་བྱེད་ན་དེ་དུས་བྷར་ཛིལ་གྱི་ཁྲིམས་འཛིན་ལྷན་ཁང་གིས་དེ་ལ་ལན་འདེབས་བྱེད་ཀྱི་རེད་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་བྱས་འདུག

XS
SM
MD
LG