ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

དབྱིན་ཇི་དང་ཡུ་རོབ་མཉམ་འབྲེལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཕྱི་ཟླ་༩་ཚེས་༩་ཉིན་དབྱིན་ཇིའི་གྲོས་ཚོགས་ཀྱིས་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་རྒྱུ་དེར་ཕྱོགས་གཉིས་ཀྱིས་གྲོས་མཐུན་ཞིག་བཞག་ནས་ཕྱིར་འཐེན་བྱ་དགོས། གལ་སྲིད་ཡུ་རོབ་མཉམ་འབྲེལ་དང་དབྱིན་ཇི་གཉིས་གྲོས་མཐུན་ཞིག་མ་བྱུང་ན་ཕྱི་ཟླ་༡༠་པའི་ཟླ་མཇུག་ཏུ་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་རྒྱུ་ཕར་འགྱངས་གཏོང་དགོས་ཞེས་བཅའ་ཁྲིམས་ཤིག་གཏན་ལ་ཕབ། སྲིད་བློན་ཇཱོན་སན་གྱིས་གྲོས་ཚོགས་ཀྱིས་བཅའ་ཁྲིམས་ཤིག་གཏན་འབེབས་བྱས་ཀྱང་ཁྱད་པར་མེད། དབྱིན་ཇི་ཕྱི་ཟླ་༡༠་པའི་ཟླ་མཇུག་དེར་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་རྒྱུའི་དུས་ཚོད་གཏན་འབེབས་བྱས་ཡོད་པར་འགྱུར་བ་མེད་ཅེས་ལན་འདེབས་བྱས་འདུག

སྲིད་བློན་ཇཱོན་སན་གྱིས་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱེད་མ་ཐུབ་པར་འགག་ཡོད་པ་ཐག་གཅོད་བྱེད་པར་འོས་འདེམས་སྔ་སྣུར་བྱ་དགོས། དབྱིན་ཇི་ལ་རྒྱལ་ཡོངས་འོས་འདེམས་ཀྱིས་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་རྒྱུ་ཐག་གཅོད་བྱ་དགོས་ཞེས་གྲོས་གཞི་བཏོན། དབྱིན་ཇིའི་གྲོས་ཚོགས་འཐུས་མི་ཚོས་བདུན་ཕྲག་གཅིག་གི་ནང་དུ་གྲོས་གཞི་དེར་དགག་པ་ཐེངས་གཉིས་བརྒྱབ་པ་དང་ད་ལྟ་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱེད་ཐུབ་རྒྱུ་ཡིན་མིན་ངེས་གཏན་མེད་པར་གྱུར་ཀྱང་ཕྱི་ཟླ་༡༠་ཚེས་༡༤་བར་དུ་དབྱིན་ཇིའི་གྲོས་ཚོགས་འཐུས་མི་རྣམས་ཚོགས་འཛོམས་བྱེད་ཀྱི་མེད་ཅིང་། དབྱིན་ཇིའི་ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་སྲིད་བློན་ཇཱོན་སན་གྱི་གཞུང་འཛིན་རྙིང་ཞེན་ཚོགས་པས་མི་མང་གི་ཁ་བཀག་སོང་། ཁྱེད་ཚོར་ངོ་ཚ་རྒྱུ་མི་འདུག་ཅེས་འཁོད་པའི་ཡིག་བྱང་བསྟན་ནས་ངོ་རྒོལ་བྱས་པ་དང་། ད་དུང་སྲིད་བློན་ཇཱོན་སན་གྱིས་ཡུ་རོབ་མཉམ་འབྲེལ་ལ་གྲོས་སྡུར་བྱ་དགོས། དབྱིན་གཞུང་གིས་གྲོས་མཐུན་ཞིག་མ་བཞག་པར་རྒྱལ་ཁབ་༢༨་ཀྱི་སྒྲིག་འཛུགས་དེ་ནས་ཕྱིར་འཐེན་བྱེད་མི་ཆོག་ཅེས་ཁྲིམས་ཤིག་གཏན་འབེབས་བྱས་པ་དང་། གྲོས་ཚོགས་འཐུས་མི་ཚོ་ཚོགས་འཛོམས་བྱེད་དུ་འཇུག་གི་མེད་པ་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱེད་ཕྱོགས་ལ་གྲོས་བསྡུར་བྱེད་དུ་འཇུག་རྒྱུ་མིན་པའི་ཐབས་ཇུས་རེད་ཅེས་སྐྱོན་བརྗོད་བྱས། འོན་ཀྱང་དབྱིན་གཞུང་གིས་སྲིད་བློན་ཇཱོན་སན་ལ་ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོར་གྲོས་བསྡུར་བྱེད་པར་གྲོས་གཞི་ཞིག་གཏན་འབེབས་བྱེད་པའི་དུས་ཚོད་དགོས་ཀྱིན་འདུག་ཅེས་བཤད།

ཕྱི་ཟླ་༡༠་པའི་ཚེས་༡༧་དང་༡༨་གཉིས་ལ་ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོ་ཚོགས་འདུ་འཚོགས་ཀྱི་ཡོད་ཀྱང་དབྱིན་ཇིའི་གཞུང་གིས་རང་ཉིད་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱེད་ཕྱོགས་ལ་གྲོས་བསྡུར་བྱ་དགོས་པའི་གྲོས་གཞི་གསལ་པོ་ཞིག་བཏོན་མ་སོང་ཞེས་ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོས་བཤད། སྲིད་བློན་ཇཱོན་སན་གྱིས་ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོར་གྲོས་བསྡུར་བྱས་ནས་དབྱིན་ཇི་སྒྲིག་འཛུགས་དེ་ནས་ཕྱིར་འཐེན་བྱ་འཆར་ཡོད། ཡིན་ནའང་དབྱིན་ཇི་གྲོས་མཐུན་མ་བྱུང་བར་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་དགོས་པའི་གྲ་སྒྲིག་ཀྱང་བྱེད་བཞིན་ཡོད། ང་ཕྱི་ཟླ་༡༠་ཚེས་༡༧་ཉིན་གྱི་ཚོགས་ཆེན་ལ་བཅར་ཆོག ངས་དབྱིན་ཇིའི་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ཆེད་དུ་དབྱིན་ཡུལ་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་རྒྱུ་ནར་འགྱངས་གཏོང་རྒྱུ་མིན་ཞེས་གྲོས་ཚོགས་སུ་གཏམ་བཤད་བྱས་འདུག

དབྱིན་ཇིའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་འཇར་མཱི་ཁོར་བྷན་གྱིས་འོས་འདེམས་སྔ་སྣུར་བྱ་རྒྱུ་དེར་མོས་མཐུན་ཡོད། འོན་ཀྱང་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་རྒྱུ་ཕར་འགྱངས་མ་བྱས་བར་དུ་སྲིད་བློན་ཇཱོན་སན་གྱིས་འོས་འདེམས་སྔ་སྣུར་བྱ་དགོས་ཟེར་གྱི་ཡོད་པ་དེར་རྒྱབ་སྐྱོར་བྱེད་མི་ཐུབ། ཁོང་གིས་ང་ཚོ་འོས་འདེམས་སྔ་སྣུར་བྱ་རྒྱུ་དེར་འཐད་པ་ཡོད། དབྱིན་ཇིའི་གཞུང་གིས་ཡུ་རོབ་མཉམ་འབྲེལ་ལ་གྲོས་མཐུན་ཞིག་མ་བཞག་པར་སྒྲིག་འཛུགས་དེ་ནས་ཕྱིར་འཐེན་བྱ་རྒྱུར་མོས་མཐུན་མེད་ཅེས་བཤད། ༢༠༡༦་ལོར་དབྱིན་ཇིར་མང་མོས་འོས་འདེམས་བྱས་ནས་ཡུ་རོབ་མཉམ་འབྲེལ་ཁོངས་སུ་འདུག་རྒྱུ་མིན་པའི་ཐག་བཅད་པས་རྒྱལ་ཁབ་༢༨་ཀྱི་སྒྲིག་འཛུགས་དེར་ས་ཁམས་ཆབ་སྲིད་ཀྱི་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས།

ཨར་ལན་ཌིའི་གཞུང་གིས་དབྱིན་ཇི་གྲོས་མཐུན་བཞག་སྟེ་ཡུ་རོབ་མཉམ་འབྲེལ་ཁོངས་ནས་བྱ་དགོས། གྲོས་མཐུན་འཇོག་མ་ཐུབ་ན་དབྱིན་ཇི་དང་ཨར་ལན་ཌའི་ས་མཚམས་ཀྱི་འགྲིམ་འགྲུལ་དང་སྐྱེལ་འདྲེན། འགོག་སྲུང་བཅས་ལ་གྲོས་བསྡུར་བྱས་ནས་དོན་དངོས་ལ་མཐུན་པ་དང་ཁྲིམས་མཐུན་གྱི་གྲོས་མཐུན་ཞིག་འཇོག་དགོས། ཨར་ལན་ཌིའི་གཞུང་གིས་དབྱིན་ཇིའི་ཁས་ལེན་ཙམ་ལ་བརྟེན་ནས་ས་མཚམས་སྔར་བཞིན་སྒོ་ཕྱེས་ནས་འཇོག་མི་ཐུབ་ཅེས་ཉེན་བརྡ་བཏང་ཡོད་པ་དང་། སྲིད་བློན་ཇཱོན་སན་གྱིས་གྲོས་མཐུན་མ་བྱུང་ཡང་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་རྒྱུ་ཡིན་ཟེར་གྱི་ཡོད་པ་ནི་འཇར་མན་ཎི་དང་ཧྥ་རན་སི་ལ་གནོན་ཤུགས་སྤྲོད་ཐབས་ཤིག་རེད། ཧྥ་རན་སི་དང་འཇར་མན་གཉིས་ཀྱིས་ཡུ་རོབ་མཉམ་འབྲེལ་ཁོངས་སུ་མཁྲེགས་འཛིན་བྱས་ཏེ་དབྱིན་ཇི་ལ་ཁེ་ཕན་ཡོད་པའི་གྲོས་མཐུན་ཞིག་འཇོག་ཏུ་འཇུག་གི་མེད་ཅིང་། ཧྥ་རན་སི་དང་འཇར་མན་ཎི་གཉིས་ཀྱིས་དབྱིན་ཇི་ལ་དཀའ་ངལ་མེད་པ་དང་ཁེ་ཕན་ཡོད་པའི་གྲོས་མཐུན་ཞིག་བཞག་ན་རྒྱལ་ཁབ་གཞན་པའང་སྒྲིག་འཛུགས་དེ་ནས་ཕྱིར་འཐེན་བྱ་སྲིད་པའི་བློ་འཚབ་བྱེད་ཀྱི་ཡོད་པ་རེད་ཅེས་ཉམས་ཞིབ་པ་ཚོས་གླེང་འདུག

XS
SM
MD
LG