ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༢/༠༥/༡༨

ཨུ་རུ་སུ་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཁོངས་ནས་ཕྱིར་འབུད་བྱ་དགོས་ཟེར།


༄༅།། ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨུ་རུ་སུར་ཕྱི་འབྲེལ་དང་དཔལ་འབྱོར། ཚོང་ལས་བཅས་ཀྱི་འབྲེལ་བ་བཅད་ནས་གྲོགས་མེད་ཁེར་རྐྱང་དུ་འཇོག་དགོས། ཨུ་རུ་སུ་འཛམ་གླིང་གི་དཔལ་འབྱོར་སྟོབས་ཅན་རྒྱལ་ཁབ་༢༠་ཐམ་པའི་ཚོགས་ཁོངས་ནས་ཕྱིར་འབུད་གཏོང་དགོས། ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་སློང་གི་ཡོད་པར་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ཉེས་ཆད་གཅོད་རྒྱུ་སྔར་ལས་ཤུགས་ཆེ་རུ་གཏོང་དགོས། གལ་སྲིད་འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་རྒྱལ་ཁབ་༢༠་ཐམ་པའི་ཚོགས་འཐུས་ཚོར་ཨུ་རུ་སུ་ཕྱིར་འབུད་གཏོང་འདོད་མེད་ན་ཡུཀ་རེན་ཚོགས་པ་འདིར་ངེས་པར་དུ་འཇུག་དགོས་ཞེས་གྲོས་གཞི་བཏོན། དེ་རིང་གི་ཨ་རི་ཞེས་པའི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་གཟའ་ཕུར་བུའི་ཉིན་བྷེལ་ཇམ་གྱི་རྒྱལ་ས་བྷ་ར་སིལ་སི་གྲོང་ཁྱེར་དུ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཛ་དྲག་གི་ཚོགས་ཆེན་ཐོག་ཏུ་སྲིད་འཛིན་བྷ་ཌན་གྱིས་ཨུ་རུ་སུས་ཡུཀ་རེན་ལ་རྫས་འགྱུར་མཚོན་ཆས་རྒོལ་རྡུང་བྱ་རྒྱུའི་ཉེན་ཁ་འདུག གལ་སྲིད་ཨུ་རུ་སུས་ཡུཀ་རེན་ལ་རྫས་འགྱུར་མཚོན་ཆས་གཏོར་རྒོལ་བྱེད་ན་ཨ་མི་རི་ཀ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་རྒོལ་ལན་སློག་རྒྱུ་ཡིན། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་རྒོལ་ལན་སློག་སྟངས་ནི་ཨུ་རུ་སུས་རྫས་འགྱུར་མཆོན་ཆ་བཀོལ་སྤྱོད་བྱ་རྒྱུ་ཡིན་མིན་ལ་རག་ལས་པ་ཞིག་རེད་ཅེས་གསར་འགོད་ལྷན་ཚོགས་བསྐོངས། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལ་ངོ་མར་རྫས་འགྱུར་མཚོན་ཆ་བཀོལ་སྤྱོད་བྱ་འཆར་ཡོད་པ་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཤེས་རྟོགས་བྱུང་ཡོད་མེད་སོགས་སྲིད་འཛིན་བྷ་ཌན་གྱིས་གསལ་བཀྲོལ་མ་བྱུང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་གྱིས་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཞི་བའི་མི་སེར་རྣམས་དམིགས་འབེན་དུ་བཟུང་ནས་དམར་གསོད་བྱས་ཏེ་དམག་འཁྲུག་གི་ནག་ཉེས་བསགས་འདུག་ཅེས་བཤད། འཛམ་གླིང་རྒྱལ་ཁབ་ཁག་ཅིག་གིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་གཏུག་དགོས་ཞེས་གླེང་སློང་བྱ་རྒྱུ་མགོ་བརྩམས།།

༢༠༡༤་ལོར་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཁེ་རེ་མི་ཡ་གླིང་ཟུར་བཙན་འཕྲོག་བྱས་པའི་རྗེས་སུ་ཨུ་རུ་སུ་འཛམ་གླིང་གི་བཟོ་ཚོང་ཡར་ཐོན་རྒྱལ་ཁབ་༨་ཀྱི་ཚོགས་ཁོངས་ནས་བསྐྲད། དེང་སྐབས་ཚོགས་པ་དེར་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་བདུན་གྱི་མཐུན་ཚོགས་ཞེས་འབོད། ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་ཟླ་བ་གཅིག་ཕྱིན་པའི་མཚམས་འདིར་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུའི་གཞུང་གཉེར་བཟོ་ཚོང་ལས་ཁུངས་༤༨་དང་གྲོས་ཚོགས་འོག་མར་འཐུས་མི་༣༢༨་ཡོད་པ་ཐམས་ཅད། ད་དུང་ཨུ་རུ་སུའི་འབྱོར་ལྡན་པ་བཅུ་ཕྲག་འགའ་ཞིག་བཅས་ཁྱོན་བསྡོམས་སྡེ་ཚོགས་༤༠༠་ལྷག་ལ་དཔལ་འབྱོར་དང་ཚོང་ལས། འགྲིམ་འགྲུལ་བཀག་སྡོམ་གྱི་ཉེས་ཆད་བཅད། ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་ཟླ་བ་གཅིག་གི་ནང་དུ་ཨུ་རུ་སུའི་དཔལ་འབྱོར་ཕྱེད་ཀ་ཙམ་ཉམས་ཆག་ཕྱིན་ཡོད་པའི་གནས་ཚུལ་ཐོན། ཨ་མི་རི་ཀའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོས་འདས་པའི་ལོ་བཅོ་ལྔའི་རིང་ཨུ་རུ་སུའི་དཔལ་འབྱོར་འཕེལ་རྒྱས་ཕྱིན་པའི་གྲུབ་འབྲས་རྣམས་ཡུཀ་རེན་གྱི་དམག་འཁྲུག་གིས་མེད་བརླག་ཏུ་བཏང་སོང་། ཟླ་བ་གཅིག་གི་རིང་འདིར་ཨུ་རུ་སུའི་དངོས་ཟོག་རིན་གོང་བརྒྱ་ཆ་༡༥་ལྷག་འཕར་འདུག ཡུཀ་རེན་ལ་བཙན་འཛུལ་མ་བྱས་གོང་དུ་ཨུ་རུ་སུ་འཛམ་གླིང་གི་དཔལ་འབྱོར་སྟོབས་ཤུགས་ཨང་༡༡་པ་ཡིན་རུང་ད་ལྟ་ཨང་༢༠་པར་ལྷུང་འདུག ཨུ་རུ་སུར་ཚོང་འབྲེལ་བཅད་ནས་དེང་རབས་ཀྱི་འཕྲུལ་རིག་ལག་རྩལ་ཕྱིར་ཚོང་བྱེད་ཀྱི་མེད་པ་སོགས་ཀྱིས་དཔལ་འབྱོར་གོང་འཕེལ་གཏོང་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད་ཅེས་བསྟན། མཉམ་འབྲེལ་གསར་ཁང་གིས་ཨ་རི་བ་༡༠༨༢་ལ་བསམ་ཚུལ་དྲིས་པའི་གྲུབ་འབྲས་ལྟར་ན། ཨ་རི་བ་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༦༨་ནས་༧༠་ཡས་མས་ཤིག་གིས་སྲིད་འཛིན་བྷ་ཌན་གྱིས་ཨུ་རུ་སུར་ཉེས་ཆད་གཅོད་ཀྱི་ཡོད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་མ་ཟད། མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༥༦་གིས་སྲིད་འཛིན་བྷ་ཌན་གྱིས་ཨུ་རུ་སུར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ། ཡུཀ་རེན་ལ་དཔལ་འབྱོར་དང་མཚོན་ཆ་རོགས་རམ་སྤྲོད་རྒྱུ་ཤུགས་ཆེ་རུ་གཏོང་དགོས་ཀྱི་འདུག་ཅེས་ལན་བཏབ།།

སྲིད་འཛིན་བྷ་ཌན་གྱིས་ཨ་མི་རི་ཀས་ཡུཀ་རེན་ལ་ཨ་སྒོར་དུང་ཕྱུར་༡༠་ཐམ་པས་མི་ཆོས་རིང་ལུགས་ཀྱི་དཔལ་འབྱོར་རོགས་རམ་སྤྲོད་རྒྱུ་ཡིན། ཨ་སྒོར་དུང་ཕྱུར་བཅུའི་རོགས་དངུལ་རྣམས་ཡུཀ་རེན་མི་དམངས་ལ་བཟའ་ཆས་དང་གནས་མལ། འཐུང་ཆུ་གཙང་མ་དང་སྨན་སོགས་ཉོ་སྒྲུབ་བྱེད་པར་འགྲོ་གྲོན་གཏོང་དགོས། ངས་སྲིད་འཛིན་གྱི་ལས་འགན་ཁུར་བའི་རྗེས་སུ་ཡུཀ་རེན་ལ་ཨ་སྒོར་དུང་ཕྱུར་༢༠་ཐམ་པའི་མཚོན་ཆ་དང་དམག་དོན་ཡོ་བྱད་རོགས་རམ་སྤྲོད་རྒྱུའི་ཁས་ལེན་བྱས་པ་ཡིན། ཡུཀ་རེན་ལ་མཁའ་དབྱིངས་སྲུང་སྐྱོབ་ཀྱི་མ་ལག་དང་མདེའུ་སོགས་མཚོན་ཆ་རྣམ་གྲངས་མང་པོ་ཞིག་མཁོ་སྤྲོད་བྱས་དང་བྱེད་བཞིན་ཡོད། ཨ་མི་རི་ཀས་ཡུཀ་རེན་གྱི་སྐྱབས་བཅོལ་བ་འབུམ་༡་ལེན་རྒྱུ་ཡིན་ཞེས་གསར་འགོད་ལྷན་ཚོགས་ཐོག་ཏུ་བསྒྲགས། ཡིན་ནའང་ཡུཀ་རེན་གྱི་སྐྱབས་བཅོལ་བ་མང་ཆེ་བ་རང་ཡུལ་ལ་བར་ཐག་ཉེ་ས་ཡུ་རོབ་རྒྱལ་ཁབ་ཁག་ཏུ་གནས་སྡོད་བྱ་འདོད་ཡོད་པའི་རྣམ་པ་ཞིག་ཐོན། སྲིད་འཛིན་བྷ་ཌན་ནས་ཡུཀ་རེན་གྱི་དམག་འཁྲུག་གིས་འཛམ་གླིང་ཡོངས་ལ་འབྲུ་རིགས་ཆད་སྲིད་པའི་ཉེན་ཁ་འཕྲད་ཀྱི་རེད། ཨུ་རུ་སུ་དང་ཡུཀ་རེན་གཉིས་ཀ་འབྲུ་རིགས་ཀྱི་ཐོན་ཁུངས་གཙོ་བོ་ཞིག་རེད། ཡུཀ་རེན་གྱི་དམག་འཁྲུག་གིས་ཨུ་རུ་སུ་དང་ཡུཀ་རེན་གྱི་འབྲུ་རིགས་ཐོན་སྐྱེད་མེད་པར་འགྱུར་སྲིད། དེར་བརྟེན་ཨ་མི་རི་ཀ་དང་ཁེ་ན་ཌ་གཉིས་ཀྱིས་འཛམ་གླིང་ཡོངས་ལ་འབྲུ་རིགས་ཐོན་སྐྱེད་མ་ཆད་པ་ཞིག་བྱ་རྒྱུའི་འགན་ཁུར་ལེན་དགོས་ཞེས་བཤད། གཟའ་འཁོར་འདིར་སྲིད་འཛིན་བྷ་ཌན་ཡུ་རོབ་ལ་མ་ཕེབས་སྔོན་དེར་ཡུ་རོབ་མཉམ་འབྲེལ་གྱིས་ཡུཀ་རེན་ལ་དམག་དོན་འགྲོ་གྲོན་ཨ་སྒོར་དུང་ཕྱུར་༥་དང་ཕྱེད་ཀ་ལྷག་རོགས་རམ་སྤྲོད་རྒྱུའི་ཁས་ལེན་བྱས་འདུག

དེ་རིང་ཕྱི་ཟླ་༣་པའི་ཚེས་༢༥་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་མི་དམངས་ལ་སྙིང་སྟོབས་ཞུམ་པ་མེད་པར་ཨུ་རུ་སུའི་བཙན་འཛུལ་ལ་འཐབ་རྒོལ་བྱ་དགོས། སྐད་གཅིག་རེ་རེས་ང་ཚོའི་ལས་དབང་དང་མདུན་ལམ། ཡུཀ་རེན་མི་དམངས་རྣམས་འཚོ་གནས་བྱེད་ཐུབ་མིན་ཐག་གཅོད་བྱེད་ཐུབ། ང་ཚོ་རྒྱལ་ཁའི་ཕྱོགས་སུ་སྐྱོད་ཀྱི་ཡོད་ཅེས་གཏམ་བཤད་བྱས་ནས་མི་དམངས་ལ་སེམས་ཤུགས་སྤར། ཁོང་གིས་ཡུ་རོབ་མཉམ་འབྲེལ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ཡུཀ་རེན་ལ་རོགས་སྐྱོར་འཕར་མ་སྤྲོད་རྒྱུའི་ཁས་ལེན་བྱས་པར་བཀའ་དྲིན་ཆེ། ཡུཀ་རེན་མྱུར་དུ་ཡུ་རོབ་མཉམ་འབྲེལ་ཁོངས་སུ་འཇུག་དགོས་པའི་འབོད་སྐུལ་ཞུས། ཡིན་ནའང་སྲིད་འཛིན་ཛེ་ལན་སི་ཀིས་ཡུཀ་རེན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་འཇུག་དགོས་ཞེས་མ་གླེང་། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་བཏོན་པའི་དགོས་འདུན་མཐའ་དག་སྒྲུབ་ཐུབ་ཀྱི་མེད་ཀྱང་ཨུ་རུ་སུར་ཉེས་ཆད་གཅོད་རྒྱུ་ཤུགས་ཆེ་རུ་གཏོང་བ་དང་ཡུཀ་རེན་ལ་རོགས་སྐྱོར་འཕར་མ་སྤྲོད་རྒྱུའི་གྲོས་མཐུན་བྱུང་ཞིང་། ཧྥིན་ལན་ཌི་གཞུང་གིས་ཡུཀ་རེན་ལ་མཚོན་ཆ་རོགས་རམ་སྤྲོད་རྒྱུ་མང་དུ་གཏོང་ཆོག་ཟེར་བ་དང་བྷེལ་ཇམ་གཞུང་གིས་རང་གི་རྒྱལ་སྲུང་འགྲོ་གྲོན་ཡུ་སྒོར་དུང་ཕྱུར་༡༠་མང་དུ་གཏོང་ཆོག་ཅེས་ཁས་བླངས། ཨུ་རུ་སུའི་གནམ་དམག་གིས་འཕུར་མདེལ་དང་རྒྱང་ནས་མེ་སྒྱོགས་བརྒྱབ་སྟེ་ཡུཀ་རེན་ལ་མུ་མཐུད་དུ་གཏོར་རྒོལ་བྱེད་ཀྱི་ཡོད་ཀྱང་ཡུཀ་རེན་གྱི་གྲོང་ཁྱེར་ཆེ་ཁག་རྣམས་ཨུ་རུ་སུའི་དམག་གིས་ལེན་མ་ཐུབ། ཡུཀ་རེན་གྱིས་ཨུ་རུ་སུའི་ལྕགས་ཁྲབ་འཁོར་ལོ་སྐྱེལ་འདྲེན་བྱེད་སྤྱད་དམག་གྲུ་ཆེན་པོ་ཞིག་ལ་གཏོར་རྒོལ་བྱས་ནས་མེར་འཚིག ཨུ་རུ་སུའི་དམག་གྲུ་གཞན་རྣམས་ཡུཀ་རེན་གྱི་ལྷོ་ཕྱོགས་མཚོ་ཁ་ནས་རྒྱང་དུ་ཉེན་གཡོལ་ལ་འབྲོ་དགོས་བྱུང་འདུག

