ངོ་འཕྲད་བདེ་བའི་དྲ་འབྲེལ།

བྷ་ཌན་གྱིས་ཨ་རིས་ཐེ་ཝན་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་ཁས་ལེན།


༄༅།། རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་རྒྱག་རྒྱུའི་ཉེན་ཁ་ཇེ་ཆེར་འགྲོ་བཞིན་པ་དང་སྲིད་འཛིན་ཇཱོ་བྷ་ཌན་གྱིས་ཨ་མི་རི་ཀས་ཐེ་ཝན་ལ་སྲུང་སྐྱོབ་བྱ་རྒྱུའི་ཁས་ལེན་བྱས་འདུག ཁ་སང་གཟའ་ཕུར་བུའི་དགོང་མོར་ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་སྲིད་འཛིན་བྷ་ཌན་ལ་མི་དམངས་ཀྱིས་དྲི་བ་འདྲི་ས་ཡོད་པའི་ལས་རིམ་ཞིག་བཀོད་སྒྲིག་བྱས་པ་དེའི་སྐབས་སུ་གསར་འགོད་པ་དང་མི་མང་གིས་སྲིད་འཛིན་བྷ་ཌན་ལ་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱེད་ཚེ། ཨ་མི་རི་ཀས་ཐེ་ཝན་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་ནམ་ཞེས་ཐེངས་གཉིས་དྲིས། སྲིད་འཛིན་བྷ་ཌན་གྱིས་ཐེ་ཝན་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན། ང་ཚོས་ཐེ་ཝན་ལ་སྲུང་སྐྱོབ་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་རེད་ཅེས་ལན་བཏབ། འདས་པའི་ལོ་མང་རིང་ཨ་རིའི་གཞུང་གིས་ཆེད་མངགས་ཐེ་ཝན་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་མིན་གྱི་ལངས་ཕྱོགས་གསལ་སྟོན་མ་བྱས་པར་རྒྱ་ནག་ལ་ཚོད་དཔག་བྱེད་དུ་འཇུག་གི་ཡོད་པར་སྲིད་འཛིན་བྷ་ཌན་གྱིས་གསལ་ཁ་གཏད། ཁོང་གིས་སྔོན་ཆད་ཀྱང་རྒྱ་ནག་གིས་བཙན་འཛུལ་བྱེད་ན་ཨ་མི་རི་ཀས་ཐེ་ཝན་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་བཤད་མྱོང་ཡོད་མོད། འོན་ཀྱང་ཕོ་བྲང་དཀར་པོའི་ལས་སྣེ་ཚོས་ཨ་མི་རི་ཀས་ཐེ་ཝན་ལ་འཛིན་པའི་སྲིད་ཇུས་ལ་འགྱུར་བ་ཕྱིན་མེད། ཨ་མི་རི་ཀས་ཐེ་ཝན་ལ་རང་སྲུང་མཚོན་ཆ་བཙོང་དགོས་པའི་ལས་འགན་ཡོད་ཅེས་བསྒྲགས། མདང་དགོང་གི་དྲིས་ལེན་རྗེས་སུ་ཕོ་བྲང་དཀར་པོའི་ལས་སྣེ་ཞིག་གིས་སྲིད་འཛིན་བྷ་ཌན་གྱིས་ཨ་མི་རི་ཀའི་སྲིད་ཇུས་ལ་འགྱུར་བ་ཕྱིན་ཡིན་ཞེས་གསལ་བསྒྲགས་བྱས་པ་ཞིག་མ་རེད། སྲིད་འཛིན་གྱི་གླེང་མོལ་དེ་དག་གིས་ཨ་མི་རི་ཀས་ཐེ་ཝན་དང་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་ལ་འགྱུར་བ་ཕྱིན་པ་མཚོན་གྱི་མེད། ཨ་རི་དང་རྒྱ་ནག་གི་རྒྱལ་སྲུང་འབྲེལ་བ་ནི་ཐེ་ཝན་ལ་འབྲེལ་བ་འཛིན་ཕྱོགས་ཀྱི་ཁྲིམས་ཡིག་ལ་ཐུག་ཡོད། ང་ཚོས་ཁྲིམས་ཡིག་དེ་རྩ་འཛིན་བྱས་ནས་ཐེ་ཝན་ལ་རང་སྲུང་མཚོན་ཆ་བཙོང་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་ཡིན། མཚོ་འགག་ཕྱོགས་གཉིས་ཀྱི་གནས་བབ་ལ་སུ་ཞིག་གིས་འགྱུར་བ་བཏང་རུང་ང་ཚོས་དེ་ལ་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ།།

ཁ་སང་གཟའ་ཕུར་བུའི་དགོང་མོར་ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་སྲིད་འཛིན་བྷ་ཌན་ལ་མི་དམངས་ཀྱིས་དྲི་བ་འདྲི་ས་ཡོད་པའི་ལས་རིམ་ཞིག་བཀོད་སྒྲིག་བྱས།
ཁ་སང་གཟའ་ཕུར་བུའི་དགོང་མོར་ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་སྲིད་འཛིན་བྷ་ཌན་ལ་མི་དམངས་ཀྱིས་དྲི་བ་འདྲི་ས་ཡོད་པའི་ལས་རིམ་ཞིག་བཀོད་སྒྲིག་བྱས།

གཟའ་ཕུར་བུའི་དགོང་མོར་སྲིད་འཛིན་བྷ་ཌན་གྱིས་རྒྱ་ནག་གིས་བསམ་བཞིན་ཐེ་ཝན་ལ་དམག་གིས་སྡིགས་ར་སྐུལ་གྱི་ཡོད་ཀྱང་ང་ཚོ་དེ་ལ་སེམས་ཁྲལ་མེད། རྒྱ་ནག་དང་ཨུ་རུ་སུ། འཛམ་གླིང་འདིར་ཨ་མི་རི་ཀར་སུ་གཅིག་གིས་ཀྱང་ཁ་གཏད་གཅོག་མི་ཐུབ་པའི་དམག་གི་སྟོབས་ཤུགས་ཡོད་པ་ཀུན་གྱིས་ཤེས་གསལ་རེད། ཁོ་ཚོ་དམག་གི་སྟོབས་ཤུགས་རྒྱས་ཡིན་མིན་ལའང་སེམས་ཁྲལ་བྱེད་དགོས་དོན་མེད། ཡིན་ནའང་ཁོ་ཚོས་རང་ཚོད་མ་བཟུང་བར་ཟིང་ཆ་བསླངས་ནས་རྩིས་ལོག་ཐེབས་ཏེ་ནོར་འཁྲུལ་ཚབས་ཆེན་ཞིག་འབྱུང་རྒྱུའི་ཉེན་ཁ་ཡོད་པ་སེམས་ཁྲལ་བྱེད་དགོས་པ་ཞིག་རེད། མི་ཁག་ཅིག་གིས་བྷ་ཌན་གྱིས་རྒྱ་ནག་ལ་གྲང་དམག་ཅིག་སློང་གི་འདུག་ཅེས་འགྲེལ་བཤད་རྒྱག་གི་ཡོད་ཀྱང་ངས་ཨ་རྒྱ་གཉིས་ཀྱི་འཁྲུག་རྩོད་འདི་ཡུན་རིང་འཇོག་རྩིས་མེད། ངས་ཞིས་ཅིན་ཕིང་ལ་སྐད་ཆ་བཤད་ནས་མཉམ་དུ་དུས་ཚོད་བཏང་བ་དེ་འདྲ་ཞིག་འཛམ་གླིང་རྒྱལ་ཁབ་ཁག་གི་འགོ་ཁྲིད་སུ་གཅིག་ཀྱང་འདྲིས་མྱོང་མེད། རྒྱ་ནག་གིས་ཤེས་དགོས་པ་ཞིག་ལ་ཨ་མི་རི་ཀས་རང་གི་ལྟ་གྲུབ་ལ་འགྱུར་བ་བཏང་ནས་ཕྱི་ནུད་རྒྱག་གི་མིན་ཞེས་བཀྲལ། རྒྱ་ནག་གཅིག་གི་རྩ་དོན་འོག་ཏུ་ཨ་མི་རི་ཀས་ཐེ་ཝན་ཡང་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་ཁས་ལེན་བྱེད་ཀྱི་ཡོད་ཀྱང་མཚོ་འགག་ཕྱོགས་གཉིས་ཞི་བའི་སྒོ་ནས་གཅིག་གྱུར་བྱ་དགོས་ཞེས་འཁོད། ཞིས་ཅིན་ཕིང་གིས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུ་ལྡོག་ཐབས་མེད་ཅེས་དམག་གིས་སྡིགས་ར་བསྐུལ། པེ་ཅིང་གི་དབང་འཛིན་པ་ཚོས་རྒྱ་ནག་གཅིག་གི་རྩ་དོན་ཁོངས་སུ་ཐེ་ཝན་ལ་དམག་བརྒྱབ་ནས་བཙན་འཛུལ་བྱེད་མི་ཆོག་ཅེས་བཀོད་ཡོད་པ་གླེང་སློང་བྱེད་ཀྱི་མེད་པར་མ་ཟད། ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་རྒྱ་ནག་གི་དམག་འཐབ་གནམ་གྲུ་བཏང་ནས་འཇིགས་སྐུལ། ཕྱི་ཟླ་༡༠་པའི་ཚེས་༢༢་ཉིན་ཐེ་ཝན་གྱི་གསརའགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་ཕུར་བུའི་ཉིན་རྒྱ་ནག་གི་དམག་འཐབ་གནམ་གྲུ་༤་ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་དཔུང་འཛུལ་བྱས་ཤིང་། བདུན་ཕྲག་སྔོན་མར་རྒྱ་ནག་གིས་ཧྥུ་ཅན་ཞིང་ཆེན་གྱི་མཚོ་འགྲམ་དུ་ཐེ་ཝན་དམིགས་འབེན་དུ་བཟུང་ནས་དཔུང་འཇུག་གི་དམག་སྦྱོང་། རྒྱ་ནག་གི་སྤྱི་སྒེར་གཉིས་ཀྱི་གྲུ་གཟིངས་ཁག་གི་ནང་དུ་ཐེ་ཝན་ལ་བཙན་འཛུལ་བྱེད་པར་དགོས་ངེས་ཀྱི་ལྕགས་ཁྲབ་འཁོར་དང་མཚོན་ལྡན་རླངས་འཁོར་བརྒྱ་ཕྲག་མང་པོ་སྐྱེལ་འདྲེན་གྱི་དམག་སྦྱོང་བྱས་འདུག

ཁ་སང་ཕྱི་ཟླ་༡༠་པའི་ཚེས་༢༡་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐེ་ཝན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ནི་ཨ་མི་རི་ཀ་གཅིག་པུ་མིན་ཞིང་། ཡུ་རོབ་གྲོས་ཚོགས་ཀྱིས་ཀྱང་ཐེ་ཝན་ལ་ཚོང་འབྲེལ་འཛུགས་རྒྱུའི་གྲོས་མོལ་བྱ་དགོས། ཐེ་ཝན་དུ་བཅའ་སྡོད་ཡུ་རོབ་མཉམ་འབྲེལ་གྱི་ལས་ཁུངས་དེར་ཡུ་རོབ་མཉམ་འབྲེལ་གྱི་དཔལ་འབྱོར་དང་ཚོང་དོན་ལས་ཁུངས་ཞེས་མིང་བྱང་བཀོད་ཡོད་པ་ཐེ་ཝན་དུ་བཅའ་སྡོད་ཡུ་རོབ་མཉམ་འབྲེལ་གྱི་ལས་ཁུངས་ཞེས་མིང་བྱང་འགོད་དགོས་པའི་མང་མོས་འོས་ཤོག་འཕངས། བྷོལ་ཊིཀ་རྒྱལ་ཁབ་ཅིག་གི་གཞུང་འབྲེལ་མི་སྣ་ཞིག་གིས་རྒྱལ་ཁབ་ཕལ་མོ་ཆེས་ཐེ་ཝན་ལ་ཆབ་སྲིད་ཀྱི་འབྲེལ་བ་འཛིན་གྱི་མེད་ཀྱང་དཔལ་འབྱོར་དང་ཚོང་འབྲེལ་བཙུགས་ཏེ་ལས་ཁུངས་སྒོ་ཕྱེ་ཡོད་པ་རེད། གྲོང་ཁྱེར་ཁག་གིས་ཀྱིང་རྒྱལ་སྤྱིའི་ཐོག་ཏུ་ཚོང་ལས་ཀྱི་ལས་ཁུངས་འཛུགས་ཆོག གལ་སྲིད་ཡུ་རོབ་མཉམ་འབྲེལ་གྱི་ལས་ཁུངས་ཞེས་མིང་བྱང་བསྒྱུར་ན་ཆབ་སྲིད་ཀྱི་འབྲེལ་བ་བཙུགས་པ་མཚོན་ཐུབ། ཡུ་རོབ་གྲོས་ཚོགས་ཀྱི་འོས་ཤོག་འཕངས་པ་དངོས་སུ་ལག་ལེན་བསྟར་ཐུབ་རྒྱུ་ཁག་པོ་ཡིན་སྲིད་ཀྱང་འགྱུར་ལྡོག་ཆེན་པོ་ཞིག་རེད། ཡུ་རོབ་གྲོས་ཚོགས་ཀྱི་འོས་ཤོག་དེས་ཡུ་རོབ་རྒྱལ་ཁབ་ཁག་གི་སྲིད་དོན་པ་མང་དག་ཅིག་ལ་ལྟ་ཚུལ་གཅིག་མཚུངས་ཡོད་པ་མཚོན་ཐུབ་ཅེས་གསར་འགོད་པར་ནང་མོལ་བྱས་འདུག རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཝང་ཝེན་པིན་གྱིས་འབྲེལ་ཡོད་ཕྱོགས་དེས་རྒྱ་ནག་མི་དམངས་ལ་རང་གི་བདག་དབང་དང་མངའ་ཁོངས་གོང་བུ་གཅིག་གྱུར་ལ་སྲུང་སྐྱོབ་བྱ་རྒྱུའི་ཆོད་སེམས་དང་འདུན་པ། ནུས་པ་ཡོད་པ་བཅས་ལ་སྣང་ཆུང་མ་བྱས་ན་ལེགས་ཞེས་ཡུ་རོབ་གྲོས་ཚོགས་ཀྱི་འོས་ཤོག་དེར་ངོ་རྒོལ་བྱས་འདུག ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཚོས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ཚོར་དྲག་གནོན་ཚབས་ཆེན་བྱེད་ཀྱི་ཡོད་པར་ཁ་རྡུང་དྲག་པོ་བཏང་བས་རྒྱ་ནག་གིས་ཡུ་རོབ་གྲོས་ཚོགས་དང་དབྱིན་ཇིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་རྒྱ་ནག་ལ་ཡོང་མི་ཆོག་ཅེས་ཉེས་ཆད་བཅད། དེ་ནས་ཡུ་རོབ་མཉམ་འབྲེལ་དང་རྒྱ་ནག་གི་འབྲེལ་བ་སྡུག་ཏུ་སོང་སྟེ་ཕྱོགས་གཉིས་ཀྱི་མ་རྩ་འཛུགས་འཇོག་གི་གྲོས་མཐུན་ལེན་བསྟར་རྒྱུ་མཚམས་བཞག

ཝ་ཤིང་ཊོན་བརྟག་དཔྱད་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། བདུན་ཕྲག་རྗེས་མར་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་ཝུ་ཀྲའོ་ཤེ་དང་སྐུ་ཚབ་ཚོགས་པ་ཞིག་ཤར་ཡུ་རོབ་ཀྱི་ཆེཀ་སྤྱི་མཐུན་རྒྱལ་ཁབ་ལ་འཚམས་འདྲིར་ཕེབས་ཀྱི་ཡོད་ཅིང་། ཕྱི་ཟླ་༡༠་པའི་ཚེས་༢༡་ཉིན་ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཕྱི་སྲིད་བློན་ཆེན་ཝུ་ཀྲའོ་ཤེ་སྔོན་ལ་སི་ལ་ཝྭ་ཀི་ཡི་རྒྱལ་ཁབ་ཏུ་ཕེབས་ནས་ཕྱི་ཟླ་༡༠་པའི་ཚེས་༢༦་ཉིན་ནད་ཡམས་གཞུག་གི་རྒྱལ་སྤྱིའི་བསྟུན་འགྱུར་ཞེས་པའི་བརྗོད་གཞི་དེའི་བགྲོ་གླེང་ཚོགས་ཆེན་ལ་ཞུགས་ཀྱི་ཡོད། དེའི་རྗེས་སུ་ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཕུ་རཀ་གྲོང་ཁྱེར་ལ་ཕེབས་ནས་རྒྱལ་ཁབ་དེའི་གྲོས་ཚོགས་གོང་མའི་གཙོ་འཛིན་གྱི་དྲུང་དུ་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་གྱིས་ཆེ་བསྟོད་རྟགས་མ་བཞེས་རྒྱུ། ཕུ་རག་གྲོང་ཁྱེར་སྤྱི་ཁྱབ་ཀྱིས་ཕྱི་སྲིད་བློན་ཆེན་ཝུ་ཀྲའོ་ཤེ་དམིགས་བསལ་སྐུ་མགྲོན་ལ་སྣེ་ལེན་ཞུ་རྒྱུ། ཕུ་རཀ་གྲོང་ཁྱེར་གྱི་སྤྱི་ཁྱབ་སྔོན་ཆད་ཐེ་ཝན་ལ་འཚམས་འདྲིར་ཕེབས་མྱོང་ཡོད་པ་རེད་ཅེས་གསར་འགོད་གསལ་བསྒྲགས་སྤེལ།།

ཐེ་ཝན་གཞུང་གིས་ཤར་ཡུ་རོབ་དང་དབུས་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ལ་ཕྱི་འབྲེལ་རྒྱ་སྐྱེད་གཏོང་ཐབས་སུ་ཕྱི་ཟླ་༡༠་པའི་ཚེས་༢༠་ནས་ཚེས་༣༠་བར་དུ་འཐུས་མི་༦༦་ཡོད་པའི་སྐུ་ཚབ་ཚོགས་པ་ཞིག་སི་ལ་ཝྭ་ཀི་ཡ་དང་ཆེཀ་སྤྱི་མཐུན་རྒྱལ་ཁབ། ལུ་ཐུ་ཝྭེ་ཎི་ཡ་བཅས་ལ་ཕེབས་ནས་འབྲེལ་བ་སྲ་བརྟན་གཏོང་རྒྱུའི་ཤུགས་སྣོན་རྒྱག་རྒྱུ། རྒྱ་ནག་གི་གནོན་ཤུགས་ལ་མ་འཛེམས་པར་༢༠༢༠་ལོར་གོང་འཁོད་རྒྱལ་ཁབ་གསུམ་གྱིས་མཉམ་འབྲེལ་ཐོག་ཏུ་ཐེ་ཝན་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་༨༥༠༠༠༠་ཞལ་འདེབས་སྤྲད། ལྷག་པར་དུ་ལུ་ཐུ་ཝྭེ་ཎི་ཡའི་གཞུང་གིས་རྒྱལ་ས་ཝྭིལ་ནུ་སི་གྲོང་ཁྱེར་དུ་ཐེ་ཝན་གྱི་སྐུ་ཚབ་གཅོད་དོན་ཁང་ཞིག་མིང་བྱང་བཀོད་པའི་ལས་ཁུངས་ཤིག་སྒོ་འབྱེད་དུ་བཅུག ཐེ་ཝན་གྱི་རྒྱལ་ས་ཐེ་པེ་གྲོང་ཁྱེར་དུ་ལི་ཐུ་ཝྭེ་ཎི་ཡའི་སྐུ་ཚབ་དོན་གཅོད་ཁང་བཙུགས། རྒྱ་ནག་གིས་དེ་ལ་ངོ་རྒོལ་བྱས་ནས་པེ་ཅིང་དུ་བཅའ་སྡོད་ལི་ཐུ་ཝྭེ་ཎི་ཡའི་གཞུང་ཚབ་པ་ཕྱིར་སློག་བྱས་པ་དང་ལི་ཐུ་ཝྭེ་ཎི་ཡར་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་ཕྱིར་འཐེན་བྱས་ཤིང་། ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཕྱི་སྲིད་བློན་ཆེན་ཝུ་ཀྲའོ་ཤེ་དང་ཚོང་དོན་བློན་ཆེན་གཉིས་ཀས་སྐུ་ཚབ་ཚོགས་པ་རེ་ཁྲིད་ནས་ཡུ་རོབ་རྒྱལ་ཁབ་ཁག་ལ་འཚམས་འདྲིར་ཕེབས་ཀྱི་ཡོད་པ་ནི་འཐབ་ཇུས་ཀྱི་འབྲེལ་བ་གཙིགས་སུ་འཛིན་རྒྱུ། ཐེ་ཝན་གྱི་དཔལ་འབྱོར་དང་ཚོང་འབྲེལ་རྒྱ་སྐྱེད། ཐེ་ཝན་གཞུང་གིས་རྒྱལ་སྤྱིའི་ཟླ་གྲོགས་ཚོར་མཉམ་འབྲེལ་བྱས་ནས་རང་དབང་དང་དམངས་གཙོའི་ལམ་ལུགས་ལ་སྲུང་སྐྱོབ་བྱ་རྒྱུའི་དོན་དུ་ཡིན་ཞེས་བཤད་འདུག

XS
SM
MD
LG