ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨེ་ཤི་ཡའི་མི་རིགས་ལ་སྡང་ཟུག་བྱེད་མི་ཆོག་པའི་བཅའ་ཁྲིམས་གཏན་འབེབས། 


༄༅།། ཨ་རིའི་ཨེ་ཤི་ཡའི་མི་རིགས་ཁག་ལ་སྡང་ཟུག་བྱེད་མི་ཆོག་པའི་ཁྲིམས་གཞི་དེར་སྲིད་འཛིན་ཇཱོ་བྷ་ཌན་གྱིས་མཚན་རྟགས་བཀོད་ནས་རྒྱལ་ཁབ་ཀྱི་ཁྲིམས་ལ་གྱུར། ཁ་སང་གཟའ་ཕུར་བུའི་ཕྱི་དྲོར་ཕོ་བྲང་དཀར་པོར་སྲིད་འཛིན་གཙོ་གཞོན་གཉིས་དང་གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་ཕེ་ལོ་སི། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་སུ་སན་ཀོ་ལིན་སི་སོགས་སྲིད་དོན་ཚོགས་པ་གཉིས་ཀྱི་གནད་ཡོད་འཐུས་མི་རྣམས་འདུས་ནས་སྲིད་འཛིན་བྷ་ཌན་གྱིས་སྡང་ཟུག་བཀག་སྡོམ་གྱི་བཅའ་ཁྲིམས་ལ་མཚན་རྟགས་འགོད་པའི་མཛད་སྒོར་ཞུགས། དུས་སྐབས་ཕལ་ཆེ་བར་ཨ་མི་རི་ཀའི་སྲིད་དོན་ཚོགས་པ་གཉིས་རྒྱལ་ཁབ་ཀྱི་ལས་དོན་ཐོག་ཏུ་མཉམ་འབྲེལ་བྱེད་ཐུབ་རྒྱུ་ཧ་ཅང་ཁག་པོ་ཡིན་རུང་ཨ་རིའི་ཨེ་ཤི་ཡའི་མི་རིགས་ལ་སྡང་ཟུག་བྱེད་མི་ཆོག་པའི་བཅའ་ཁྲིམས་དེར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་སྲིད་དོན་ཚོགས་པ་གཉིས་ཀྱི་འཐུས་མི་ཚོའི་རྒྱབ་སྐྱོར་ཐོབ། སྲིད་འཛིན་གཞོན་པ་ཀ་མ་ལ་ཧེ་རཱི་སི་སྟེ། ཨ་མི་རི་ཀའི་བུད་མེད་སྲིད་འཛིན་གཞོན་པ་དང་པོ། མི་རིགས་ནག་པོ་དང་ཨེ་ཤི་ཡའི་མི་རིགས་འདྲེས་མའི་རྒྱུད་པ་ཞིག་གིས་མཛད་སྒོ་དེར་གཙོ་སྐྱོང་གནང་སྟེ་ཧ་ཝ་དབྱི་མངའ་སྡེའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཧི་རོ་ནོ་དང་ནེའུ་ཡོག་མངའ་སྡེའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་གྷེ་རེ་སི་མེང་གཉིས་ཀྱིས་ཨ་རིའི་གྲོས་ཚོགས་སུ་ཨེ་ཤི་ཡའི་མི་རིགས་ཁག་ལ་སྡང་ཟུག་བྱེད་མི་ཆོག་པའི་ཁྲིམས་གཞི་མཚམས་སྦྱོར་ཞུས་པར་བསྔགས་བརྗོད་ཀྱི་མེ་ཏོག་གཏོར། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་སུ་སན་ཀོ་ལིན་སི་ཕོ་བྲང་དཀར་པོའི་མཛད་སྒོར་ཕེབས་པར་སྲིད་འཛིན་ཇཱོ་བྷ་ཌན་གྱིས་རྗེས་སུ་ཡི་རངས་ཞུས། ཕོ་བྲང་དཀར་པོའི་མཛད་སྒོ་དེར་སྤྱི་ཚོགས་རྒྱང་བཀྱེད་དང་ཁ་རས་སོགས་གྱོན་མ་དགོས་པར་སྔར་རྒྱུན་བཞིན་ཚོགས།།

ཨ་རིའི་ཨེ་ཤི་ཡའི་མི་རིགས་ཁག་ལ་སྡང་ཟུག་བྱེད་མི་ཆོག་པའི་ཁྲིམས་གཞི་དེར་སྲིད་འཛིན་ཇཱོ་བྷ་ཌན་གྱིས་མཚན་རྟགས་བཀོད།
ཨ་རིའི་ཨེ་ཤི་ཡའི་མི་རིགས་ཁག་ལ་སྡང་ཟུག་བྱེད་མི་ཆོག་པའི་ཁྲིམས་གཞི་དེར་སྲིད་འཛིན་ཇཱོ་བྷ་ཌན་གྱིས་མཚན་རྟགས་བཀོད།

སྲིད་འཛིན་གཞོན་པ་ཀ་མ་ལ་ཧེ་རཱི་སིས་ཨ་རིའི་གྲོས་ཚོགས་གོང་འོག་གི་སྲིད་དོན་ཚོགས་པ་གཉིས་ཀྱི་འཐུས་མི་ཚོས་ཏོག་དབྱིབས་ནད་དུག་༡༩་པའི་སྡང་ཟུག་བཀག་སྡོམ་གྱི་བཅའ་ཁྲིམས་གཏན་འབེབས་བྱུང་བར་དགའ་བསུ་ཡོད། དེ་རིང་ནི་ཨ་མི་རི་ཀས་སྡང་ཟུག་ལ་འཐབ་རྒོལ་བྱས་པའི་ཉིན་མོ་ཞིག་ཡིན་པས་མ་འོངས་པའི་བྱུང་རབས་ནང་དུ་རྣམ་པ་ཚོའི་གྲུབ་འབྲས་རྣམས་འཁོད་ངེས་རེད་ཅེས་གསུངས་ཡོད་པར་མ་ཟད། སྲིད་འཛིན་བྷ་ཌན་གྱིས་ཕྱི་ཟླ་༥་པ་འདི་ཨེ་ཤི་ཡའི་མི་རིགས་ཁག་དང་ཞི་བདེ་རྒྱ་མཚོའི་གླིང་ཕྲན་ཁག་གི་ཨ་རིའི་སྤྱི་དམངས་ཀྱི་ཤུལ་བཞག་རིག་གནས་ཀྱི་དུས་ཆེན་ཡིན། ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀས་རང་གི་ཨེ་ཤི་ཡའི་མི་རིགས་ཁག་ལ་ཁྱེད་ཚོའི་དཀའ་ངལ་རྣམས་ང་ཚོས་མཐོང་གི་ཡོད་ཅེས་གོ་བརྡ་གསལ་པོ་ཞིག་བཏང་བ་རེད། འདས་པའི་དུས་རབས་མང་པོར་ཨེ་ཤི་ཡའི་ཨ་རི་བ་རྣམས་དང་ཨ་མི་རི་ཀའི་ཡུལ་བདག་མི་རིགས་ཁག ཞི་བདེ་རྒྱ་མཚོའི་གླིང་ཕྲན་ཁག་གི་མི་རིགས་རྣམས་ཀྱིས་རྒྱལ་ཁབ་འདི་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་གང་ལེགས་ཕུལ་ཡོད། ཡིན་ནའང་དེ་དག་གི་བྱས་རྗེས་རྣམས་རྟག་ཏུ་བརྗེད་འགྲོ་བ་དང་སྣང་ཆུང་ཤོར་འདུག དེང་སྐབས་སྡང་ཟུག་མྱོང་བཞིན་པའི་ཨེ་ཤི་ཡའི་མི་རིགས་ཁག་གི་དཀའ་ངལ་རྣམས་ངས་མཐོང་གི་འདུག ཨ་རིའི་གྲོས་ཚོགས་ཀྱིས་ཁྱེད་རྣམ་པའི་དཀའ་ངལ་མཐོང་གི་ཡོད་པ་རེད། ང་ཚོས་སྡང་ཟུག་དང་ཕྱོགས་ལྷུང་གི་ལྟ་ཚུལ་འདིར་བཀག་སྡོམ་བྱ་རྒྱུའི་ཆོད་སེམས་བརྟན་པོ་བཅངས་ཡོད། ཨེ་ཤི་ཡའི་མི་རིགས་ཁག་དང་ཞི་བདེ་རྒྱ་མཚོའི་གླིང་ཕྲན་ཁག་གི་མི་རིགས་རྣམས་ལ་སྡང་ཟུག་བྱེད་ཀྱི་ཡོད་པ་ནི་ཨ་མི་རི་ཀའི་ཡ་རབས་བཟང་སྤྱོད་ཀྱི་ཁྱད་ཆོས་ཤིག་མ་རེད། སྡང་ཟུག་བཀག་འགོག་མ་བྱས་ན་དེ་ལ་ཁ་མཐུན་བྱས་པ་མཚོན་ཐུབ། ང་ཚོས་སྡང་ཟུག་འགོག་དགོས་པ་དང་སྡང་ཟུག་ལ་ཁ་མཐུན་བྱེད་མི་རུང་། རྣམ་པ་ཚོས་སྡང་ཟུག་བཀག་པར་བཀའ་དྲིན་ཆེ། ང་དེ་རིང་གི་ཉིན་མོ་འདིར་སྤོབས་པ་ཡོད་ཅེས་བཅའ་ཁྲིམས་ལ་མཚན་རྟགས་བཀོད་པའི་རྗེས་སུ་གཏམ་བཤད་བྱས་འདུག

ཨ་མི་རི་ཀར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་བྱུང་བའི་ཏོག་དབྱིབས་ནད་དུག་ཁྱབ་པའི་རྗེས་སུ་ཨ་རིའི་སྤྱི་ཚོགས་སུ་ཨེ་ཤི་ཡའི་མི་རིགས་ཁག་ལ་སྡང་ཟུག་དང་རྡུང་རྡེག ཨེ་ཤི་ཡའི་མི་རིགས་ཚང་མར་རྒྱ་ནག་པ་དང་རྒྱ་ནད་བགོ་ཁྱབ་གཏོང་མཁན་ཞེས་རྡུང་རྡེག་བཏང་ནས་རྨས་སྐྱོན་དང་འཆི་སྐྱོན་འབྱུང་གི་ཡོད་ཅིང་། སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་མི་རིགས་དཀར་པོ་མཆོག་འཛིན་གྱི་ལྟ་བར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་ཨེ་ཤི་ཡའི་མི་རིགས་ལ་སྡང་ཟུག་བྱ་རྒྱུ་ཤུགས་ཆེ་རུ་སོང་། ཏོག་དབྱིབས་ནད་དུག་༡༩་པའི་སྡང་ཟུག་བཀག་སྡོམ་བཅའ་ཁྲིམས་སུ་ཨ་རིའི་ཁྲིམས་འཛིན་ལྷན་ཁང་གིས་ལས་སྣེ་བསྐོ་བཞག་བྱས་ཏེ་མངའ་སྡེ་ཁག་དང་ས་གནས་ཁག་ལ་སྐད་ཡིག་སྣ་མང་གི་ལས་སྣེ་བསྐོ་བཞག་བྱ་རྒྱུ། སྡང་ཟུག་གི་གནས་ཚུལ་བྱུང་བ་རྣམས་འཕྲལ་དུ་ཐོ་འགོད་བྱས་ནས་རྩད་གཅོད་བྱ་རྒྱུ། ཨ་རིའི་མི་དམངས་ལ་རང་ཡུལ་གྱི་ཨེ་ཤི་ཡའི་མི་རིགས་ཁག་དང་ཞི་བདེ་རྒྱ་མཚོའི་གླིང་ཕྲན་ཁག་གི་མི་རིགས་རྣམས་ལ་སྡང་ཟུག་བྱེད་མི་ཆོག་པའི་སློབ་གསོ་གཏོང་རྒྱུ། ཏོག་དབྱིབས་ནད་དུག་ལ་སྦྲེལ་ནས་མི་རིགས་གང་ཞིག་ལ་མཐོང་ཆུང་དང་དབྱེ་འབྱེད་མི་ཆོག་ཅེས་བཀོད། ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་འཐུས་མི་༣༦༢་ཀྱི་ཁྲིམས་གཞི་དེར་རྒྱབ་སྐྱོར་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་༦༢་ཀྱིས་ཁྲིམས་གཞི་དེར་ངོ་རྒོལ་གྱི་འོས་ཤོག་འཕངས། ཨ་རིའི་གྲོས་ཚོགས་གོང་མར་ཁྲིམས་གཞི་དེར་འཐུས་མི་༩༤་ཡིས་རྒྱབ་སྐྱོར་དང་མཱི་སོ་རཱི་མངའ་སྡེའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཇཱོ་ཤི་ཧོ་ལི་གཅིག་པུས་ཁྲིམས་གཞི་དེར་ངོ་རྒོལ་གྱི་འོས་ཤོག་འཕངས། ཁོང་གིས་ཏོག་དབྱིབས་ནད་དུག་ལ་སྦྲེལ་ནས་ངན་སྨོད་དང་དབྱེ་འབྱེད་བྱེད་ཆོག་པ་ནི་ཨ་མི་རི་ཀའི་གཏམ་བརྗོད་རང་དབང་ཡིན་ཞེས་རྒྱུ་མཚན་བགྲངས།།

ཨེ་ཤི་ཡའི་མི་རིགས་ལ་སྡང་ཟུག་བྱེད་པར་རྔམ་སྟོན་ངོ་རྒོལ།
ཨེ་ཤི་ཡའི་མི་རིགས་ལ་སྡང་ཟུག་བྱེད་པར་རྔམ་སྟོན་ངོ་རྒོལ།

ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་ཁྱབ་ནས་བཟུང་སྟེ་ཨེ་ཤི་ཡའི་མི་རིགས་ཁག་དང་ཞི་བདེ་རྒྱ་མཚོའི་གླིང་ཕྲན་ཁག་གི་མི་རིགས་རྣམས་ལ་སྡང་ཟུག་བྱུང་བའི་གནས་ཚུལ་༦༦༠༠་བྱུང་བ་ཐོ་འགོད་བྱུང་། ཉེ་ཆར་ཁེ་ལི་ཧྥོར་ཎི་ཡ་མངའ་སྡེའི་སློབ་གྲྭ་ཆེན་མོའི་སྡང་ཟུག་དང་མཐའ་ལྷུང་ཞིབ་འཇུག་ཁང་གིས་སྙན་ཐོ་བཏོན་པ་དེར་འཁོད་པ་ལྟར་ན། ༢༠༢༠་ལོའི་དུས་ཚིགས་དང་པོར་ཨ་མི་རི་ཀའི་གྲོང་ཁྱེར་ཆེ་ཁག་ཏུ་ཨ་རིའི་ཨེ་ཤི་ཡའི་མི་རིགས་ཁག་ལ་སྡང་ཟུག་བྱུང་བ་དང་༢༠༢༡་ལོའི་དུས་ཚིགས་དང་པོར་ཨ་རིའི་ཨེ་ཤི་ཡའི་མི་རིགས་ཁག་ལ་སྡང་ཟུག་བྱུང་བ་གཉིས་བསྡུར་ཚེ། ད་ལོའི་དུས་ཚིགས་དང་པོ་འདིར་ཨ་རིའི་ཨེ་ཤི་ཡའི་མི་རིགས་ཁག་ལ་སྡང་ཟུག་དང་རྒོལ་རྡུང་འབྱུང་རྒྱུ་བརྒྱ་ཆ་༡༦༤་མང་དུ་སོང་འདུག དེར་བརྟེན་ཉེ་དུས་ཤིག་ནས་ཨ་རིའི་གྲོང་ཁྱེར་ཁག་ཏུ་ཨེ་ཤི་ཡའི་མི་རིགས་ལ་སྡང་ཟུག་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས་ཞེས་འཕྲེད་དར་འཕྱར་ནས་ཁྲོམ་སྐྱོར་བྱས་ཤིང་། ཨ་རིའི་དམངས་གཙོ་ཚོགས་པའི་འཐུས་མི་ཚོས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་ཏོག་དབྱིབས་ནད་དུག་༡༩་པར་རྒྱ་ནད་རེད་ཅེས་བཀྲལ་བའི་རྗེས་སུ་ཨ་རིའི་སྤྱི་ཚོགས་སུ་ཨེ་ཤི་ཡའི་མི་རིགས་ཁག་ལ་སྡང་ཟུག་བྱ་རྒྱུ་འགོ་ཚུགས་སོང་ཞེས་སྐྱོན་བཙུགས། ལོ་འདིའི་ཕྱི་ཟླ་༣་པར་ཨ་མི་རི་ཀའི་འཇོར་ཇཱི་ཡ་མངའ་སྡེའི་ཨེ་ཊི་ལན་ཊ་གྲོང་ཁྱེར་དུ་མི་ཞིག་གིས་མེ་མདའ་བརྒྱབ་ནས་ཨེ་ཤི་ཡའི་བུད་མེད་༦་ཚུད་པའི་མི་༨་བསད་ནས་བཟུང་། ཨ་རིའི་གྲོས་ཚོགས་སུ་སྡང་ཟུག་བཀག་སྡོམ་གྱི་བཅའ་ཁྲིམས་ཤིག་གཏན་འབེབས་བྱ་དགོས་ཀྱི་འདུག་ཅེས་ཁྲིམས་གཞི་མཚམས་སྦྱོར་བྱས་འདུག

ཨ་རིའི་ཨེ་ཤི་ཡའི་མི་རིགས་མང་སའི་གྲོང་ཁྱེར་ནེའུ་ཡོག་དང་ལོ་སི་ཨན་ཇི་ལི་སི། སན་ཧྥ་རན་སི་སི་ཀ་སོགས་ས་གནས་མང་དག་ཅིག་ཏུ་ཨེ་ཤི་ཡའི་མི་རིགས་ཁག་གིས་རང་སྲུང་དང་རྒོལ་ལན་སློག་པའི་དྲག་རྩལ་སྦྱོང་བརྡར། ཨེ་ཤི་ཡའི་མི་རིགས་ཁག་གི་དང་བླངས་ཞབས་ཞུ་བ་ཚོས་འཕྲོག་བཅོམ་དང་རྡུང་རྡེག་ལ་འགོག་རྒོལ་སྐོར་གཡེང་བྱ་རྒྱུ་འགོ་ཚུགས། སྲིད་འཛིན་བྷ་ཌན་གྱིས་མི་རིགས་མཐོང་ཆུང་ནི་ཨ་མི་རི་ཀའི་སྤྱི་ཚོགས་སུ་ཡུན་རིང་ནས་ཁྱབ་པའི་དུག་རྒྱུན་ངན་པ་ཞིག་རེད། ཨ་མི་རི་ཀའི་ཨེ་ཤི་ཡའི་མི་རིགས་ཁག་ཏོག་དབྱིབས་ནད་དུག་གི་བགེགས་གླུད་དུ་གྱུར་པ་རེད། འདས་པའི་ལོ་དེར་ཨེ་ཤི་ཡའི་ཨ་རི་བ་མང་དག་ཅིག་ལ་སྒོ་ཕྱེ་ནས་ཕྱི་རུ་བསྐྱོད་ན་རང་ལ་བདེ་འཇགས་འབྱུང་རྒྱུ་ཡིན་མིན་གྱི་བློ་འཚབ་བྱུང་ཡོད། ཀོང་ཧྥུ་ནད་དུག་དང་རྒྱ་ནད་སོགས་མི་རིགས་དབྱེ་འབྱེད་ཀྱི་ངན་སྨོད་བྱས་པ་དེ་དག་གིས་ཨེ་ཤི་ཡའི་ཨ་མི་རི་ཀ་བ་ཚོར་སྡང་ཟུག་ཕོག་པ་རེད་ཅེས་སྐྱོན་བརྗོད་བྱས་འདུག སྲིད་འཛིན་བྷ་ཌན་གྱིས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ཞེས་དངོས་སུ་མིང་འབོད་མ་བྱས་ཀྱང་རྒྱ་ནད་དང་ཀོང་ཧྥུ་ནད་དུག་ཅེས་ཏོག་དབྱིབས་ནད་དུག་ལ་འགྲེལ་བཤད་བརྒྱབ་ནས་ཨ་མི་རི་ཀའི་ཨེ་ཤི་ཡའི་མི་རིགས་ཁག་ལ་སྡང་ཟུག་དང་རྡུང་རྡེག་ཕོག ཨ་མི་རི་ཀའི་མི་རིགས་དཀར་པོ་མཆོག་འཛིན་གྱི་གསར་འགྱུར་ལས་ཁང་ཁག་གིས་ཨེ་ཤི་ཡའི་མི་རིགས་ལ་རྒོལ་རྡུང་འཕོག་གི་ཡོད་པ་ནི་མི་རིགས་དབྱེ་དབྱེད་དང་མཐོང་ཆུང་གི་གནད་དོན་ཞིག་མ་རེད། ཁྲིམས་འགལ་བ་དང་འཕྲོག་བཅོམ་བྱེད་མཁན་ནི་སྤྱི་ཚོགས་ཀུན་ཏུ་ཡོད། ཇཱོ་བྷ་ཌན་གྱིས་ཅིའི་ཕྱིར་མི་རིགས་གཞན་ཁག་གིས་ཨ་མི་རི་ཀའི་མི་རིགས་དཀར་པོར་རྡུང་རྡེག་དང་སྡང་ཟུག་བྱེད་ཀྱི་ཡོད་པར་སྐྱོན་བརྗོད་བྱེད་ཀྱི་མེད་པ་རེད་ཅེས་སྡང་ཟུག་བཀག་སྡོམ་གྱི་བཅའ་ཁྲིམས་དེར་ངོ་རྒོལ་གྱི་གླེང་སློང་ཤུགས་ཆེན་བྱས་འདུག།

XS
SM
MD
LG