ངོ་འཕྲད་བདེ་བའི་དྲ་འབྲེལ།

དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་བགྲོ་གླེང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཕྱི་ཟླ་༢་ཚེས་༡༩་ཉིན་གྱི་དགོང་མོར་ཨ་མི་རི་ཀའི་ནེ་ཝྭ་དྷ་མངའ་སྡེའི་ལཱ་སི་ཝྭེ་གྷ་གྲོང་ཁྱེར་དུ་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་༦་གི་བགྲོ་གླེང་ཚོགས། ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་པ་མེ་ཁཱལ་བྷུ་ལུམ་བྷག་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་རྣམས་ཀྱི་བགྲོ་གླེང་ལ་ཐེངས་དང་པོར་ཞུགས། ཁོ་པར་ཝྭར་མོང་ཊི་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་བྷར་ཎི་སན་ཌར་དང་མེ་ནི་སོ་ཊ་མངའ་སྡེའི་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཨེ་མཱི་ཁོལ་བྷ་ཆཱར། ལྷག་པར་དུ་མཱེ་སེ་ཆུ་སེ་ཊི་མངའ་སྡེའི་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཨ་ལི་ཛ་བྷེ་ཐེ་ཝོ་རེན་བཅས་ཀྱིས་སྐྱོན་འཛུགས་དང་དགག་པ་དྲག་པོ་བརྒྱབ་སྟེ་ཉེ་དུས་ཤིག་ནས་མེ་ཁཱལ་ལུམ་བྷག་ལ་དམངས་གཙོ་ཚོགས་པའི་ཁོངས་སུ་རྒྱབ་སྐྱོར་པ་ཇེ་མང་དུ་འགྲོ་བཞིན་པར་འགོག་ཐབས་སུ་འབད། ཁོ་ཚོའི་སྐྱོན་བརྗོད་བྱ་ཡུལ་གཙོ་བོ་ཞིག་ནི་མེ་ཁཱེལ་བྷུ་ལུམ་བྷག་གིས་རང་གི་བཟོ་ཚོང་ལས་ཁང་གི་བུད་མེད་ལས་བྱེད་པ་ཚོར་དམའ་འབེབས་དང་མི་རིགས་ནག་པོར་མཐོང་ཆུང་བྱས་པའི་ལོ་རྒྱུས་ཡོད། ཁོ་པ་སྒེར་གྱིས་ཨ་སྒོར་དུང་ཕྱུར་༤་ལྷག་འགྲོ་གྲོན་བཏང་ནས་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་སྤེལ་གྱི་འདུག ཁོ་པས་སྒེར་དངུལ་འགྲོ་གྲོན་བཏང་ནས་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་འདེམས་སྒྲུག་གི་འོས་འདེམས་ཉོ་ཐབས་བྱེད་བཞིན་འདུག ད་སྔ་ཨ་རིའི་མངའ་སྡེ་༤་ལ་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་འདེམས་སྒྲུག་གི་སྔོན་འགྲོའི་འོས་འདེམས་བྱས་པ་ཁག་ལ་མེ་ཁཱལ་བྷུ་ལུམ་བྷག་མཉམ་ཞུགས་བྱས་མ་སོང་ཞེས་དགག་པ་དྲག་པོ་བརྒྱབ།

གྲོས་ཚོགས་གོང་མའི་འཐུས་མི་ཨེ་མཱི་ཁོལ་བྷ་ཆར་གྱིས་ཨ་མི་རི་ཀ་བ་ཚོས་སྲིད་འཛིན་ཌོ་ནལ་ཊམ་ལ་བལྟས་ནས་ང་ཚོར་ཌོ་ནལ་ཊམ་ལས་ལྷག་པའི་སྲིད་འཛིན་འབྱོར་ལྡན་པ་ཞིག་མི་དགོས་ཟེར་ངེས་རེད་ཅེས་དགག་པ་བརྒྱབ། མེ་ཁཱལ་བྷུ་ལུམ་བྷག་འཛམ་གླིང་གི་འབྱོར་ལྡན་པ་ཨང་༡༢་པ་ཡིན་པས་སྒེར་གྱིས་འགྲོ་གྲོན་བཏང་ནས་འོས་འདེམས་ལས་འགུལ་སྤེལ་ནས་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་ལས། དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་རྩོད་པ་གཞན་ལྟར་རང་གི་རྒྱབ་སྐྱོར་པ་དང་ཨ་རིའི་མི་དམངས་ལ་ཞལ་འདེབས་སློང་ནས་སྲིད་འཛིན་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་སྤེལ་གྱི་མེད་ཅིང་། ༢༠༠༩་ལོར་མེ་ཁཱལ་བྷུ་ལུམ་བྷག་ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་གྱི་སྤྱི་ཁྱབ་འོས་འདེམས་ལ་ལངས་པའི་སྐབས་སུ་བགྲོ་གླེང་དང་རྩོད་སྡུར་ལ་ཞུགས་ནས་བཟུང་། མདང་དགོང་བར་དུ་འོས་འདེམས་ཀྱི་བགྲོ་གླེང་དང་རྩོད་སྡུར་ཆེན་པོ་ཞིག་ལ་ཞུགས་མྱོང་མེད། ཁོ་པས་སྲིད་འཛིན་འོས་མིའི་འགྲན་རྩོད་པ་གཞན་ལྟར་དགག་ལན་ནན་པོ་དང་མྱུར་པོ། འོས་མི་གཞན་ཚོས་སྐད་ཆ་བཤད་པའི་དུས་སུ་བར་དུ་འཚངས་ནས་འཕྲལ་མར་དགག་པ་རྒྱག་པ་དང་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་འདེམས་སྒྲུག་གི་བགྲོ་གླེང་ལ་མཉམ་ཞུགས་བྱ་རྒྱུའི་འདུན་པ་དྲག་པོ་ཡོད་པའི་རྣམ་འགྱུར་ཞིག་སྟོན་ཐུབ་མེད་པ་རེད།

འོས་མི་གཞན་ལྟར་ཁ་ཤོམ་ཆེན་པོ་དང་ཧམ་པ་ཆེན་པོ་དེ་ཙམ་སྟོན་ཐུབ་མེད་ཀྱང་མེ་ཁཱལ་བྷུ་ལུམ་བྷག་གིས་ང་ལ་དངུལ་སྒོར་ཡོད་པ་རྣམས་ནི་ཕ་མས་བཞག་པའི་དངུལ་སྒོར་མིན། ང་ནི་མི་ཚེ་འདིར་དཀའ་ལས་བརྒྱབ་ནས་རང་ཉིད་འབྱོར་ལྡན་པར་གྱུར་པའི་མི་ཞིག་ཡིན། ངའི་དངུལ་སྒོར་མང་པོ་ཞིག་ཁོར་ཡུག་སྲུང་སྐྱོབ་དང་དམངས་གཙོ་ཚོགས་པར་འགྲོ་གྲོན་གཏོང་གི་ཡོད། ཁྱེད་ཚོས་བྷུ་ལུམ་བྷག་ཐེབས་རྩ་ཁང་གིས་འགྲོ་གྲོན་གང་དུ་གཏོང་གི་ཡོད་པ་རྩད་གཅོད་བྱས་ན་ཤེས་རྟོགས་ཐུབ། ད་ལྟ་ངས་རང་གི་དངུལ་སྒོར་རྣམས་འགྲོ་གྲོན་བཏང་ནས་སྲིད་འཛིན་ཌོ་ནལ་ཊམ་ཕམ་ཉེས་གཏོང་ཐབས་བྱེད་བཞིན་ཡོད། ང་ལ་ལོ་མང་རིང་འཛམ་གླིང་གི་མི་རིགས་སྣ་འདུས་ཟིང་འཁྲུག་ཆེ་བའི་ནེའུ་ཡོཀ་གྲོང་ཁྱེར་འཛིན་སྐྱོང་བྱས་པའི་ཉམས་མྱོང་ཡོད། འཛིན་སྐྱོང་གི་གྲུབ་འབྲས་སྟོན་རྒྱུ་ཡོད། ང་ལ་རྒྱལ་ཁབ་འཛིན་སྐྱོང་དང་ཕྱི་འབྲེལ་སོགས་ཀྱི་ཉམས་མྱོང་ཆེན་པོ་ཡོད། ཁྱེད་ཚོའི་གྲས་ཀྱི་སུ་གཅིག་ལ་མེད་པའི་ཚོང་ལས་ཀྱི་ཉམས་མྱོང་ང་ལ་ཡོད། གལ་སྲིད་དམངས་གཙོ་ཚོགས་པར་སྲིད་འཛིན་ཌོ་ནལ་ཊམ་སླར་ཡང་འདེམས་ཐོན་འབྱུང་དུ་འཇུག་འདོད་མེད་ན་སྲིད་འཛིན་ཌོ་ནལ་ཊམ་ཕམ་ཐུབ་མཁན་གྱི་མི་དེ་ང་གཅིག་པུ་ཡིན། ང་དང་ཌོ་ནལ་ཊམ་གཉིས་ནེའུ་ཡོཀ་པ་ཡིན། ངས་ཁོ་པ་ཇི་ལྟར་ཕམ་དགོས་པ་ཤེས་ཀྱིན་ཡོད་ཅེས་རང་གི་རང་ལངས་ཕྱོགས་དང་འཇོན་ཐང་རྣམས་བཤད་འདུག

ད་སྔ་ཨ་མི་རི་ཀའི་ཨ་ཡོ་ཝ་དང་ནེའུ་ཧམ་ཕུ་ཤར་མངའ་སྡེ་གཉིས་ལ་མ་གཏོགས་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་འདེམས་སྒྲུག་གི་སྔོན་འགྲོའི་འོས་འདེམས་བྱས་མེད། ད་ལྟའི་འགྲོ་ཕྱོགས་ལ་བལྟས་ན་ཨ་རིའི་རྒྱལ་ཡོངས་སུ་ཝྭོར་མོང་ཊི་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་བྷར་ཎི་སན་ཌར་ལ་རྒྱབ་སྐྱོར་པ་མང་བ་ཡོད་པའི་རྣམ་པ་ཞིག་ཐོན། ཡིན་ནའང་བྷར་ཎི་སན་ཌར་གྱིས་སྤྱི་དམངས་ཀུན་ལ་སྨན་བཅོས་དང་འཕྲོད་བསྟེན་ལྟ་སྐྱོང་གི་མཐུན་རྐྱེན་ཡོད་པ། ཨ་རིའི་སློབ་ཕྲུག་ཚོར་ཨ་སྒོར་འབུམ་ཕྲག་མང་པོའི་སློབ་ཡོན་གྱི་བུ་ལོན་ཡོད་པ་རྣམས་ཆག་ཡང་གཏོང་རྒྱུ་ཡིན། སྨན་བཅོས་དང་འཕྲོད་བསྟེན་ལྟ་སྐྱོང་ནི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཞིག་ཡིན་ཞེས་སྤྱི་ཚོགས་རིང་ལུགས་སམ། ཡང་ན་དབུལ་ཕྱུག་དོ་མཉམ་ལྟ་བུའི་ལངས་ཕྱོགས་ཤིག་བཟུང་ནས་འབྱོར་ལྡན་པ་ཚོར་སྡང་ཟུག་བྱེད་ཀྱི་ཡོད་པ་དང་། ཨ་མི་རི་ཀ་བ་དུང་ཕྱུར་༡་དང་བྱེ་བ་༦་ལྷག་ལ་སྒེར་གྱི་སྨན་བཅོས་དང་འཕྲོད་བསྟེན་ལྟ་སྐྱོང་གི་ཆ་རྐྱེན་ཡོད་པ་རྣམས་མེད་པར་གཏོང་གི་ཡོད་པས་ལོ་འདིའི་སྲིད་འཛིན་འོས་འདེམས་སྐབས་སུ་བྷར་ཎི་སན་ཌར་ལ་སྤྱི་ཡོངས་ཀྱི་འོས་ཤོག་འཐོབ་ཐུབ་རྒྱུ་ཁག་པོ་ཡིན་སྲིད། དེར་བརྟེན་ཌོ་ནལ་ཊམ་ལ་སླར་ཡང་ཕྱི་ཟླ་༡༡་པའི་འོས་འདེམས་དུས་སུ་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

ད་ལོའི་ཕྱི་ཟླ་༧་པར་དམངས་གཙོ་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་འཚོགས་ནས་སྲིད་དོན་ཚོགས་པ་དེའི་སྲིད་འཛིན་འོས་མི་གཏན་ཁེལ་བྱ་དགོས། དེའི་སྔོན་ལ་ཨ་མི་རི་ཀའི་མངའ་སྡེ་༥༠་པར་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་འདེམས་སྒྲུག་གི་སྔོན་འགྲོ་འོས་འདེམས་བྱ་དགོས་པར་མ་ཟད། ཕྱི་ཟླ་༣་པའི་ཚེས་༣་ཉིན་ཨ་མི་རི་ཀའི་མངའ་སྡེ་༡༤་ལ་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་འདེམས་སྒྲུག་གི་སྔོན་འགྲོའི་འོས་འདེམས་བྱེད་ཀྱི་ཡོད་ཅིང་། མངའ་སྡེ་༡༤་ཡི་སྔོན་འགྲོའི་འོས་འདེམས་རྗེས་སུ་མེ་ཁཱལ་བྷུ་ལུམ་བྷག་ལ་འོས་ཤོག་མང་པོ་ཞིག་འཐོབ་རྒྱུའི་རྩིས་རྒྱག་གི་ཡོད་པ་སྟེ། ད་ནས་ཉི་མ་༡༢་ཀྱི་རྗེས་སུ་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་རྩོད་པ་ཁག་ཅིག་ཕྱིར་འཐེན་བྱ་སྲིད། མཐར་བྷར་ཎི་སན་ཌར་དང་མེ་ཁཱལ་བྷུ་ལུམ་བྷག་གཉིས་ཀྱི་གང་རུང་ཞིག་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་འདེམས་སྒྲུག་བྱེད་ཐུབ་པའི་ཚོད་དཔག་བྱེད་ཀྱི་ཡོད་ཀྱང་ཨ་རིའི་དམངས་གཙོ་ཚོགས་པར་དཀའ་ངལ་ཆེན་པོ་གཉིས་ཡོད་པ་ནི་མེ་ཁཱལ་བྷུ་ལུམ་བྷག་སྲིད་དོན་ཚོགས་པ་དེའི་སྲིད་འཛིན་འོས་མིར་འདེམས་སྒྲུག་མ་བྱས་ན་སྲིད་འཛིན་ཌོ་ནལ་ཊམ་ཕམ་ཉེས་གཏོང་དཀའ། མེ་ཁཱལ་བྷུ་ལུམ་བྷག་སྲིད་འཛིན་འོས་མིར་འདེམས་སྒྲུག་བྱས་ན་བྷར་ཎི་སི་ཌར་གྱི་རྒྱབ་སྐྱོར་པ་ཚོར་ཕོག་ཐུག་སོང་སྟེ། ཁོ་ཚོས་མེ་ཁཱལ་བྷུ་ལུམ་བྷག་ལ་འོས་ཤོག་མ་འཕངས་པར་དམངས་གཙོ་ཚོགས་པར་བསྐྱར་དུ་སྲིད་འཛིན་འོས་འདེམས་ཀྱི་ཕམ་ཉེས་འབྱུང་སྲིད་པའི་ཉེན་ཁ་ཡོད་པ་རེད།།

XS
SM
MD
LG