ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༢/༡༡/༢༨

བྷ་ཌན་གྱིས་ཞིས་ཅིན་ཕིན་ལ་ཨ་རྒྱ་གཉིས་མཉམ་འབྲེལ་བྱ་དགོས་པའི་ནན་སྐུལ། 


༄༅།། ཨིན་རྡུ་ནེ་ཤི་ཡའི་བྷ་ལི་ས་གནས་སུ་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་དང་རྒྱ་ནག་གི་གཙོ་འཛིན་ཞིས་ཅིན་ཕིང་གཉིས་ཐུག་འཕྲད་བྱུང་། སྲིད་འཛིན་བྷ་ཌན་གྱིས་ཞིས་ཅིན་ཕིན་ལ་ཨ་རྒྱ་གཉིས་མཉམ་འབྲེལ་བྱེད་པའི་ཐབས་ལམ་ཞིག་འཚོལ་ཐུབ་པའི་རེ་བ་ཡོད་ཅེས་ནན་བརྗོད་བྱས་འདུག ཕྱི་ཟླ་༡༡་པའི་ཚེས་༡༤་ཉིན་དེ་རིང་གི་ཨ་རི་ཞེས་པའི་གསར་ཁང་གིས་གནས་ཚུལ་བ་ལྟར་ན། སྲིད་འཛིན་བྷ་ཌན་གྱིས་ཞིས་ཅིན་ཕིང་ལ་འཛམ་གླིང་ཧྲིལ་པོས་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་ཟ་འབྲུ་མཁོ་འདོན་སོགས་ཚུད་པའི་དཀའ་ངལ་སྣ་མང་ཞིག་གི་ཐོག་ཏུ་ཨ་རི་དང་རྒྱ་ནག་གཉིས་མཉམ་འབྲེལ་བྱ་རྒྱུའི་རེ་ལྟོས་འཆང་ཡོད་པ་རེད། གལ་སྲིད་རྒྱ་ནག་ལ་མཉམ་འབྲེལ་བྱེད་འདོད་ཡོད་ན་ཨ་མི་རི་ཀར་མཉམ་འབྲེལ་བྱ་རྒྱུའི་གྲ་སྒྲིག་ཡོད་ཅེས་གྲོས་མོལ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག གཟའ་འཁོར་འདིར་ཨིན་རྡུ་ནེ་ཤི་ཡའི་བྷ་ལི་ས་གནས་སུ་འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་རྒྱལ་ཁབ་༢༠་ཐམ་པའི་འགོ་ཁྲིད་རྣམས་ཀྱི་ཆེས་མཐོའི་ལྷན་ཚོགས་འགོ་མ་ཚུགས་གོང་དེར་སྲིད་འཛིན་བྷ་ཌན་དང་ཞིས་ཅིན་ཕིང་གཉིས་ཐུག་འཕྲད་བྱུང་བའི་གྲོས་གཞི་གཙོ་བོ་དེ་ཐེ་ཝན་གྱི་གནད་དོན་ཡིན་ཞིང་། ད་ལོ་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་རྗེས་སུ་རྒྱ་ནག་གིས་ཀྱང་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་གྲབས་བཤམས། ཨ་མི་རི་ཀས་ཐེ་ཝན་ལ་རང་སྲུང་མཚོན་ཆ་བཙོངས་པ་དང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ནན་སི་ཕེ་ལོ་སི་ཕྱི་ཟླ་༨་པའི་མགོ་སྟོད་དུ་ཐེ་ཝན་ལ་འཚམས་འདྲིར་ཕེབས། རྒྱ་ནག་གིས་ཐེ་ཝན་མཚོ་འགག་ལ་འཕུར་མདེལ་འཕངས་ཏེ་གནམ་མཚོ་གཉིས་ནས་དཔུང་འཇུག་བྱ་རྒྱུའི་དམག་སྦྱོང་ཚུགས། དེའི་སྔོན་ལ་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར། ཨ་རྒྱ་གཉིས་ཚོང་དམག་ལངས་པ་དང་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་དུག་ཁྱབ་པ་སོགས་ཀྱིས་ཨ་རྒྱའི་འབྲེལ་བ་སྔོན་ཆད་བྱུང་མྱོང་མེད་པ་ཞིག་སྡུག་ཏུ་སོང་།།

དེ་རིང་གཟའ་ཟླ་བའི་ཉིན་སྲིད་འཛིན་བྷ་ཌན་གྱིས་ཞིས་ཅིན་ཕིང་ལ་ཁོ་བོར་ངེད་གཉིས་སྒེར་གྱི་འབྲེལ་ལམ་དང་སྲིད་གཞུང་གཉིས་ཀྱི་འབྲེལ་ལམ་ཁག་སྒོ་མ་བརྒྱབ་པར་འཇོག་རྒྱུའི་འཇོག་འདོད་ཡོད། ཨ་རྒྱ་གཉིས་ཀར་ཕྱོགས་གཉིས་མི་མཐུན་པའི་འགལ་ཟླ་རྣམས་སེལ་དགོས་པ་དང་ང་ཚོའི་འགྲན་སྡུར་དེ་འཁྲུག་རྩོད་ཅིག་ལ་འགྱུར་དུ་འཇུག་མི་ཉན་པའི་ལས་འགན་ཡོད། ང་ཚོས་རྒྱལ་སྤྱིའི་ཛ་དྲག་གི་ལས་དོན་ཁག་ལ་མཉམ་འབྲེལ་བྱས་ནས་སེལ་ཐབས་བྱ་དགོས་ཞེས་སྨྲས། ཞིས་ཅིན་ཕིང་གིས་འཛམ་གླིང་འདི་བཞི་མདོ་ཞིག་ཏུ་སླེབས་འདུག ང་ཚོ་འདི་ནས་གང་དུ་བསྐྱོད་དགོས་མིན་ནི་དྲི་བ་ཞིག་རེད། དྲི་བ་དེ་ང་ཚོའི་སེམས་སུ་ཡོད་པར་མ་ཟད། འཛམ་གླིང་རྒྱལ་ཁབ་ཁག་གི་སེམས་སུའང་ཡོད་པ་རེད། འཛམ་གླིང་ཀུན་པོས་ཨ་རི་དང་རྒྱ་ནག་གི་འབྲེལ་བ་དེ་ཚུལ་མཐུན་ཞིག་འཛིན་རྒྱུའི་རེ་ལྟོས་འཆང་ཡོད་པ་རེད་ཅེས་ལན་བཏབ། ༢༠༡༧་ལོར་ཇཱོ་བྷ་ཌན་ཨ་རིའི་སྲིད་འཛིན་གཞོན་པ་ཡིན་པའི་སྐབས་དེར་ཡུ་རོབ་རྒྱལ་ཁབ་སུད་ཛར་ལན་ཌིའི་དྷ་ཝོ་སི་ས་གནས་སུ་ཞིས་ཅིན་ཕིང་ལ་ཐུག་འཕྲད་བྱུང་། ༢༠༢༡་ལར་ཇཱོ་བྷ་ཌན་གྱིས་སྲིད་དབང་བཟུང་བའི་རྗེས་སུ་ཞིས་ཅིན་ཕིང་ལ་ཁ་པར་བརྙན་ལམ་དུ་བཀའ་མོལ་ཐེངས་༥་བྱུང་ཡང་དངོས་སུ་ཐུག་འཕྲད་བྱུང་བ་ཐེངས་དང་པོ་ཡིན་ཞིང་། བྷ་ལི་ས་གནས་ཀྱི་ཐུག་འཕྲད་སྐབས་སུ་གྲོས་སྡུར་ལྷུག་པོ་དང་གནད་དོན་མང་པོར་གླེང་སློང་བྱ་རྒྱུའི་རྟགས་མཚོན་མངོན། སྲིད་འཛིན་བྷ་ཌན་གྱིས་གསར་འགོད་ལྷན་ཚོགས་མ་བསྐོངས་སྔོན་དེར་ཞིས་ཅིན་ཕིང་ལ་ཐུག་འཕྲད་ཆེད་དུ་ཆུ་ཚོད་༤་ཟུར་དུ་བཞག བྷ་ཌན་དང་ཞིས་ཅིན་ཕིང་གི་ཐུག་འཕྲད་དེར་ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་ནོར་སྲིད་དྲུང་ཆེ། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་སོགས་ལ་ཕྱོགས་གཉིས་ཀྱི་གམ་བཅར་བ་དང་སློབ་སྟོན་པ་ཉུང་ཤས་ཤིག་མ་གཏོགས་མཉམ་ཞུགས་བྱེད་དུ་མ་བཅུག ཨ་མི་རི་ཀས་རྒྱ་ནག་ནི་དཔལ་འབྱོར་གྱི་ཁ་གཏད་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པས་བྷ་ཌན་དང་ཞིས་ཅིན་ཕིང་གཉིས་ཀྱི་ཐུག་འཕྲད་གྲོས་མོལ་དེ་ཕྱོགས་གཉིས་ཀྱི་འགོ་ཁྲིད་རྣམ་པའི་སྔོན་འགྲོའི་གྲོས་མོལ་ལྟ་བུ་ཞིག་ཏུ་བརྩིས། ཁོ་ཚོས་ཁ་པར་ནང་དུ་ཐེ་ཝན་གྱི་གནད་དོན་གཙོ་བོར་གྱུར་པའི་འགལ་ཟླ་སེལ་མ་ཐུབ་པ་རྣམས་གདོང་ཐུག་ནས་སེལ་ཐབས་བྱ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

སྲིད་འཛིན་བྷ་ཌན་དང་ཞིས་ཅིན་ཕིང་གིས་ཐེ་ཝན་གྱི་གནད་དོན་ཐད་གྲོས་མོལ་ཅི་ཞིག་བྱས་ཡོད་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་ཕྱིར་བསྒྲགས་བྱས་མེད་ཅིང་། སྲིད་འཛིན་ཟུར་པ་འཇོར་ཇཱི་བྷུ་ཤི་དང་ཨོ་བྷ་མའི་རྒྱལ་སྲུང་སྲིད་ཇུས་དང་རྒྱལ་ཡོངས་བདེ་འཇགས་ལྷན་ཚོགས་ཀྱི་ལས་སྣེ་ཟུར་པ་བྷེ་རི་པ་ཝེལ་གྱིས་བཤད་པ་ལྟར་ན། སྲིད་འཛིན་བྷ་ཌན་གྱིས་ཞིས་ཅིན་ཕིང་ལ་ཐུག་འཕྲད་གྲོས་མོལ་སྐབས་སུ་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱེད་པའམ། ཡང་ན་ཐེ་ཝན་ལ་བཙན་དྲག་བསྐུལ་ནས་ཐུབ་ཚོད་བྱེད་ཀྱི་ཡོད་པ་གཏན་ནས་ཐབས་མཁས་ཤིག་མ་རེད། ཐེ་ཝན་ལ་བཙན་འཛུལ་བྱུང་ན་ཨ་མི་རི་ཀ་དང་དམངས་གཙོའི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཐེ་ཝན་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་གསལ་པོར་བཤད་དགོས། ཁ་པར་ནང་དུ་སྐད་ཆ་བཤད་པ་ལས་ཀྱང་སྒེར་གྱི་ཐུག་འཕྲད་སྐབས་སུ་སྐད་ཆ་བཤད་ན་ཤུགས་རྐྱེན་ཆེ་བ་ཐེབས་སྲིད་ཅེས་བསྟན། སྲིད་འཛིན་བྷ་ཌན་ནས་རྒྱ་ནག་གིས་བོད་པ་དང་ཞིན་ཅང་གི་ཡུ་གུར་བ། ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་སོགས་ལ་དྲག་གནོན་བྱེད་ཀྱི་ཡོད་པར་སྐྱོན་བརྗོད་དྲག་པོ་དང་རྒྱ་ནག་གིས་དྲང་སྙོམས་ཀྱི་ཚོང་ལས་ཤིག་གཉེར་གྱི་མེད་པར་ལན་པ་སློག དེ་བཞིན་ཡུཀ་རེན་གྱི་དམག་འཁྲུག་ནང་དུ་རྒྱ་ནག་གིས་ཨུ་རུ་སུའི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་སྲིད་འཛིན་བྷ་ཌན་གྱིས་ཉེན་བརྡ་བཏང་ཞིང་། རྒྱ་ནག་གིས་ཨུ་རུ་སུའི་དམག་འཁྲུག་དེར་ཡོངས་གྲགས་སུ་སྐྱོན་བརྗོད་མ་བྱས་ཀྱང་ཨུ་རུ་སུར་མཚོན་ཆ་མཁོ་སྤྲོད་བྱས་ནས་དམག་འཁྲུག་དེར་ཐད་ཀར་རོགས་རམ་ཡང་བྱེད་མ་ཕོད། པེ་ཅིང་དང་ཝ་ཤིང་ཊོན་གྱི་འབྲེལ་བ་སྡུག་ཏུ་འགྲོ་སའི་འགག་རྩ་དེ་ཐེ་ཝན་ལ་ཐུག་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༡༡་པའི་ཚེས་༡༤་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བྷ་ཌན་གྱིས་ཐེངས་དང་པོར་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ན་ཨ་མི་རི་ཀར་མཚོ་གླིང་དེར་སྲུང་སྐྲོབ་བྱ་དགོས་པའི་ལས་འགན་ཡོད་ཅེས་བསྒྲགས། མི་ཁག་ཅིག་གིས་སྲིད་འཛིན་བྷ་ཌན་གྱིས་སྐད་ཆ་བཤད་ནོར་ཐེབས་པ་དང་ཨ་མི་རི་ཀའི་སྲིད་ཇུས་ལ་འགྲེལ་བཤད་ཡག་པོ་ཞིག་རྒྱག་མ་ཐུབ་པ་རེད་ཅེས་བཀྲལ། བྷ་ཌན་གྱིས་ཐེངས་བཞི་པ་དེར་སྐད་ཆ་གཅིག་མཚུངས་བཤད་པས་ཨ་རིས་ཐེ་ཝན་ལ་འཛིན་པའི་སྲིད་ཇུས་དེ་བཤད་ནོར་ཐེབས་པ་ཞིག་མིན་པ་ར་འཕྲོད། གཟའ་ཟླ་བའི་ཉིན་བྷ་ཌན་དང་ཞིས་ཅིན་ཕིང་གཉིས་ཀྱི་ཐུག་འཕྲད་གྲོས་མོལ་སྐབས་སུའང་ཐེ་ཝན་གྱི་གནད་དོན་བཤད་རེས་ཤུགས་ཆེན་པོ་བྱུང་ཡོད་ངེས་རེད་ཅེས་གནས་ཚུལ་སྤེལ། ཨ་རིའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོས་བྷ་ཌན་དང་ཞིས་ཅིན་ཕིང་གི་ཐུག་འཕྲད་སྔོན་དེར་སྲིད་འཛིན་བྷ་ཌན་ནས་ཐེ་ཝན་གྱི་གནད་དོན་ཐོག་ཏུ་ལྟ་ཚུལ་དྲང་པོར་བཤད་འཆར་ཡོད་ཅེས་བཀྲལ། ད་ལོའི་ཕྱི་ཟླ་༧་པའི་ནང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ནན་སི་ཕེ་ལི་སིས་འགོ་ཁྲིད་པའི་ཨ་མི་རི་ཀའི་སྐུ་ཚབ་ཚོགས་པ་ཞིག་ཐེ་ཝན་ལ་འཚམས་འདྲིར་མ་ཕེབས་གོང་དེར་ཞིས་ཅིན་ཕིང་ནས་སུ་ཞིག་གིས་མེ་ལ་རྩེད་མོ་རྩེ་ན་མེས་འཚིག་གི་རེད་ཅེས་གཏམ་དཔེ་དྲངས་ནས་ཨ་མི་རི་ཀར་ཉེན་བརྡ་བཏང་འདུག དེ་རིང་གི་གྲོས་མོལ་སྐབས་སུའང་ཞིས་ཅིན་ཕིང་གི་གཏམ་དཔེ་དེ་བསྐྱར་དུ་བཟློས་ཡོད་སྲིད། སྲིད་འཛིན་བྷ་ཌན་གྱིས་ཨ་མི་རི་ཀར་ཐེ་ཝན་ལ་སྲུང་སྐྱོབ་བྱ་དགོས་པའི་ལས་འགན་ཡོད་ཅེས་ཐེངས་༤་བཤད་ཀྱང་རྒྱ་ནག་གིས་ཐེ་ཝན་ལ་འཇིགས་སྐུལ་བྱེད་ཀྱི་ཡོད་པ་མཚམས་མ་ཆད། བྷ་ཌན་གྱིས་ཐེ་ཝན་ལ་སྲུང་སྐྱོབ་བྱ་ངེས་ཡིན་ཞེས་བཤད་རེ་བཞིན་དུ་ཕོ་བྲང་དཀར་པོས་ཨ་མི་རི་ཀས་ཐེ་ཝན་ལ་འཛིན་པའི་སྲིད་ཇུས་ལ་འགྱུར་བ་མེད། ཨ་མི་རི་ཀས་རྒྱ་ནག་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་ཀྱི་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། དེས་ན་ཐེངས་འདིར་བྷ་ཌན་གྱིས་ཞིས་ཅིན་ཕིང་ལ་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱེད་མི་ཆོག་པ་དང་འཇིགས་སྐུལ་བྱེད་མི་ཆོག མཚོ་འགག་ཕྱོགས་གཉིས་ཀྱི་འགལ་ཟླ་རྣམས་ཞི་བའི་སྒོ་ནས་ཐག་གཅོད་བྱ་དགོས། ཨ་མི་རི་ཀས་རྒྱ་ནག་གཅིག་གི་རྩ་དོན་རྒྱུན་འཁྱོངས་དང་ཨ་མི་རི་ཀས་མིང་རྟོགས་བཀོད་པའི་ཆིངས་ཡིག་ཁག་བརྩི་འཇོག་བྱེད་ཀྱི་ཡོད་ཅེས་བཀའ་མོལ་གནང་ཡོད་ཤས་ཆེ་ཞེས་གནས་ཚུལ་སྤེལ་འདུག

ཕྱི་ཟླ་༡༡་པའི་ཚེས་༡༣་ཉིན་སྲིད་འཛིན་བྷ་ཌན་གྱིས་ཁེམ་བྷོ་ཌི་ཡའི་རྒྱལ་ས་ནོན་ཕེན་དུ་ཚོགས་པའི་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་ཆེན་ལ་གཏམ་བཤད་བྱས་ནས་ཨ་མི་རི་ཀས་འཐབ་འཁྲུག་ལ་གཡོལ་བར་རྒྱ་ནག་ལ་འབྲེལ་ལམ་གཅོད་རྒྱུ་མིན། འོན་ཀྱང་ཨ་མི་རི་ཀས་ཕྱོགས་གང་ཐད་དུ་རྒྱ་ནག་ལ་འགྲན་སྡུར་རྣོ་ངར་ལྡན་པ་ཞིག་བྱ་འཆར་ཡོད། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་གཏོང་གི་ཡོད་པར་གླེང་སློང་བྱ་རྒྱུ་ཡིན། ཐེ་ཝན་མཚོ་འགག་ལ་ཞི་བདེ་བརྟན་ལྷིང་བསྐྲུན་དགོས་པ་དང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་མཚོ་འགྲུལ་རང་དབང་ལ་སྲུང་སྐྱོབ་བྱ་རྒྱུ་གནད་འགག་ཆེན་པོ་ཡིན་ཞེས་གཏམ་བཤད་བྱས་འདུག ད་དུང་སྲིད་འཛིན་བྷ་ཌན་གྱིས་ཨུ་རུ་སུས་ཡུཀ་རན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་བསླངས་ཡོད་པ་དང་བྱང་ཀོ་རི་ཡས་འཕུར་མདེལ་ཚོད་ལྟ་བྱས་པ་བཅས་ལ་ཁ་རྡུང་། ཕོ་བྲང་དཀར་པོས་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་གྲོས་འཆམ་བྱུང་བའི་ཞི་བའི་གྲོས་འཆར་དེ་འབར་མའི་དམག་གི་དབང་འཛིན་པ་ཚོས་ལག་ལེན་བསྟར་དགོས་ཞེས་ནན་བརྗོད་བྱས་འདུག སྲིད་འཛིན་བྷ་ཌན་གྱིས་འཛམ་གླིང་གི་དཔལ་འབོར་སྟོབས་ཆེན་རྒྱལ་ཁབ་༢༠་པའི་ལོ་འཁོར་ཚོགས་ཆེན་ཐོག་ཏུ་ཉི་ཧོང་གི་སྲིད་བློན་ཀི་ཤི་དྷ་དང་ལྷོ་ཀོ་རི་ཡའི་སྲིད་འཛིན་ཡོལ་སུག་ཡོལ་སོགས་རྒྱལ་ཁབ་འགའ་ཞིག་གི་འགོ་ཁྲིད་ཚོར་ཐུག་འཕྲད་ཀྱིས་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་དང་ཤར་ཨེ་ཤི་ཡའི་ཚོང་ལས་མཐུན་ཚོགས་བཅས་སུ་ཨ་མི་རི་ཀ་དང་རྒྱ་ནག་གཉིས་ཀྱིས་ཤུགས་རྐྱེན་ཐེབས་ཐབས་བྱ་རྒྱུའི་ངར་ཤུགས་ཆེ་རུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG