ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

སྲིད་འཛིན་བྷ་ཌན་དང་ཞིས་ཅིན་ཕིང་གི་དྲྭ་ལམ་ཐུག་འཕྲད། 


༄༅།། སྲིད་འཛིན་ཇཱོ་བྷ་ཌན་དང་ཞིས་ཅིན་ཕིང་གཉིས་ཕྱི་ཟླ་༡༡་པའི་ཚེས་༡༥་ཉིན་གྱི་ཕྱི་དྲོར་དྲྭ་ལམ་དུ་ཐུག་འཕྲད་བྱ་རྒྱུའི་མཛད་རིམ་བཀོད་སྒྲིག་བྱས་ཡོད་ཀྱང་མཐའ་མའི་གཏན་ཁེལ་ཡིན་ཞེས་ཕོ་བྲང་དཀར་པོའི་ལས་སྣེ་ཚོས་གསལ་བསྒྲགས་སྤེལ་མེད་ཅིང་། དེ་རིང་ཕྱི་ཟླ་༡༡་པའི་ཚེས་༡༡་ཉིན་ཨ་རིའི་པོ་ལི་ཊི་ཀོ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་མིག་དམར་ཉིན་སྲིད་འཛིན་བྷ་ཌན་དང་ཞིས་ཅིན་ཕིང་གཉིས་ཀས་ཨ་རི་དང་རྒྱ་ནག་གི་རྒྱལ་ཡོངས་འབྲེལ་ལམ་མཐུན་ཚོགས་ཚུགས་ནས་ལོ་༥༥་འཁོར་བའི་དགའ་སྟོན་ལ་རྟེན་འབྲེལ་གྱི་གནས་འཕྲིན་རེ་སྤྲིངས་ཏེ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཡོད་ཅེས་བཀོད། ཞིས་ཅིན་ཕིང་གི་གནས་འཕྲིན་དེ་ཝ་ཤིང་ཊོན་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་ཆིན་གཱང་གིས་སྒྲོགས་སྦྱངས་ཞུས། ཞིས་ཅིན་ཕིང་གིས་ང་ཚོས་ཨ་མི་རི་ཀར་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་དང་ཕྱོགས་ཡོངས་ནས་མཉམ་འབྲེལ་བྱས་ཏེ་ཨ་རྒྱའི་འབྲེལ་བ་སླར་གསོ་བྱ་རྒྱུའི་གྲ་སྒྲིག་ཡོད་ཅེས་བསྒྲགས། སྲིད་འཛིན་བྷ་ཌན་གྱི་གནས་འཕྲིན་དེ་ཨ་རི་དང་རྒྱ་ནག་གི་རྒྱལ་ཡོངས་འབྲེལ་ལམ་མཐུན་ཚོགས་ཀྱི་གཙོ་འཛིན་ཇཱེ་ཀོབ་ལཱེའུ་ཡི་བཀླགས། སྲིད་འཛིན་བྷ་ཌན་གྱིས་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་གནམ་གཤིས་འགྱུར་ལྡོག་ལས་བྱུང་བའི་དཀའ་ངལ་རྣམས་སེལ་པར་ཨ་རི་དང་རྒྱ་ནག་གི་འབྲེལ་བ་འཛམ་གླིང་ཡོངས་སུ་གནད་འགག་ཆེན་པོ་ཡིན་ཞེས་འཁོད། འདས་པའི་ཟླ་བ་མང་པོར་བྷ་ཌན་དང་ཞིས་ཅིན་ཕིང་གཉིས་དྲྭ་ལམ་དང་དངོས་སུ་ཐུག་འཕྲད་བྱེད་ཐུབ་རྒྱུ་ཡིན་མིན་ལ་ཚོད་དཔག་སྣ་ཚོགས་ཤིག་བྱུང་། ཕོ་བྲང་དཀར་པོའི་ལས་སྣེ་ཚོས་ལོ་འདི་མཇུག་མ་སྒྲིལ་གོང་དུ་སྲིད་འཛིན་བྷ་ཌན་དང་ཞིས་ཅིན་ཕིང་གཉིས་ཐུག་འཕྲད་བྱེད་ཐུབ་ཅེས་བཤད། ཨ་རྒྱ་གཉིས་ཀས་བྷ་ཌན་དང་ཞིས་ཅིན་ཕིང་གི་ཐུག་འཕྲད་འདིར་དོགས་ཟོན་གྱི་སྒོ་ནས་འབྲས་བུ་ཞིག་འཐོན་ཐུབ་རྒྱུའི་རེ་ལྟོས་འཆང་གི་ཡོད་པའི་གནས་ཚུལ་ཐོན་འདུག