དེ་རིང་གི་ཨ་རི་ཞེས་པའི་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། སྲིད་འཛིན་བྷ་ཌན་ནས་རྒྱ་ནག་གིས་ཨུ་རུ་སུར་དཔལ་འབྱོར་དང་མཚོན་ཆ་རོགས་རམ་མི་སྤྲོད་པའི་རེ་བ་ཡོད། ཞིས་ཅིན་ཕིང་གིས་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས་ཀྱི་མདུན་ལམ་ནུབ་ཕྱོགས་ལ་བརྟེན་ཡོད་པ་དང་ཨུ་རུ་སུར་བརྟེན་མེད་པ་ངོས་ཟིན་ཡོད་ཤས་ཆེ། དེས་ན་ཞིས་ཅིན་ཕིང་གིས་རྒྱ་ནག་གི་ཁེ་ཕན་དོན་དུ་ཨུ་རུ་སུར་དཔལ་འབྱོར་དང་མཚོན་ཆ་རོགས་རམ་མི་སྤྲོད་པའི་རེ་བ་ཆེན་པོ་ཡོད་ཅེས་བསྐྱར་དུ་བཟློས། སྲིད་འཛིན་བྷ་ཌན་གྱིས་གསར་འགོད་ལྷན་ཚོགས་ཐོག་ཏུ་རྒྱ་ནག་གིས་ཨུ་རུ་སུར་དཔལ་འབྱོར་དང་མཚོན་ཆ་རོགས་རམ་སྤྲོད་ཀྱི་ཡོད་མེད་གསལ་པོ་མ་བཤད། ཕོ་བྲང་དཀར་པོའི་ལས་སྣེ་ཚོས་ད་སྔ་རྒྱ་ནག་གིས་ཨུ་རུ་སུར་དཔལ་འབྱོར་དང་མཚོན་ཆ་རོགས་རམ་སྤྲོད་ཀྱི་ཡོད་པའི་རྟགས་མཚན་མི་འདུག་ཅེས་བཀྲལ། བདུན་ཕྲག་སྔོན་མར་སྲིད་འཛིན་བྷ་ཌན་གྱིས་ཞིས་ཅིན་ཕིང་ལ་བརྙན་ལམ་དུ་ཐུག་འཕྲད་གྲོས་མོལ་བྱས་ནས་ཨུ་རུ་སུར་དཔལ་འབྱོར་དང་མཚོན་ཆ་རོགས་རམ་སྤྲོད་མི་ཆོག རྒྱ་ནག་གིས་ཨུ་རུ་སུར་རྒྱབ་སྐྱོར་བྱེད་ན་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་དྲག་པོ་གཅོད་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་ཞིང་། ཁ་སང་གི་གསར་འགོད་ལྷན་ཚོགས་ཐོག་ཏུ་སྲིད་འཛིན་བྷ་ཌན་གྱིས་ངས་ཞིས་ཅིན་ཕིང་ལ་ཉེན་བརྡ་གང་ཡང་བཏང་མེད། རྒྱ་ནག་གིས་ཨུ་རུ་སུར་རྒྱབ་སྐྱོར་བྱེད་ན་མཇུག་འབྲས་ཅི་ཞིག་སྨིན་རྒྱུ་ཡིན་པ་ཞིས་ཅིན་ཕིང་ལ་གོ་བརྡ་གསལ་པོ་འཕྲོད་ཡོད་ཅེས་འགྲེལ་བཤད་བསྐྱོན། ཨ་མི་རི་ཀ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཚོས་ཡུཀ་རེན་གྱི་དམག་འཁྲུག་རྗེས་སུ་ཨུ་རུ་སུ་ལོ་མང་རིང་དཔལ་འབྱོར་སླར་གསོ་མི་ཐུབ་པ་དང་དམག་འཁྲུག་གི་དཀའ་ངལ་འོག་ནས་ཐར་དཀའ་བ་ཞིག་ལ་བསྒྱུར་དགོས་པའི་སྲིད་ཇུས་འཛིན་ཕྱོགས་དེར་གྲོས་སྡུར་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG