ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༧/༡༥

 བྷ་ཌན་གྱིས་ཡུཀ་རེན་ལ་F-16་རྟགས་ཅན་གྱི་གནམ་གྲུ་སྟེར་རྒྱུའི་མོས་མཐུན། 


༄༅།། སྲིད་འཛིན་བྷ་ཌན་ནས་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་གྱི་གནམ་དམག་ཁ་ལོ་བ་ཚོར་F-16་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བཀོལ་སྤྱོད་བྱེད་སྟངས་སྦྱོང་བརྡར་སྤྲད། མཐར་ཡུཀ་རེན་ལ་F-16་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་སྤྲོད་རྒྱུར་འཐད་པ་ཡོད་པའི་རྣམ་འགྱུར་བསྟན། ཕྱི་ཟླ་༥་པའི་ཚེས་༢༣་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་མི་རི་ཀའི་གཞུང་གིས་ཟླ་བ་མང་པོར་ཡུཀ་རེན་ལ་F-16་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་སྤྲོད་དགོས་མིན་ནང་ཁུལ་དུ་གྲོས་སྡུར་དང་མཐུན་གྲོགས་རྒྱལ་ཁབ་ཁག་ལ་གྲོས་མོལ་ལྷུག་པོ་བྱས་པའི་རྗེས་སུ་ཐག་གཅོད་བྱས་པ་ཞིག་ཡིན་ཞིང་། བདུན་ཕྲག་སྔོན་མར་ཚོགས་པའི་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་བདུན་གྱི་ཆེས་མཐོའི་འགོ་ཁྲིད་ཚོའི་ཚོགས་འདུའི་ཐོག་ཏུ་སྲིད་འཛིན་བྷ་ཌན་གྱིས་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་F-16་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་སྤྲད་ན་དགག་བྱ་མེད་ཅེས་གསལ་བསྒྲགས་སྤེལ། འདས་པའི་ཟླ་བ་མང་པོར་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་F-16་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་དགོས་ཀྱི་འདུག་ཅེས་ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་ལ་ནན་གྱིས་བསྐུལ།།

ཨ་རིའི་གཞུང་གིས་ཡུཀ་རེན་ལ་F-16་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་སྤྲད་ན་ཨུ་རུ་སུར་འགལ་ཟླ་ཆེ་རུ་འགྲོ་སྲིད་པར་བློ་འཚབ་བྱུང་། དེ་བཞིན་ཡུཀ་རེན་གྱི་དམག་གིས་F-15་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བཀོལ་སྤྱོད་ཤེས་པར་སྦྱོང་བརྡར་སྤྲོད་རྒྱུར་ཡུན་རིང་འགོར། ཡུཀ་རེན་ལ་ཨ་རིའི་དམག་གི་གནམ་གྲུ་རྣམས་བཟོ་བཅོས་རྒྱག་ཐུབ་པའི་མཐུན་རྐྱེན་མེད། ཨ་མི་རི་ཀའི་བཟོ་གྲྭ་ཁག་ཏུ་F-16་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཁག་གི་ལྷུ་ལག་རྣམས་བཟོ་ཡི་མེད་པ་བཅས་ཀྱིས་ཡུཀ་རེན་ལ་འཐབ་འཛིང་གནམ་གྲུ་སྤྲོད་རྒྱུ་དེར་དགེ་མཚན་ཡོད་མེད་ཡུན་རིང་བསམ་ཞིབ་བྱས་མོད། འོན་ཀྱང་འདས་པའི་ཟླ་བ་གསུམ་གྱི་སྔོན་དེར་ཨ་མི་རི་ཀའི་གཞུང་གིས་ཡུཀ་རེན་གྱི་བདེ་འཇགས་ལ་དམིགས་ནས་གནམ་དམག་གི་ཁ་ལོ་བ་ཚོར་སྦྱོང་བརྡར་སྤྲོད་རྒྱུའི་ཐག་བཅད། ཡུ་རོབ་རྒྱལ་ཁབ་ནེ་དྷར་ལན་ཌི་དང་པོ་ལན་ཌི། ཌན་མག་སོགས་ཀྱིས་ཨ་རིའི་F-35་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཉོས་ཟིན་ཡོད་པས་F-16་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་རྙིང་པ་རྣམས་ཡུཀ་རེན་ལ་སྤྲོད་རྒྱུའི་གྲོས་འཆམ་བྱུང་།།

ཡུཀ་རེན་ལ་F-16་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་སྤྲོད་རྒྱུའི་ཐག་གཅོད་བྱུང་བའི་རྗེས་སུ་ཨུ་རུ་སུའི་ཝེ་གྷ་ནར་གླས་དམག་ཚོགས་པའི་འཐབ་མོ་བ་ཚོས་བྷག་མུ་ཏ་གྲོང་ཁྱེར་བླངས། ཕྱི་ཟླ་༥་པའི་ཚེས་༢༢་ཉིན་ཨེན་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་ནི་ཟླ་བ་༨་ལྷག་ལ་འཐབ་འཁྲུག་རྗེས་སུ་ཨུ་རུ་སུའི་དམག་ལ་རྒྱལ་ཁ་ཐོབ་པ་ཐེངས་དང་པོ་ཡིན་པར་མ་ཟད། སྲིད་འཛིན་ཕུ་ཊིན་གྱིས་བྷག་མུ་ཏའི་དམག་ས་ཁག་ཏུ་དཔའ་རྟགས་བཞག་པའི་འཐབ་མོ་བ་ཚོར་གསོལ་རས་གྱ་ནོམ་པ་སྤྲོད་ཆོག་ཅེས་ཁས་བླངས། ཉམས་ཞིབ་པ་ཚོས་བྷག་མུ་ཏ་གྲོང་ཁྱེར་ལ་དམག་དོན་འཐབ་ཇུས་སོགས་ཀྱི་རིན་ཐང་ཅི་ཡང་མི་འདུག ཡུཀ་རེན་གྱིས་དགུན་ཁའི་དུས་སུ་གྲ་སྒྲིག་བྱས་ནས་དཔྱིད་ཀྱི་དུས་འདིར་ཨུ་རུ་སུའི་བཙན་འཛུལ་དམག་ལ་ཕར་རྒོལ་ཆེན་པོ་ཞིག་བྱ་རྒྱུར་མངོན་དུ་ཕྱོགས་འདུག གཅིག་བྱས་ནས་ཨུ་རུ་སུའི་དམག་དཔུང་ཡུཀ་རེན་གྱི་གཡོ་འོག་ཏུ་ཚུད་པ་མིན་ནམ། ཡུཀ་རེན་གྱི་དམག་དཔུང་བྷག་མུ་ཏ་གྲོང་ཁྱེར་ནས་ཕྱིར་འཐེན་བྱས་ཏེ་གཞོགས་གཉིས་ནས་ཨུ་རུ་སུའི་བཙན་འཛུལ་དམག་མཐའ་སྐོར་གྱི་འདུག་ཅེས་བཤད།།

བྷག་མུ་ཏའི་འཐབ་འཁྲུག་ནི་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཡུ་རོབ་གླིང་དུ་བྱུང་མྱོང་མེད་པའི་འཐབ་འཁྲུག་ཅིག་རེད་ཅེས་ངོས་འཛིན་ཐོབ། ཨུ་རུ་སུའི་དམག་མི་རྣམས་ངལ་དུབ་ཀྱིས་མནར་བ་དང་དམག་གི་གོ་མཛོད་ཁག་སྟོང་པར་གྱུར། བྷག་མུ་ཏ་ནས་ཡུཀ་རེན་ལ་དཔུང་འཇུག་བྱ་རྒྱུ་དཀའ་ངལ་ཆེན་པོ་ཞིག་ཡིན་སྲིད་པའི་གནས་ཚུལ་ཐོན། ཕུ་ཊིན་གྱི་སྒེར་དམག་ཚོགས་པའི་འགོ་ཁྲིད་ཡེབ་གྷེ་ཎི་པ་རི་གྷོ་ཞིན་གྱིས་གླས་དམག་རྣམས་བྷག་མུ་ཏ་ནས་ཕྱིར་འཐེན་བྱ་རྒྱུ་དང་ས་ཆ་བླངས་ཟིན་པ་རྣམས་ཨུ་རུ་སུའི་དམག་ལ་རྩིས་སྤྲོད་བྱ་རྒྱུ་ཡིན་ཞེས་བསྒྲགས། ཨུ་རུ་སུའི་གསར་འགྱུར་ལས་ཁང་ཁག་གིས་བྷག་མུ་ཏ་གྲོང་ཁྱེར་བླངས་པའི་གསར་འགྱུར་སྤེལ་གྱི་ཡོད་ཀྱང་གྲོང་ཁྱེར་དེའི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་མི་ཁྲི་ཚོ་མང་པོ་བསད་རྨས་བྱུང་བ་རྣམས་སྒྲོགས་ཀྱི་མེད་ཅིང་། ཡུཀ་རེན་གྱི་གཞུང་འབྲེལ་མི་སྣ་ཚོས་བྷག་མུ་ཏ་གྲོང་ཁྱེར་ཧྲིལ་པོ་ཨུ་རུ་སུའི་དམག་ལ་ཤོར་མེད། གྲོང་ཁྱེར་དེའི་གཡས་གཡོན་གཉིས་ཡུཀ་རེན་གྱི་དམག་གིས་བཟུང་ཡོད་ཟེར། ཡུཀ་རེན་གྱི་སྐམ་དམག་བཀོད་འདོམས་པ་སིར་སི་ཀིས་ང་ཚོས་བྷག་མུ་ཏའི་ས་གནས་ཆུང་ཆུང་ཞིག་ལས་བཟུང་མེད་པ་བདེན་པ་རེད། ང་ཚོས་གཞོགས་གཉིས་ནས་བྷག་མུ་ཏ་གྲོང་ཁྱེར་མཐའ་སྐོར་གྱི་ཡོད། མཐའ་མཇུག་གྲོང་ཁྱེར་ཆ་ཚང་ཕྱིར་ལེན་བྱ་རྒྱུ་ཡིན་ཞེས་གསར་འགོད་པར་གླེང་མོལ་བྱས་འདུག

ཨེན་བྷི་སི་གསར་འགྱུར་ལས་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། གཟའ་ཉི་མའི་ཕྱི་དྲོར་ཡུཀ་རེན་གྱི་ཤར་ཕྱོགས་དམག་དཔུང་བཀོད་འདོམས་ཁང་གི་མགྲིན་ཚབ་པས་བྷག་མུ་ཏ་གྲོང་ཁྱེར་གྱི་ལྷོ་ནུབ་ཕྱོགས་སུ་ཡོད་པའི་ཁང་ཆེན་འགའ་ཞིག་ཡུཀ་རེན་གྱི་དམག་གིས་བཟུང་ཡོད། བྷག་མུ་ཏ་གྲོང་ཁྱེར་ཆ་ཚང་ཤོར་མེད། འཐབ་འཁྲུག་དེ་འཕེལ་རིམ་གསར་པ་ཞིག་ཏུ་བསླེབས་ཡོད་ཅེས་བཀྲལ། དབྱིན་ཇིའི་དམག་དོན་ཞིབ་འཇུག་ཁང་གི་འགན་འཛིན་མེལ་ཝིན་གྱིས་ཨུ་རུ་སུའི་ཝེ་གྷ་ནར་གླས་དམག་རྣམས་བྷག་མུ་ཏ་གྲོང་ཁྱེར་དཀྱིལ་དུ་འདུས། ཁོ་ཚོས་གཞོགས་གཉིས་ཀྱི་ས་ཆ་རྣམས་ཨུ་རུ་སུའི་དམག་གིས་ལེན་དགོས་ཞེས་བསྐྱུར། ཨུ་རུ་སུའི་དམག་གིས་བྷག་མུ་ཏ་གྲོང་ཁྱེར་གྱི་གཞོགས་གཉིས་ལེན་མ་ཐུབ། ད་ལྟ་ཡུཀ་རེན་གྱི་དམག་གིས་ཝེ་གྷ་ནར་གླས་དམག་ཚོགས་པའི་འཐབ་མོ་བ་རྣམས་མཐའ་བསྐོར། དེ་ནས་ཝེ་གྷ་ནར་གླས་དམག་ཚོགས་པའི་འཐབ་མོ་བ་ཚོར་རྒྱགས་ཆས་དང་མཚོན་ཆ། རྒྱབ་གནོན་ཆད་ནས་རྩ་མེད་གཏོང་སྲིད་ཅེས་ཉེན་བརྡ་བཏང་འདུག

ཕྱི་ཟླ་༥་པའི་ཚེས་༢༢་ཉིན་ནེའུ་ཡོག་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨུ་རུ་སུའི་དམག་གིས་བྷག་མུ་ཏ་གྲོང་ཁྱེར་གཅིག་པུའི་དོན་དུ་གཅིག་ཡས་མས་ཤིག་ལ་དམག་འཁྲུག་བརྒྱབ། ད་སྔ་རང་བཙན་གྱི་གསར་འགྱུར་ལས་ཁང་གིས་བྷག་མུ་ཏའི་དམག་འཁྲུག་སྐབས་སུ་ཨུ་རུ་སུའི་དམག་མི་ཅི་ཙམ་བསད་རྨས་བྱུང་མིན་གཞི་གྲངས་མ་ཐོན། ཡུཀ་རེན་གྱི་དམག་དོན་གསང་བའི་ལས་ཁང་གིས་བྷག་མུ་ཏའི་དམག་འཁྲུག་དུས་སུ་ཨུ་རུ་སུའི་དམག་མི་ཁྲི་ཚོ་༢་ལྷག་བསད་པ་དང་དམག་མི་འབུམ་༡་ལྷག་རྨས། ཨུ་རུ་སུའི་དམག་མི་བསད་པ་རྣམས་ཀྱི་ཕུང་པོ་སྟོང་ཕྲག་མང་པོར་བདག་པོ་མེད་པར་དམག་ས་ཁག་ཏུ་རུལ་གྱི་འདུག་ཅེས་གཞི་གྲངས་བཏོན། གཟའ་མཇུག་དེར་ཨུ་རུ་སུའི་གསར་འགྱུར་མདོ་འཛིན་པ་ཞིག་གིས་བྷག་མུ་ཏ་གྲོང་ཁྱེར་བླངས་པ་ནི་༡༩༤༥་ལོར་ཨུ་རུ་སུའི་དམར་དམག་གིས་འཇར་མན་ཎིའི་རྒྱལ་ས་བྷར་ལིན་བླངས་པ་དང་གཅིག་མཚུངས་རེད་ཅེས་དཔེ་རུ་བཀོད། སྲིད་འཛིན་ཕུ་ཊིན་གྱིས་བྷག་མུ་ཏ་གྲོང་ཁྱེར་ལེན་པར་ཨུ་རུ་སུའི་གཞུང་གིས་མི་རྒྱུ་གཉིས་ཀྱི་འགྲོ་གྲོན་ཅི་ཙམ་བཏང་བ་མི་དམངས་ལ་གསང་བ་བྱས་ཡོད་པའི་གནས་ཚུལ་ཐོན།།

སྔོན་ཆད་བྷག་མུ་ཏ་གྲོང་ཁྱེར་དུ་ཡུལ་མི་ཁྲི་ཚོ་༨་ལྷག་ཡོད་ཀྱང་ཟླ་བ་མང་པོའི་དམག་འཁྲུག་རྗེས་སུ་གྲོང་ཁྱེར་དེ་ཐལ་བའི་རྡུལ་དུ་བརླགས། གྲོང་ཁྱེར་དེར་གློག་དང་འཐུང་ཆུ་བཅད་ཡོད་པས་ཨུ་རུ་སུ་དང་ཡུཀ་རེན་གྱི་དམག་དཔུང་སུ་འདྲ་ཞིག་ཡིན་རུང་དམག་ས་བཟུང་ནས་འདུག་དཀའ། བྷག་མུ་ཏའི་དམག་འཁྲུག་སྐབས་སུ་ཡུཀ་རེན་གྱི་དམག་ལའང་བསད་རྨས་ཚབས་ཆེན་བྱུང་ཡོད་ངེས་ཀྱང་གནས་ཚུལ་དེ་གསང་བ་བྱས་ནས་ཕྱི་རུ་མི་སྒྲོགས། ཉམས་ཞིབ་པ་ཚོས་ཨུ་རུ་སུའི་དམག་གིས་བྷག་མུ་ཏ་གྲོང་ཁྱེར་བླངས་པ་ནི་མཚོན་དོན་ཙམ་དང་ཆབ་སྲིད་ཀྱི་དྲིལ་བསྒྲགས་ལ་ཕན་ཐོགས་ཡོད་ཤས་ཆེ་ཟེར། རྒྱལ་སྤྱིའི་འཐབ་ཇུས་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་བྷན་བྷེ་རིས་བྷག་མུ་ཏ་གྲོང་ཁྱེར་ཐོབ་པ་ནི་ཕན་ཐོགས་མེད་པའི་རྒྱལ་ཁ་ཞིག་རེད། ཨུ་རུ་སུར་གསབ་ཐབས་བྲལ་བའི་གྱོང་གུད་ཕོག མ་འོངས་པར་ཨུ་རུ་སུའི་དམག་གིས་བྷག་མུ་ཏ་གྲོང་ཁྱེར་འཛིན་ཐུབ་རྒྱུ་ཡིན་མིན་ཡང་ཐེ་ཚོམ་རེད། ཡུཀ་རེན་གྱི་དམག་གིས་དཔུང་འཇུག་བྱས་པའི་རྗེས་སུ་གནས་ཚུལ་ཅི་འབྱུང་ངེས་པ་མེད་ཅེས་སྨྲས།།

ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་ཡིག་ཆ་ཕྱི་ལ་གྱར་པ་དེའི་ནང་དུ་འཁོད་པ་ལྟར་ན། ཨ་རིའི་གསང་བའི་ལས་ཁུངས་ནས་ཨུ་རུ་སུའི་དམག་གིས་ཌོན་བྷ་སི་མངའ་ཁུལ་དུ་ཡུཀ་རེན་གྱི་དམག་ལ་འགོག་རྒོལ་བྱེད་ཀྱི་ཡོད་པར་ནུས་པ་ཐོན་ས་མ་རེད། ཨུ་རུ་སུའི་དམག་ལ་མཚོན་ཆ་དང་མདེའུ། དམག་རྒྱག་གི་མཐུན་རྐྱེན་རྣམས་ཟད། དམག་མི་ཚོར་ལུས་སེམས་གཉིས་ཀྱི་དཀའ་ངལ་ཕྲད་ནས་ཕུ་ཊིན་གྱི་དམག་དོན་སྲིད་ཇུས་ལ་ཞེན་པ་ལོག ༢༠༢༣་བརྒལ་ནས་ཨུ་རུ་སུས་དམག་འཁྲུག་ཡུན་བསྲིང་ཐུབ་རྒྱུ་དཀའ་བར་སྣང་ཞེས་གསལ། ཨ་རིའི་རྒྱལ་ཡོངས་གསང་བའི་ལས་ཁུངས་ཁག་གི་སྤྱི་ཁྱབ་འགན་འཛིན་གྱིས་གྲོས་ཚོགས་གོང་མའི་དམག་དོན་ཚོགས་ཆུང་ལ་ཨུ་རུ་སུའི་གཞུང་གིས་སླར་ཡང་དམག་སྐུལ་མ་བྱས་པ་དང་ཨི་རན་དང་བྱང་ཀོ་རི་ཡ་སོགས་མ་ཡིན་པར་མཚོན་ཆ་མཁོ་སྤྲོད་བྱེད་མཁན་རྒྱལ་ཁབ་གཞན་པ་མེད་ཚེ། ཨུ་རུ་སུའི་གཞུང་གིས་དམག་འཁྲུག་རྒྱུན་འཁྱོངས་བྱེད་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད་ཅེས་སྙན་སེང་ཞུས། པ་རི་གྷོ་ཞིན་གྱིས་ང་ཚོར་མཚོན་ཆ་མཁོ་སྤྲོད་དང་དམག་དཔུང་བསྐྱར་སྒྲིག་མ་བྱུང་ན་ཕྱི་ཟླ་༦་པའི་ཚེས་༡་ནས་ཝེ་གྷ་ནར་གླས་དམག་ཚོགས་པའི་འཐབ་མོ་བ་གཅིག་ཀྱང་དམག་སར་བསྐྱོད་རྒྱུ་མིན་ཞེས་སྡིགས་ར་བསྐུལ་བའི་གནས་ཚུལ་ཐོན་འདུག

XS
SM
MD
LG