ཨ་རིའི་སྲིད་དོན་ཉམས་ཞིབ་པ་ཚོས་སྲིད་འཛིན་བྷ་ཌན་དང་ཞིས་ཅིན་ཕིང་གཉིས་ཀྱི་དྲྭ་ལམ་ཐུག་འཕྲད་བརྒྱུད་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་མི་འགྲོ་བ། ཐེ་ཝན་དང་ཧོང་ཀོང་། ཞིན་ཅང་གི་གནད་དོན་སོགས་དཀའ་ངལ་ཆེ་ཁག་རྣམས་སེལ་མི་ཐུབ་ཀྱང་ཨ་རི་དང་རྒྱ་ནག་གིས་རྡུལ་ཕྲན་མཚོན་ཆ་ཚོད་འཛིན་དང་ཐོངས་མཆན་སྤྲོད་རྒྱུ་བཀག་ཡོད་པ་ཕྱིར་འཐེན། ཨ་རྒྱའི་ཚོང་དོན་ལ་འགོག་རྐྱེན་མང་དག་ཅིག་འཕྲད་ཡོད་པ་རྣམས་སེལ་ཐབས་ཀྱི་རྨང་གཞི་ཞིག་འཛུགས་ཐབས། དེང་སྐབས་ཨ་རྒྱ་གཉིས་ཀྱི་འབྲེལ་བ་ནིཁ་གཏད་གདོང་ཐུག་ཅིག་ལ་གྱུར་ཡོད་པ་མཉམ་འབྲེལ་གྱི་ཕྱོགས་སུ་ཁ་ལོ་བསྒྱུར་ཐུབ་རྒྱུའི་གོ་སྐབས་ཤིག་ཡོད་སྲིད་ཅེས་གནས་ཚུལ་སྤེལ། སྲིད་འཛིན་བྷ་ཌན་གྱི་རྒྱལ་སྲུང་སློབ་སྟོན་པ་ཇཱེཀ་སུ་ལི་ཝྭན་གྱིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། སྲིད་འཛིན་བྷ་ཌན་གྱིས་ཞིས་ཅིན་ཕིང་ལ་གདོང་ཐུག་ནས་གྲོས་མོལ་བྱེད་འདོད་ཡོད་ཀྱང་ཞིས་ཅིན་ཕིང་རྒྱ་ནག་ནས་ཕྱི་ལ་ཕེབས་ཀྱི་མེད་པ་དང་རྒྱལ་སྤྱིའི་ཚོགས་ཆེན་ཁག་ལའང་ཞུགས་ཀྱི་མེད་པས་སྲིད་འཛིན་བྷ་ཌན་དང་ཞིས་ཅིན་ཕིང་གཉིས་དྲྭ་ལམ་དུ་ཐུག་འཕྲད་བྱེད་ཀྱི་ཡོད་ཅེས་བཤད། ཞིས་ཅིན་ཕིང་གིས་བདག་དབང་དང་མངའ་ཁོངས་གོང་བུ་གཅིག་གྱུར་རྩ་འཛིན་བྱ་རྒྱུ་དང་བྷ་ཌན་གྱིས་ཁྲིམས་ཀྱིས་དབང་སྒྱུར་གཞི་རྩར་བཟུང་བའི་རྒྱལ་སྤྱིའི་སྒྲིག་སྲོལ་གཙིགས་སུ་འཛིན་རྒྱུ། ད་སྔ་ཨ་རྒྱ་གཉིས་ཀྱིས་རང་གི་ལྟ་བ་དང་ལངས་ཕྱོགས་གསལ་སྟོན་བྱས་ཟིན་པ་དེ་དག་གི་ཐོག་ཏུ་གུ་བཤངས་སོར་གང་ཡོང་ཐུབ་རྒྱུའི་རྟགས་མཚན་བྲལ། བྷ་ཌན་དང་ཞིས་ཅིན་ཕིང་གཉིས་ཀྱི་དྲྭ་ལམ་ཐུག་འཕྲད་འདིའི་དམིགས་ཡུལ་གཙོ་བོ་ནི་ལོ་འདིའི་ཕྱི་ཟླ་༣་པར་ཨ་རི་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཉིས་ཀྱི་ཐུག་འཕྲད་གྲོས་མོལ་ཡག་པོ་མ་བྱུང་བ་དང་ཕྱི་ཟླ་༧་པར་ཨ་རྒྱའི་ཕྱི་སྲིད་བློན་ཆེན་གཞོན་པ་གཉིས་ཀྱི་ཐུག་འཕྲད་གྲོས་མོལ་ཡག་པོ་མ་བྱུང་བ། ཕྱི་ཟླ་༩་པར་སྲིད་འཛིན་བྷ་ཌན་གྱི་གནམ་གཤིས་ལས་དོན་དམིགས་བསལ་སྐུ་ཚབ་ཇཱོན་ཁེ་རི་རྒྱ་ནག་ལ་ཕེབས་ནས་གྲོས་མོལ་ཡག་པོ་མ་བྱུང་བའི་འགལ་ཟླ་རྣམས་སེལ་ཐབས་ཤིག་ཡིན་འདུག

ཨ་རིའི་ཁེ་ལི་ཧྥོར་ཎི་ཡ་སློབ་གྲྭ་ཆེན་མོའི་རྒྱ་ནག་གི་ཆབ་སྲིད་ཉམས་ཞིབ་པ་ཝྭིཀ་ཊོར་ཧྲི་ཞེས་པ་ཞིག་གིས་སི་ཨེན་ཨེན་གསར་འགྱུར་ལས་ཁང་ལ་བཤད་པ་ལྟར་ན། བྷ་ཌན་དང་ཞིས་ཅིན་ཕིང་གི་དྲྭ་ལམ་ཐུག་འཕྲད་དེ་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་ཐུབ་རྒྱུའི་བཟང་ལྟས་ཤིག་རེད། ངས་བལྟས་ན་གཟའ་འཁོར་རྗེས་མའི་ཐུག་འཕྲད་དེ་ཨ་རི་དང་རྒྱ་ནག་གི་འབྲེལ་བ་རྒྱུན་ལྡན་དུ་འགྱུར་ཐུབ་རྒྱུའི་རྟགས་སུ་མངོན། སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་དུས་སྐབས་ནས་ཨ་རི་དང་རྒྱ་ནག་གི་འབྲེལ་བ་སྡུག་ཏུ་ཕྱིན་པ་རེད། རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་དང་ཚོང་དོན་ལྷན་ཁང་གཉིས་ཀས་ཨ་རྒྱའི་འབྲེལ་བ་སླར་གསོ་འབྱུང་ཐབས་ལ་ཤུགས་སྣོན་རྒྱག་གི་འདུག་ཅེས་བསྟན། ཁ་སྔོན་ཕྱི་ཟླ་༩་པའི་ནང་དུ་སྲིད་འཛིན་བྷ་ཌན་དང་ཞིས་ཅིན་ཕིང་གཉིས་ཀས་ཁ་པར་ནང་དུ་དུས་ཡུན་ཆུ་ཚོད་གཅིག་དང་ཕྱེད་ཀར་བཀའ་མོལ་གནང་ཞིང་། ཕོ་བྲང་དཀར་པོའི་ལས་སྣེ་ཚོས་འགོ་ཁྲིད་རྣམ་གཉིས་ཀྱིས་འཐབ་ཇུས་ཀྱི་བརྗོད་གཞི་རྒྱ་ཆེན་པོ་ཞིག་ལ་བཀའ་མོལ་གནང་སྟེ་ཕྱོགས་གཉིས་ཀྱི་ཁེ་ཕན་ལ་མཐུན་པ་དང་མི་མཐུན་པ། ཕྱོགས་གཉིས་ཀྱི་ལྟ་གྲུབ་མཐུན་ས་དང་མི་མཐུན་ས་ཡོད་པ་རྣམས་གསལ་སྟོན་བྱེད་པའི་གོ་སྐབས་ཡག་པོ་ཞིག་བྱུང་སོང་། སྲིད་འཛིན་བྷ་ཌན་དང་ཞིས་ཅིན་ཕིང་གཉིས་ཨ་རི་དང་རྒྱ་ནག་གིས་འགན་འཁྲི་བླངས་ནས་འགྲན་སྡུར་བྱ་རྒྱུ། རྩོད་གཞི་ཅན་གྱི་གནད་དོན་ཁག་ལ་ཕྱོགས་གཉིས་ཀྱིས་གྲོས་མོལ་གསང་པོ་དང་ཕྱི་གསལ་ནང་གསལ་གྱི་སྒོ་ནས་གོ་སྡུར་བྱེད་དགོས་པའི་གྲོས་མཐུན་བྱུང་ཡོད་ཅེས་གསལ་བསྒྲགས་ཤིག་བཀླགས། ཞིས་ཅིན་ཕིང་རྒྱ་ནག་ནས་ཕྱི་ལ་མ་ཐོན་པར་ལོ་གཉིས་འགྲོ་གྲབས་ཡོད་པར་མ་ཟད། བདུན་ཕྲག་སྔོན་མར་སྲིད་འཛིན་བྷ་ཌན་གྱིས་འཛམ་གླིང་གི་གནམ་གཤིས་ཚོགས་ཆེན་ཐོག་ཏུ་རྒྱ་ནག་དང་ཨུ་སུ་རུ་གཉིས་ལ་སྐྱོན་བརྗོད་བྱས་ཤིང་། ཞིས་ཅིན་ཕིང་དང་ཕུ་ཊིན་གཉིས་རྒྱལ་སྤྱིའི་གཤམ་གཤིས་ཚོགས་ཆེན་ལ་མ་ཞུགས་པ་ནི་འགན་འཁྲི་མ་བླངས་པ་རེད་ཅེས་སྐྱོན་བཙུགས།།

སྲིད་དོན་ཉམས་ཞིབ་པ་ཕལ་ཆེ་བས་ཨ་རི་དང་རྒྱ་ནག་གི་འགལ་ཟླའི་འབྱུང་རྩ་ཆེན་པོ་ཞིག་ཐེ་ཝན་ཡིན་ཞིང་། རྒྱ་ནག་གིས་ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་དམག་འཐབ་གནམ་གྲུ་བཏང་ནས་འཇིགས་སྐུལ་བྱེད་ཀྱི་ཡོད་པ་མཚམས་འཇོག་མ་བྱས་པ་དང་ཨ་མི་རི་ཀས་ཐེ་ཝན་ལ་མཚོན་ཆ་བཙོངས་ནས་དམག་སྦྱོང་སྤྲོད་ཀྱི་ཡོད་པ་མཚམས་འཇོག་མ་བྱས་པ། ལྷག་པར་དུ་ཨ་རི་གཙོས་རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་ལ་རྒྱབ་སྐྱོར་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་བཅས་ཀྱིས་ཨ་རྒྱའི་འབྲེལ་བ་སྔ་སོར་ཆུད་ཐུབ་རྒྱུ་ཁག་པོ་རེད་ཅེས་གླེང་། ཕྱི་ཟླ་༡༡་པའི་ཚེས་༡༠་ཉིན་ཨ་རིའི་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ༡༩༧༩་ལོར་ཨ་རིའི་གྲོས་ཚོགས་ཀྱིས་ཐེ་ཝན་ལ་འབྲེལ་བ་འཛིན་ཕྱོགས་ཀྱི་ཁྲིམས་ཡིག་གཏན་འབེབས་བྱུང་ཡོད་པ་རྒྱ་ནག་གིས་ཁྲིམས་འགལ་དང་རྩིས་མེད་ཀྱི་བཅའ་ཁྲིམས་ཤིག་རེད་ཅེས་བསྒྲགས། ཁ་སང་གཟའ་ལྷག་པའི་ཉིན་རྒྱ་ནག་སྐམ་ས་ཆེན་མོའི་ཐེ་ཝན་ལས་དོན་ལྷན་ཁང་གི་མགྲིན་ཚབ་པ་ཀྲུའུ་ཧྥེང་ལཱེན་གྱིས་ཨ་རིའི་ཐེ་ཝན་ལ་འབྲེལ་བ་འཛིན་ཕྱོགས་ཀྱི་ཁྲིམས་ཡིག་ཟེར་བ་དེར་ངོས་ལེན་མེད། ཨ་མི་རི་ཀས་རྒྱ་ནག་གཅིག་གི་རྩ་དོན་ཁས་ལེན་བྱེད་ཀྱི་ཡོད་པ་དང་ཐེ་ཝན་ལ་འབྲེལ་བ་འཛིན་ཕྱོགས་ཀྱི་ཁྲིམས་ཡིག་ལག་བསྟར་བྱེད་ཀྱི་ཡོད་པ་གཉིས་རྒྱབ་འགལ་རེད་ཅེས་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་ཐེ་ཝན་ལ་འཚམས་འདྲིར་ཕེབས་པར་སྐྱོན་བརྗོད་བྱས་འདུག ལོ་༤༠་ལྷག་གི་སྔོན་དེར་ཨ་རིའི་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་ཐེ་ཝན་ལ་འབྲེལ་བ་འཛིན་ཕྱོགས་ཀྱི་ཁྲིམས་ཡིག་དེར་ཨ་མི་རི་ཀས་ཐེ་ཝན་ལ་རང་སྲུང་མཚོན་ཆ་བཙོང་རྒྱུ། རྒྱ་ནག་དང་ཐེ་ཝན་གཉིས་ཞི་བའི་སྒོ་ནས་གཅིག་གྱུར་བྱ་དགོས། ཨ་མི་རི་ཀས་མུ་མཐུད་དུ་ཐེ་ཝན་ལ་གཞུང་འབྲེལ་མ་ཡིན་པའི་འབྲེལ་བ་འཛིན་དགོས་ཞེས་བཀོད། ༡༩༨༢་ལོར་བཞག་པའི་ཨ་རྒྱའི་གྲོས་མཐུན་ནང་དུ་ཨ་མི་རི་ཀས་ཐེ་ཝན་ལ་མཚོན་ཆ་འཚང་གི་ཡོད་པ་མཚམས་འཇོག་གི་དུས་ཚོད་གཏན་འབེབས་བྱ་རྒྱུ་མིན། ཨ་མི་རི་ཀས་ཐེ་ཝན་ལ་འཛིན་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་འགྱུར་བ་མེད། རྒྱ་ནག་གིས་ཐེ་ཝན་ལ་བཙན་དྲག་གིས་གྲོས་མོལ་བྱེད་དུ་འཇུག་མི་ཆོག་ཅེས་འཁོད།།

དེ་རིང་གཟའ་ཕུར་བུའི་ཉིན་ཨ་རིའི་སི་ཨེན་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཞིས་ཅིན་ཕིང་གིས་ཨ་རི་དང་རྒྱ་ནག་གི་རྒྱལ་ཡོངས་འབྲེལ་ལམ་མཐུན་ཚོགས་ཏེ། གཞུང་འབྲེལ་མིན་པའི་ཚོགས་པ་དེར་སྤྲིངས་པའི་གནས་འཕྲིན་ནང་དུ་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་ནི་ཛ་དྲག་གི་དཀྱོག་མཚམས་ཤིག་ཏུ་སླེབས་འདུག ཕྱོགས་གཉིས་མཉམ་འབྲེལ་བྱེད་ན་ཁེ་ཕན་ཡོད་པ་དང་གདོང་ཐུག་བྱུང་ན་ཕམ་གྱོང་འཕོག་ངེས་རེད། མཉམ་འབྲེལ་ནི་ཡང་དག་པའི་གདམ་ཀ་དེ་རེད། ཨ་རི་དང་རྒྱ་ནག་གཉིས་མི་མཐུན་པའི་འགལ་ཟླ་ཡོད་པ་རྣམས་འོས་འཚམས་ཀྱི་ལམ་ནས་སེལ་ཐབས་བྱས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བ་སླར་གསོ་འབྱུང་རྒྱུ་དེར་ཤུགས་སྣོན་རྒྱག་དགོས་ཞེས་སྐད་ཆ་འཇམ་པོ་དང་བརྟན་པོ། རྒྱ་ནག་གི་རྒྱུན་ལྡན་གྱི་ཕྱི་འབྲེལ་མི་སྣའི་སྐད་ཆ་བཤད་སྟངས་ཀྱི་རྗོད་ཚིག་རྣམས་བཀོད། རྒྱ་ནག་གི་སྤྱང་དམག་ཏུ་གྲགས་པའི་ཕྱི་འབྲེལ་མི་སྣ་ཚོས་སྐད་ཆ་རྩུབ་པོ་དང་མ་རབས་ཀྱི་བཤད་སྟངས་དེ་དག་གི་རྗོད་ཚིག་རྣམས་མ་བཀོད། དེ་བཞིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་ཀྱང་ཞིས་ཅིན་ཕིང་གི་གནས་འཕྲིན་དེར་ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས། མཉམ་འབྲེལ་ནི་ཁེ་ཕན་ཡིན་ཞེས་བཀོད་པར་གཞིགས་ཚེ། ད་ཐེངས་རྒྱ་ནག་གཞུང་གིས་ཞིས་ཅིན་ཕིང་དང་ཇཱོ་བྷ་ཌན་གཉིས་ཐུག་འཕྲད་འབྱུང་རྒྱུ་དེར་ཤུགས་སྣོན་རྒྱག་གི་ཡོད་པ་གསལ་པོ་རེད་ཅེས་གནས་ཚུལ་སྤེལ། ཟླ་ཤས་གོང་དུ་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོས་ཞིས་ཅིན་ཕིང་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་ལ་ཐུག་འཕྲད་བྱེད་འདོད་མེད་ཅེས་ལངས་ཕྱོགས་མཁྲེགས་འཛིན་གྱི་རྣམ་འགྱུར་བསྟན་ཡོད་པ་རེད།།

XS
SM
MD
LG