ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༠༤

ཨ་རྒྱའི་དབུ་ཁྲིད་གཉིས་ཀྱི་ཐུག་འཕྲད་གྲོས་མོལ་དང་བོད་དོན།


༄༅།། ཕྱི་ཟླ་༡༡་པའི་ཚེས་༡༥་ནས་༡༧་བར་དུ་ཨ་རིའི་སན་ཧྥ་རན་སེ་སི་ཀོ་གྲོང་ཁྱེར་དུ་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་ལོ་རེའི་ཚོགས་ཆེན་ཚོགས། གཟའ་ལྷག་པའི་ཉིན་སྲིད་འཛིན་ཇཱོ་བྷ་ཌན་དང་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་གཉིས་དུས་ཡུན་ཆུ་ཚོད་༤་ལྷག་ལ་ཐུག་འཕྲད་གྲོས་མོལ་བྱུང་། སྲིད་འཛིན་བྷ་ཌན་གྱིས་གྲོས་མོལ་འགོ་འཛུགས་སྐབས་སུ་ང་དང་ཞིས་ཅིན་ཕིང་གཉིས་སྲིད་འཛིན་གཞོན་པ་ཡིན་པའི་དུས་ནས་ཐུག་འཕྲད་གྲོས་མོལ་ལྷུག་པོ་བྱུང་མྱོང་། ང་ཚོ་ངོ་ཐུག་ནས་གྲོས་མོལ་བྱས་པ་དེ་ལས་ལྷག་པའི་གྲོས་མོལ་གྱི་ཐབས་ལམ་གཞན་པ་ཅི་ཡང་མི་འདུག ང་ཚོ་རྒྱུན་དུ་གྲོས་མཐུན་འབྱུང་དཀའ་ཡང་དེ་ནི་ཡ་མཚན་དགོས་པ་ཞིག་མ་རེད། ང་ཚོའི་ཐུག་འཕྲད་གྲོས་མོལ་དེ་རྣམས་གསོང་པོ་དང་ལྷུག་པོ། ཕན་ཐོགས་ཅན་ཞིག་ཡོང་གི་འདུག ང་ཚོས་ཕན་ཚུན་འགོ་ཁྲིད་ཀྱི་ངོས་ནས་གོ་བརྡ་གསལ་པོ་འཕྲོད་ཐུབ་རྒྱུ་དང་གོ་ལོག་མི་ཐེབས་རྒྱུ་གནད་འགག་ཆེན་པོར་རྩི་བཞིན་ཡོད་ཅེས་གྲོས་མོལ་འགོ་བཙུགས། ཞིས་ཅིན་ཕིང་གིས་ལོ་༡༢་ཀྱི་གོང་དུ་ང་སྲིད་འཛིན་གཞོན་པ་ཡིན་པའི་དུས་སུ་སྲིད་འཛིན་བྷ་ཌན་ལ་ཐུག་འཕྲད་གྲོས་མོལ་བྱུང་བ་གསལ་པོར་དྲན་གྱི་འདུག ངས་དེ་ལ་བསམ་བློ་མང་པོ་གཏོང་གི་ཡོད་ཅེས་སྲིད་འཛིན་བྷ་ཌན་ལ་ཡུན་རིང་ནས་འབྲེལ་བ་ཡོད་པ་གསལ་པོར་བསྟན།།

སྔ་ལོའི་ཕྱི་ཟླ་༨་ནང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ནན་སི་པེ་ལོ་སི་དང་སྐུ་ཚབ་ཚོགས་པ་ཞིག་ཐེ་ཝན་ལ་འཚམས་འདྲིར་ཕེབས་པའི་རྗེས་སུ་རྒྱ་ནག་དང་ཨ་མི་རི་ཀའི་རྒྱལ་སྲུང་ལྷན་ཁང་གི་འབྲེལ་བ་ཆད། སྲིད་འཛིན་བྷ་ཌན་དང་ཞིས་ཅིན་ཕིང་གཉིས་ཐུག་འཕྲད་གྲོས་མོལ་བྱས་ནས་ཨ་རྒྱའི་དམག་གི་འབྲེལ་བ་སླར་གསོ་བྱུང་སྟེ་ཛ་དྲག་གི་དུས་སུ་ཨ་རིའི་སྲིད་འཛིན་དང་རྒྱ་ནག་གི་འགོ་ཁྲིད་གཉིས་ཀྱིས་ཐད་ཀར་ཁ་པར་ནང་དུ་བཀའ་མོལ་གནང་རྒྱུ། རྒྱ་ནག་ནས་མེག་སི་ཀོ་བརྒྱུད་དེ་ཨ་མི་རི་ཀར་ཧྥན་ཊེ་ནེལ་(Fentanyl)་ཟུག་གཅོག་བཟི་སྨན་ཚོང་འགྲེམ་བྱེད་ཀྱི་ཡོད་པ་བཀག་འགོག་བྱ་རྒྱུ། ཨ་རྒྱ་ཟུང་གིས་བཅོས་རིག་ལ་རྡུལ་ཕྲན་མཚོན་ཆ་སོགས་སྟངས་འཛིན་བྱེད་དུ་འཇུག་མི་ཉན་པའི་གྲོས་མོལ་བྱ་རྒྱུའི་གྲོས་མཐུན་བྱུང་། ད་དུང་འགྲོ་བ་མིའི་ཐོབ་ཐང་དང་ཐེ་ཝན། ཕྱོགས་གཉིས་ཀྱི་ཚོང་ལས་དང་ཡུག་ཀེ་རེན་གྱི་དམག་འཁྲུག ཨི་སི་རལ་དང་ཧ་མ་སི་ཤོག་ཁག་གི་དམག་འཁྲུག་བཅས་ལ་གྲོས་མོལ་ལྷུག་པོ་བྱུང་བའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༡༡་པའི་ཚེས་༡༧་ཉིན་ནེའུ་ཡོག་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཞིས་ཅིན་ཕིང་གིས་སྲིད་འཛིན་བྷ་ཌན་ལ་ཨ་མི་རི་ཀས་རྒྱ་ནག་ལ་ཡར་ཐོན་གྱི་གློག་ཀླད་སྙིང་ཆས་མ་བཙོགས་པར་བཀག་ཡོད་པ་བཀག་འགོག་མེད་པར་གཏོང་དགོས། ཨ་རིའི་དངུལ་རྩའི་བཟོ་ཚོང་ལས་ཁུངས་ཁག་གིས་རྒྱ་ནག་ལ་མ་རྩ་བཙུགས་ནས་ཚོང་ལས་གཉེར་དགོས་ཞེས་འབོད་སྐུལ་ཞུས། སྲིད་འཛིན་བྷ་ཌན་གྱིས་ཨ་རིའི་ཡར་ཐོན་གློག་ཀླད་ཀྱི་སྙིང་ཆས་རྣམས་རྒྱ་ནག་གི་དམག་དོན་ལ་བཀོལ་སྤྱོད་བྱེད་ཀྱི་འདུག རྒྱ་ནག་གི་དམག་དོན་དེང་རབས་ཅན་དུ་བསྒྱུར་ཐུབ་པའི་འཕྲུལ་རིག་ལག་རྩལ་རྣམས་ཕྱིར་ཚོང་བྱ་རྒྱུ་མིན་ཞེས་ལན་བཏབ། ཞིས་ཅིན་ཕིང་གི་འབོད་སྐུལ་དེས་ཨ་རྒྱའི་ཚོང་དམག་ལངས་ཏེ་ཨ་མི་རི་ཀས་རྒྱ་ནག་ལ་འཕྲུལ་རིག་ལག་རྩལ་ཕྱིར་ཚོང་བྱ་རྒྱུ་བཀག རྒྱ་ནག་གིས་གསང་ཉུལ་བཀག་སྡོམ་གྱི་ཁྲིམས་ཤིག་གཏན་འབེབས་བྱས་ནས་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་ལ་དཀའ་ངལ་འཕྲད། ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་བཟོ་ཚོང་ལས་ཁུངས་ཁག་རྒྱ་ནག་ནས་རྒྱལ་ཁབ་གཞན་ལ་སྤོས་ཏེ་དཔལ་འབྱོར་དང་ཚོང་ལས་ཉམས་རྒུད་ཕྱིན་པ་ར་འཕྲོད་ཀྱི་འདུག་ཅེས་གནས་ཚུལ་ཐོན།།

སྲིད་འཛིན་བྷ་ཌན་ཚོགས་ཆེན་ལ་མ་ཕེབས་གོང་དུ་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་དང་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་རྟོག་ཞིབ་ལྷན་ཚོགས། འགྲོ་བ་མིའི་ཐོབ་ཐང་ཚོགས་ཁག་གིས་སྲིད་འཛིན་བྷ་ཌན་ནས་ཞིས་ཅིན་ཕིང་ལ་བོད་དོན་དང་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་གླེང་སློང་བྱ་དགོས་ཞེས་འབོད་སྐུལ་ཞུས། ཨ་རིའི་གྲོས་ཚོགས་ཀྱི་རྒྱལ་ནག་རྟོག་ཞིབ་ལྷན་ཚོགས་ཀྱིས་སྲིད་དོན་པ་༤༠་ཐམ་པའི་ཐོ་གཞུང་ཞིག་སྲིད་འཛིན་བྷ་ཌན་ཕུལ་ཏེ་ཞིས་ཅིན་ཕིང་ལ་བཙོན་པ་དེ་ཚོ་གློད་གྲོལ་གཏོང་དགོས་པའི་སྐུལ་ལྕག་གཏོང་དགོས་ཞེས་སྙན་ཞུ་ཕུལ། སྲིད་འཛིན་བྷ་ཌན་ལ་སྲིད་དོན་བཙོན་པ་༤༠་ཐམ་པའི་མིང་ཐོ་ཕུལ་བ་དེའི་ནང་དུ་བོད་པ་དང་ཞིན་ཅང་གི་ཡུ་གུར་བ། ཧོང་ཀོང་བ་དང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་དང་གསར་འགོད་པ། ཨ་རིའི་སྤྱི་དམངས་རྒྱ་ནག་པ་དང་ཨ་རིར་གཏན་སྡོད་བྱེད་མཁན་རྒྱ་ནག་པ་བཅས་ཚུད་ཡོད་ཅིང་། ཞིས་ཅིན་ཕིང་ལ་ཐུག་འཕྲད་རྗེས་སུ་སྲིད་འཛིན་བྷ་ཌན་གྱིས་སྲིད་དོན་བཙོན་པ་༤༠་ཐམ་པའི་མིང་ཐོ་བཏོན་ནས་ཞིས་ཅིན་ཕིང་ལ་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་གླེང་སློང་བྱས་པ་ཡིན་ཞེས་གསར་འགོད་གསལ་བསྒྲགས་སྤེལ།།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་གིས་ཀུན་གླེང་བརྙན་འཕྲིན་ལས་རིམ་ནང་དུ་ང་ཚོས་སྲིད་འཛིན་བྷ་ཌན་གྱིས་ཞིས་ཅིན་ཕིང་ལ་བོད་རྒྱའི་འབྲེལ་མོལ་སླར་གསོ་བྱ་དགོས་པའི་སྐུལ་ལྕག་གཏོང་དགོས། སྲིད་འཛིན་བྷ་ཌན་གྱི་གཞུང་ནས་གྲོས་ཚོགས་ཀྱིས་གཏན་འབེབས་བྱས་པའི་ཁྲིམས་ཡིག་ལྟར་ཨ་རིའི་བོད་དོན་སྲིད་ཇུས་ལག་ལེན་བསྟར་དགོས་ཞེས་ནན་སྐུལ་བྱས་པ་ཡིན། སྲིད་འཛིན་བྷ་ཌན་གྱིས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་དུས་སུ་བོད་དོན་ལ་རྒྱབ་སྐྱོར་བྱ་རྒྱུའི་ཞལ་བཞེས་གནང་ཡོད་པ་རེད། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་རྟོག་ཞིབ་ལྷན་ཚོགས་ནས་སྲིད་འཛིན་བྷ་ཌན་ལ་སྲིད་དོན་བཙོན་པ་༤༠་ཐམ་པའི་མིང་ཐོ་ཞིག་ཕུལ་ཡོད་པ་དེའི་ཁོངས་སུ་བོད་པ་སུ་སུའི་མིང་ཐོ་འཁོད་ཡོད་མེད་ཤེས་མ་བྱུང་། ཡིན་ནའང་སྲིད་འཛིན་བྷ་ཌན་གྱིས་བོད་དོན་ལ་བཀའ་མོལ་གནང་ཡོད་པའི་ཡིད་ཆེས་ཡོད། བོད་དོན་ཐད་བཀའ་མོལ་ཇི་ལྟར་གནང་ཡོད་མེད་ནི་རིམ་བཞིན་ཤེས་རྟོགས་ཐུབ་ཀྱི་རེད་ཅེས་བཀྲལ།།

དུས་རབས་སྔོན་མའི་ལོ་རབས་༩༠་པ་དང་༢༠༠༥་ཡས་མས་སུ་ཨ་རིའི་སྲིད་འཛིན་དང་རྒྱ་ནག་གི་འགོ་ཁྲིད་ཚོ་ཐུག་འཕྲད་གྲོས་མོལ་མ་བྱས་པའི་སྔོན་ནམ། ཡང་ན་ཐུག་འཕྲད་གྲོས་མོལ་བྱུང་བའི་རྗེས་སུ་རྒྱ་ནག་གཞུང་གིས་བོད་པ་སྲིད་དོན་བཙོན་པ་རེ་ཟུང་རེ་བཙོན་འཇུག་གི་དུས་ཡུན་མ་ཚང་གོང་དུ་གློད་གྲོལ་བཏང་མྱོང་ཡོད་མོད། འོན་ཀྱང་ཕྱི་ལོ་༢༠༠༨་ཀྱི་གཞུག་ནས་ཨ་རྒྱའི་ཆེས་མཐོའི་འགོ་ཁྲིད་ཚོ་ཐུག་འཕྲད་གྲོས་མོལ་བྱས་པའི་སྔོན་རྗེས་སུ་བོད་པ་དང་ཞིན་ཅང་གི་ཡུ་གུར་བ། རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་དང་ཤེས་ཡོན་ཅན་རྣམས་བཙོན་ཁང་ནས་གློད་གྲོལ་མ་ཐོབ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་གིས་ལོ་རབས་༩༠་དང་༢༠༠༨་གྱི་སྔོན་དུ་ཨ་རྒྱའི་སྟོབས་ཤུགས་ལ་ཁྱད་པར་ཆེན་པོ་ཡོད་པ་རེད། རྒྱ་ནག་གིས་དཔལ་འབྱོར་དང་ཚན་རིག་ལག་རྩལ། ཚོང་ལས་སོགས་ཨ་མི་རི་ཀར་ཤུགས་ཆེན་པོ་བརྟེན་དགོས་པ་རེད། དེས་ན་རྒྱ་ནག་གིས་ཨ་མི་རི་ཀར་འབྲེལ་བ་ཡག་ཏུ་གཏོང་བར་བོད་པ་སྲིད་དོན་བཙོན་པ་ཁག་ཅིག་གློད་གྲོལ་བཏང་བ་རེད། དེང་སྐབས་ཨ་རིའི་གཞུང་གིས་ཤུགས་སྣོན་རྒྱག་སའི་དམིགས་འབེན་དེ་མ་འདྲ་བ་ཞིག་རེད་ཅེས་བསྟན།།

སན་ཧྥ་རན་སེ་སི་ཀོ་གྲོང་ཁྱེར་དུ་ཚོགས་པའི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་ཆེན་འཚོགས་ཡུལ་དང་ཞིས་ཅིན་ཕིང་འདུག་སའི་མགྲོན་ཁང་གི་ཕྱི་ལོགས་སུ་བོད་པ་དང་བོད་དོན་རྒྱབ་སྐྱོར་བ། ཞིན་ཅང་གི་ཡུ་གུར་བ་དང་སོག་པོ། ཧོང་ཀོང་བ་དང་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་སོགས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ཁེ་ལི་ཧྥོར་ཎི་ཡ་མངའ་ཁུལ་གྱི་བོད་པ་ཚོས་ཞིས་ཅིན་ཕིང་ལ་ངོ་རྒོལ་ཤུགས་ཆེན་པོ་བྱས་ཤིང་། ལྷག་པར་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་བསྟན་འཛིན་ཚེ་ལྷ་ཞེས་པ་ཞིག་དར་ཤིང་སྟེང་དུ་འཛེགས་ཏེ་བོད་ཀྱི་རྒྱལ་དར་འཕྱར། དུས་ཡུན་ཆུ་ཚོད་མང་པོར་ངོ་རྒོལ་བྱས་པའི་འདྲ་པར་དང་བརྙན་ཐུང་རྣམས་རོ་ཡེ་ཊར་སི་གསར་འགྱུར་ལས་ཁུངས་དང་ནེའུ་ཡོག་དུས་བབ་ཚགས་པར་སོགས་འཛམ་གླིང་གི་གསར་འགྱུར་ཆེ་ཁག་ཏུ་ཁྱབ། བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚའི་མངའ་ཁུལ་གྱི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་ལོ་རེའི་ཚོགས་ཆེན་མཇུག་མ་བསྒྲིལ་བར་དུ་ཞིས་ཅིན་ཕིང་ལ་གཉུག་བསྲིངས་ནས་ངོ་རྒོལ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གཞུང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་དགུང་ལོ་བགྲེས་པ་དང་བོད་པ་བཙན་བྱོལ་བ་ཚོ་ནང་ཁུལ་དུ་མཐུན་སྒྲིལ་མེད། རྒྱ་ནག་ལ་ངོ་རྒོལ་བྱེད་པའི་སྟོབས་ཤུགས་དེ་ལོ་རེ་བཞིན་ཇེ་ཆུང་དུ་འགྲོ་བཞིན་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ནས་རྒྱ་ནག་གཞུང་གིས་ཚོད་དཔག་བྱས་པ་དེ་རྟག་ཏུ་རྩིས་ལོག་ཐེབས་ཀྱི་ཡོད་པ་རེད། བཙན་བྱོལ་སྤྱི་ཚོགས་སུ་མི་རབས་བརྗེས་ཀྱང་བོད་དོན་བདེན་མཐའ་མ་གསལ་བར་དུ་བོད་པ་ཚོས་རྒྱ་ནག་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་ཇུས་དེར་ངོ་རྒོལ་བྱ་རྒྱུ་མཚམས་འཇོག་བྱེད་མི་སྲིད། རྒྱ་ནག་གཞུང་གིས་བོད་པ་བཙན་བྱོལ་བའི་ངོ་རྒོལ་སྟོབས་ཤུགས་ཉམས་ཀྱི་ཡོད་པའི་བསམ་བློ་ལོག་པ་ཞིག་གཏོང་གི་ཡོད་ཀྱང་བོད་པ་ཚོའི་ངོས་ནས་རྒྱ་ནག་ལ་བསམ་བློ་དེ་འདྲ་ཞིག་འཁོར་བའི་གཞི་རྩ་མེད་པར་གཏོང་དགོས། ང་ལ་བོད་པ་མི་རབས་གསར་པ་ཚོས་བོད་དོན་འཐབ་རྩོད་ཀྱི་ལས་འགན་འཁུར་ཐུབ་པ་དང་ལས་འགུལ་རྒྱུན་འཁྱོངས་བྱེད་ཐུབ་པའི་ཡིད་ཆེས་ཡོད་ཅེས་གླེང་མོལ་བྱས་འདུག

སྲིད་འཛིན་བྷ་ཌན་དང་ཞིས་ཅིན་ཕིང་གཉིས་ཀྱི་གྲོས་གཞི་གཙོ་བོ་གཞན་ཞིག་ཐེ་ཝན་ཡིན་ཞིང་། སྲིད་འཛིན་བྷ་ཌན་གྱིས་ཞིས་ཅིན་ཕིང་ལ་ཨ་མི་རི་ཀས་རྒྱ་ནག་གཅིག་གི་རྩ་དོན་ཁས་ལེན་བྱེད་ཀྱི་ཡོད། ང་ལ་ཨ་མི་རི་ཀས་རྒྱ་ནག་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པའི་སྲིད་ཇུས་ལ་འགྱུར་བ་གཏོང་འདོད་མེད། མཚོ་འགག་ཕྱོགས་གཉིས་ཀྱི་འགལ་ཟླ་དེ་ཞི་བའི་སྒོ་ནས་ཐག་གཅོད་བྱ་དགོས། ༡༩༧༩་ལོར་ཨ་མི་རི་ཀས་ཐེ་ཝན་ལ་འབྲེལ་བ་བཅད་ནས་རྒྱ་ནག་ལ་ཕྱི་འབྲེལ་བཙུགས་པ་རེད། ཨ་རིའི་གྲོས་ཚོགས་ཀྱིས་ཐེ་ཝན་ལག་བསྟར་ཁྲིམས་ཡིག་གཏན་ལ་ཕབ་ནས་མཚོ་གླིང་དེར་རང་སྲུང་མཚོན་ཆ་བཙོང་དགོས་པའི་ཐག་གཅོད་བྱས་པ་མུ་མཐུད་དུ་ལག་ལེན་བསྟར་རྒྱུ་ཡིན་ཞེས་ཞིས་ཅིན་ཕིང་ལ་གསལ་པོར་བཤད་ཡོད་པར་མ་ཟད། ཞིས་ཅིན་ཕིང་གིས་ང་ཚོས་ཐེ་ཝན་ལ་བཙན་འཛུལ་བྱ་འཆར་མེད་ཅེས་སྲིད་འཛིན་བྷ་ཌན་ལ་བཤད་ཡོད་པའི་གནས་ཚུལ་ཐོན་རུང་རྒྱ་ནག་གིས་རྟག་ཏུ་ཐེ་ཝན་ལ་དམག་གིས་སྡིགས་ར་སྐུལ་གྱི་ཡོད་པ་ཨ་མི་རི་ཀས་བློ་འཚབ་བྱ་དགོས་པ་ཞིག་ཞིག་ཏུ་གྱུར།།

བྷ་ཌན་དང་ཞི་ཅིན་ཕིང་གི་གྲོས་མོལ།
please wait

No media source currently available

0:00 0:20:07 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG