ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ལ་འཚམས་འདྲིར་ཕེབས་རྒྱུ་ཕྱིར་འགྱངས།


༄༅།། རྒྱ་ནག་གིས་ཨ་རིའི་མོན་ཊ་ན་མངའ་སྡེའི་མཁའ་དབྱིངས་སུ་ལྒང་བུ་ཞིག་བཏང་བ་དང་ཨ་རིའི་རྒྱལ་སྲུང་ལྷན་ཁང་ནས་རྒྱ་ནག་གིས་མཁའ་དབྱིངས་ལྒང་བུ་ཞིག་བཏང་བ་དེ་གསང་བའི་གནས་ཚུལ་བསྡུ་རུབ་བྱེད་པའི་ཆེད་དུ་རེད་ཅེས་འགྲེལ་བཤད་བརྒྱབ་སྟེ་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་རྒྱ་ནག་ལ་འཚམས་འདྲིར་ཕེབས་འཆར་ཡོད་པ་ཕྱིར་འགྱངས་བྱས་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༢་པའི་ཚེས་༣་ཉིན་ནེའུ་ཡོག་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གཞུང་གིས་ལྒང་བུ་དེ་གནམ་གཤིས་བརྟག་དཔྱད་བྱེད་སྤྱད་དང་ཞི་བའི་ལས་ལས་དོན་ཆེད་དུ་ཡིན། སྒང་བུ་དེའི་འཕུར་ལམ་འཆོལ་ནས་ཨ་རིའི་མཁའ་དབྱིངས་སུ་ཕྱིན་པ་རེད་ཅེས་བཀྲལ། གཟའ་འཁོར་འདིར་ཨ་མི་རི་ཀས་རང་གི་མཁའ་དབྱིངས་སུ་རྒྱ་ནག་གི་ལྒང་བུ་ཞིག་འཕུར་སྐྱོད་བྱེད་ཀྱི་ཡོད་པ་རྩོད་གཅོད་བྱུང་བ་ཡོངས་གྲགས་བྱུང་བའི་གནས་ཚུལ་ཐོན། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ལས་སྣེ་ཚོས་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་རྒྱ་ནག་ལ་འཚམས་འདྲིར་ཕེབས་རྒྱུ་ཕྱིར་འགྱངས་བྱས་པ་རེད་ཅེས་ངེས་གཏན་བྱས་པ་དང་ལྒང་བུའི་གནས་ཚུལ་དེ་ཨ་རིའི་བདེ་འཇགས་ལ་ཧ་ཅང་གི་ཚོར་སྐྱེན་རྣོན་པོ་ཞིག་རེད་ཅེས་བཤད་འདུག

གཟའ་པ་སངས་ཉིན་རྒྱ་ནག་གཞུང་གིས་གནས་ཚུལ་དེ་ཛ་དྲག་ཆེ་རུ་མི་གཏོང་བའི་ཆེད་དུ་ལྒང་བུ་དེ་དམག་དོན་ལ་འབྲེལ་བ་མེད་དང་འཕུར་ལམ་འཆོལ་ནས་ཨ་རིའི་མཁའ་དབྱིངས་སུ་འཕུར་སྐྱོད་བྱུང་བར་བློ་ཕམ་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། ཁ་སང་གཟའ་ཕུར་བུའི་ཉིན་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་མོན་ཊ་ན་མངའ་སྡེའི་མཁའ་དབྱིངས་སུ་ལྒང་བུ་ཞིག་འཕུར་གྱི་འདུག ལྒང་བུ་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བཏང་བ་ཡིན་ཤས་ཆེ་གསལ་བསྒྲགས་སྤེལ། དེར་བརྟེན་དེ་རིང་གཟའ་པ་སངས་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་སྒང་བུ་དེ་རྒྱ་ནག་གི་ཡིན་པ་ངོས་ལེན་བྱས་པ་དང་འཕུར་ལམ་འཆོལ་བ་རེད་ཅེས་བསྐྱར་དུ་བཟློས། ཨ་རིའི་མོན་ཊ་ན་མངའ་སྡེའི་ནང་དུ་གླིང་བརྒལ་འཕེན་ཕོག་འཕུར་མདེལ་༡༥༠་བཙུགས་ཡོད་པ་དང་ཨ་རིའི་དམག་དོན་གྱི་ལྟེ་གནས་གཙོ་བོ་ཞིག་ཡིན་པའི་གནས་ཚུལ་ཐོན་འདུག

ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཨོ་སི་ཊོན་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཧྥི་ལིན་ཕིན་ལ་འཚམས་འདྲིར་ཕེབས་ཡོད་པའི་སྐབས་དེར་རྒྱ་ནག་གི་ལྒང་བུ་ཞིག་ཨ་རིའི་མཁའ་དབྱིངས་སུ་བཏང་བའི་གནས་ཚུལ་ཐོན། ཁོང་གིས་འཕྲལ་དུ་དྲྭ་ལམ་ནས་ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་མཐོ་རིམ་ལས་སྣེ་ཚོར་གནད་དོན་དེའི་ཐོག་ཏུ་གྲོས་སྡུར་གནང་བར་མ་ཟད། སྲིད་འཛིན་བྷ་ཌན་ལའང་རྒྱ་ནག་གི་ལྒང་བུ་དེའི་ཉེན་ཚབས་སོགས་སྙན་སེང་ཞུས། འདས་པའི་ལོ་ཤས་རིང་ཨ་རི་དང་རྒྱ་ནག་གི་འབྲེལ་བ་སྡུག་ཏུ་ཕྱིན་པ་དང་རྒྱ་ནག་གིས་ཨ་མི་རི་ཀར་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་འབོད་བརྩོན་བྱེད་བཞིན་པའི་སྐབས་སུ་རྒྱ་ནག་གི་ལྒང་བུ་ཞིག་ཨ་རིའི་མཁའ་དབྱིངས་སུ་བཏང་སྟེ་སླར་ཡང་པེ་ཅིང་དང་ཝ་ཤིང་ཊོན་གྱི་འབྲེལ་བར་འགལ་ཟླ་བསླངས། ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་རྒྱ་ནག་ལ་འཚམས་འདྲིར་ཕེབས་འཆར་ཡོད་པ་ཕྱིར་འགྱངས་བྱ་དགོས་བྱུང་ཞིང་། ཉམས་ཞིབ་པ་ཕལ་ཆེ་བས་ལྒང་བུའི་གནས་ཚུལ་འདིས་ཨ་རི་དང་རྒྱ་ནག་གི་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་དེར་འགོག་རྐྱེན་གསར་པ་ཞིག་བཟོས་པ་རེད་ཅེས་གླེང་སློང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG