ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

འབྲུག་རྒྱལ་པོ་དང་སྲིད་བློན་མོ་དྷིས་འབྲུག་རྒྱའི་གྲོས་མོལ་ཐད་ནང་མོལ།


༄༅།། འབྲུག་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་ལྡི་ལི་གསར་པར་ཕེབས་ནས་རྒྱ་གར་གྱི་སྲིད་བློན་མོ་དྷིར་ཐུག་འཕྲད་གྲོས་མོལ་གལ་ཆེན་ཞིག་གནང་གི་ཡོད་ཅིང་། ཕྱི་ཟླ་༡༡་པའི་ཚེས་༦་ཉིན་རྒྱ་གར་གྱི་བརྙན་འཕྲིན་གསར་འགྱུར་ནང་དུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་དང་འབྲུག་ཡུལ་གཉིས་ཀས་སྲིད་བློན་མོ་དྷི་དང་འབྲུག་རྒྱལ་པོའི་གྲོས་མོལ་གྱི་ནང་དོན་ཅི་ཡིན་ཕྱིར་བསྒྲགས་བྱས་མེད་ཀྱང་རྒྱ་ནག་དང་འབྲུག་ཡུལ་གྱིས་གྲོས་མོལ་བྱས་ནས་བོད་འབྲུག་ས་མཚམས་ཀྱི་རྩོད་གཞི་རྣམས་ཐག་གཅོད་བྱ་གྲབས་ཡོད་པའི་གནས་ཚུལ་ཐོན་པར་གྲོས་མོལ་གཙོ་བོ་བྱེད་ཀྱི་ཡོད་པའི་ཚོད་དཔག་བྱས་འདུག ཉེ་ཆར་འབྲུག་ཡུལ་གྱི་ཕྱི་སྲིད་བློན་ཆེན་རྟ་མགྲིན་རྡོ་རྗེས་འགོ་ཁྲིད་པའི་སྐུ་ཚབ་ཚོགས་པ་ཞིག་པེ་ཅིང་དུ་བསྐྱོད་དེ་རྒྱ་ནག་དང་འབྲུག་ཡུལ་གྱི་ས་མཚམས་གྲོས་མོལ་ཐེངས་༢༥་པའི་བཞུགས་མོལ་ཚོགས་འདུ་ཚོགས། འབྲུག་ཡུལ་དང་རྒྱ་ནག་གཉིས་ཀྱིས་ཕྱི་འབྲེལ་འཛུགས་རྒྱུའི་གྲོས་མོལ་བྱས་པའི་རྗེས་སུ་རྒྱ་གར་ལ་དོགས་འདྲོག་ཆེན་པོ་ལངས།།

རྒྱ་གར་གཞུང་གིས་འབྲུག་ཡུལ་དང་རྒྱ་ནག་གཉིས་ཀྱིས་མིང་རྟགས་བཀོད་པའི་གོམ་སྟབས་གསུམ་གྱི་ལམ་སྟོན་གྲོས་མཐུན་ཞེས་པའི་ནང་དུ་ཅི་ཞིག་འཁོད་ཡོད་པ་ཤེས་རྟོགས་མ་བྱུང་། ཉམས་ཞིབ་པ་ཚོས་འབྲུག་ཡུལ་དང་རྒྱ་ནག་གཉིས་ཀྱིས་འབྲོག་ལམ་དང་སག་སྟེང་སོགས་ཚུད་པའི་བོད་འབྲུག་ས་མཚམས་ཀྱི་ས་ཆ་ཁག་ཅིག་ཕར་ཚུར་བརྗེ་རེས་བྱ་རྒྱུའི་གྲོས་མཐུན་བྱུང་འདུག་ཅེས་བསྒྲགས། ༢༠༢༠་ལོར་རྒྱལ་སྤྱིའི་ཁོར་ཡུག་མཐུན་སྦྱོར་ལྷན་ཚོགས་ནས་འབྲུག་ཡུལ་གྱི་སག་སྟེང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ས་ཁུལ་དུ་འགྲོ་གྲོན་རོགས་རམ་སྤྲད་པར་རྒྱ་ནག་གིས་ངོ་རྒོལ་བྱས་ནས་ས་ཆ་དེའི་བདག་དབང་བརྩད། ༢༠༡༧་ལོར་རྒྱ་ནག་གིས་འབྲོག་ལམ་ཁུལ་དུ་རྒྱ་ལམ་འཛུགས་སྐྲུན་བྱས་པས་རྒྱ་གར་གྱིས་དམག་བཏང་ནས་རྒྱ་ནག་ལ་ཁ་གཏད་བཅག འབྲོག་ལམ་ནི་རྒྱ་གར་གྱི་ཤི་རི་གུ་རི་ཤུར་ལམ་ལ་བར་ཐག་ཤིན་ཏུ་ཉེ་བས་རྒྱ་དཀར་ནག་གི་དམག་འཁྲུག་ཅིག་ལངས་ཚེ། རྒྱ་ནག་གིས་ཤི་རི་གུ་རིའི་ཤུར་ལམ་བཅད་ནས་རྒྱ་གར་གྱི་སྐམ་ས་ཆེན་པོ་དང་རྒྱ་གར་བྱང་ཤར་ཕྱོགས་ཀྱི་མངའ་སྡེ་ཁག་འབྲེལ་ལམ་གཅོད་ཐུབ། དེས་ན་འབྲོག་ལམ་ནི་རྒྱ་གར་གྱི་བདེ་འཇགས་ལ་གནད་འགག་ཤིན་ཏུ་ཆེ་བའི་ས་གནས་ཤིག་ཏུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༡༡་པའི་ཚེས་༦་ཉིན་རྒྱ་གར་གྱི་བང་ཆེན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ༢༠༡༧་ལོར་འབྲོག་ལམ་ཁུལ་དུ་རྒྱ་དཀར་ནག་གི་དམག་དཔུང་བཀྲམ་ནས་ཉི་མ་༧༣་ལ་འཐབ་འཁྲུག་གི་གྲབས་བཤམས། འབྲུག་ཡུལ་དང་རྒྱ་ནག་གི་ས་མཚམས་གྲོས་མོལ་མཚམས་ཆད། ཟླ་བ་སྔོན་མར་འབྲུག་ཡུལ་དང་རྒྱ་ནག་གི་སྐུ་ཚབ་ཚོས་པེ་ཅིང་དུ་ས་མཚམས་གྲོས་མོལ་བྱས་པ་ནི་རྒྱ་གར་གྱིས་ཚོད་དཔག་མ་ཐུབ་པ་རེད། འབྲུག་གཞུང་གིས་རྒྱལ་ཁབ་གཞན་ལ་འབྲེལ་བ་བཙུགས་ནས་ཕྱི་འབྲེལ་དང་ཆབ་སྲིད། དཔལ་འབྱོར་དང་འཛུགས་སྐྲུན་སོགས་ཀྱི་ཁེ་ཕན་ཐོབ་ཐབས་བྱེད་ཀྱི་འདུག འབྲུག་ཡུལ་གྱིས་རྒྱལ་ཁབ་༥༤་ལ་ཕྱི་འབྲེལ་བཙུགས་ཡོད་པ་རྣམས་རྒྱལ་ཁབ་ཆུང་ཁག་ཡིན་ཞིང་། ནེའུ་ཡོག་གི་མཉམ་འབྲེལ་རྒྱལ་ཚོགས་དང་བྷ་ར་སིལ་གྱི་ཡུ་རོབ་མཉམ་འབྲེལ། འཇི་ཎི་ཝ་དང་རྒྱ་གར། བངྒ་ལ་དང་བྷེལ་ཇམ། ཨོ་གླིང་དང་ཁུ་ཝེ་ཐེ། ཐེ་ལན་ཌི་བཅས་ལ་མ་གཏོགས་འབྲུག་ཡུལ་ལ་གཞུང་ཚབ་ཁང་དང་དོན་གཅོད་ཁང་མི་འདུག ད་ལྟ་འབྲུག་ཡུལ་གྱིས་རྒྱ་ནག་ལ་ཕྱི་འབྲེལ་འཛུགས་འཆར་ཡོད་པ་དེར་རྒྱ་གར་གྱིས་དགོས་ཟོན་བྱ་དགོས་པ་ཞིག་རེད་ཅེས་གནས་ཚུལ་སྤེལ་འདུག

འབྲུག་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག
འབྲུག་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག

ཕྱི་ཟླ་༡༡་པའི་ཚེས་༦་ཉིན་ཉིན་ཧོང་གི་ནི་ཀེ་ཨེ་ཤི་ཡ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉམས་ཞིབ་པ་ཁག་ཅིག་གིས་འབྲུག་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་དང་འབྲུག་པའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཁག་ལྡི་ལི་གསར་པར་འབྱོར་ཡོད་པ་ནི་རྒྱ་ནག་ལ་ཕྱི་འབྲེལ་འཛུགས་རྒྱུའི་རྟགས་མཚན་ཡིན་ས་རེད། རྒྱ་གར་དང་འབྲུག་ཡུལ་ཟུང་ནས་ཕྱོགས་གཉིས་ཀྱི་འབྲེལ་བར་བསྐྱར་ཞིབ་ཆ་ཚང་ཞིག་བྱ་རྒྱུའི་རྣམ་པ་མངོན། འབྲུག་ཡུལ་དུ་རྒྱ་ནག་གི་གཞུང་ཚབ་ཁང་བཙུགས་ན་རྒྱ་གར་གྱི་ཤུགས་རྐྱེན་ཆུང་དུ་འགྲོ་རྒྱུ་བརྗོད་ཅི་དགོས། རྒྱ་གར་གྱི་བློ་འཚབ་གཙོ་བོ་འབྲོག་ལམ་གྱི་བདག་དབང་ཡིན་པ་དང་འབྲོག་ལམ་རྒྱ་ནག་ལ་མ་ཤོར་བ་བྱ་དགོས་པའི་ནན་བརྗོད་བྱེད་ཀྱི་ཡོད་ཤས་ཆེ་ཞེས་བསྟན། ཉམས་ཞིབ་པ་ཁག་ཅིག་གིས་འབྲུག་གཞུང་ནས་རྒྱ་གར་གྱི་བློ་འཚབ་ལ་བསམ་ཞིབ་བྱས་ནས་རྒྱ་ནག་ལ་གྲོས་མོལ་བྱས་ཡོད་ངེས་རེད། གཅིག་བྱས་ན་རྒྱ་ནག་དང་འབྲུག་ཡུལ་གྱི་གྲོས་མོལ་དེར་གྲུབ་འབྲས་ཐོན་ཐུབ་རྒྱུ་ཁག་པོ་ཡིན་སྲིད་ཅེས་ལྟ་ཚུལ་ལྟ་དད་ཅིག་བརྗོད།།

རྒྱ་གར་གྱི་ཨོ་ཕི་ཇཱིན་ཌལ་གོ་ལའི་སློབ་ཆེན་གྱི་རྒྱལ་སྲུང་དང་འཐབ་ཇུས་རིག་པའི་སློབ་དཔོན་པན་ཀ་ཇ་ཇཱས་རྒྱ་ནག་དང་འབྲུག་གཉིས་ཀས་ས་ཆ་ཕར་སྤྲོད་ཚུར་ལེན་མ་བྱས་པར་རྩོད་གཞི་ཐག་གཅོད་མི་ཐུབ། རྒྱ་ནག་གིས་འབྲུག་ཡུལ་ལ་བྱང་ཕྱོགས་ནས་ས་ཆ་གདམ་དུ་བཅུག་ནས་འབྲོག་ལམ་ཕྱོགས་ནས་རྒྱ་ནག་ལ་ས་ཆ་རག་ན་རྒྱ་གར་གྱི་བདེ་འཇགས་ལ་ཉེན་ཁ་ཆེ་རུ་ཕྱིན་པ་རེད། རྒྱ་གར་གྱིས་འཕྲལ་དུ་ཕྱི་སྲིད་བློན་ཆེན་འབྲུག་ཡུལ་དུ་བཏང་ནས་གནད་དོན་དེར་གྲོས་མོལ་གཟབ་ནན་བྱ་དགོས། དེ་ནི་ཕུགས་སུ་རྒྱ་ནག་དཀར་ནག་གི་ས་མཚམས་རྩོད་གཞི་ཞིག་ཏུ་འགྱུར་ས་རེད་ཅེས་ཉེན་བརྡ་བཏང་འདུག དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་རྒྱལ་པོའི་མཐོ་སློབ་ཁང་གི་རྒྱལ་སྤྱིའི་འབྲེལ་ལམ་རིག་པའི་སློབ་དཔོན་ཧར་ཤ་ཝི་པན་ཏས་འབྲུག་གཞུང་གིས་འབྲོག་ལམ་རྒྱལ་ཁབ་གསུམ་གྱི་རྩོད་གཞི་ཡིན་པ་ཁས་བླངས་ཟིན་ཞིང་། དེར་བརྟེན་འབྲུག་གཞུང་གིས་རྒྱ་གར་ལ་གྲོས་སྡུར་མ་བྱས་པར་འབྲོག་ལམ་རྒྱ་ནག་ལ་སྤྲོད་མི་སྲིད་ཅེས་བཀྲལ།།

རྒྱ་གར་གྱི་ས་གནས་གསར་འགྱུར་ལས་ཁང་ཁག་གིས་འབྲུག་རྒྱལ་པོ་ལྡི་ལི་གསར་པར་ཕེབས་ཡོད་པའི་དུས་ཚོད་དེ་ཁྱད་མཚར་ཞིག་རེད། འབྲུག་ཡུལ་གྱི་སྐུ་ཚབ་ཚོ་རྒྱ་ནག་ལ་གྲོས་མོལ་བྱེད་དུ་བསྐྱོད་ནས་ཅང་འགོར་ཡོད་པ་མ་རེད་ཅེས་བསྟན། སློབ་དཔོན་པན་ཏས་འབྲུག་པ་ཚོར་རྒྱ་ནག་དཀར་ནག་གི་འཐབ་རྩོད་དེ་རྣོ་ངན་ཆེ་རུ་འགྲོ་བཞིན་པའི་ཚོར་སྣང་ཞིག་བསླེབས། རྒྱ་དཀར་ནག་གི་འཐབ་རྩོད་དེ་ཉིད་རྦད་དེ་ཇེ་སྡུག་ཏུ་མ་ཕྱོན་གོང་དུ་འབྲུག་ཡུལ་དང་རྒྱ་ནག་གི་ས་མཚམས་རྩོད་གཞི་རྣམས་ཐག་གཅོད་བྱ་དགོས་པའི་འདུན་པ་ཆེན་པོ་འདུག འབྲུག་ཡུལ་དང་རྒྱ་ནག་གི་གྲོས་མོལ་དེས་གང་ཅིའི་གནས་སྟངས་རྙོག་འཛིང་ཆེ་རུ་གཏོང་ངེས་རེད། རྒྱ་ནག་གིས་འབྲུག་ཡུལ་ལ་ང་ཚོས་ས་མཚམས་ཀྱི་རྩོད་གཞིའི་ཐོག་ཏུ་གུ་བཤངས་བྱ་ཆོག འབྲུག་གཞུང་གིས་རྒྱ་ནག་ལ་ཕྱི་འབྲེལ་འཛུགས་དགོས་ཞེས་གདམ་ཀ་སྤྲད་པར་སྣང་། འབྲུག་གཞུང་གིས་རྒྱ་ནག་ལ་གཞུང་ཚབ་ཁང་འཛུགས་ཆོག་པའི་འཁྲོལ་ཆ་སྤྲད་ན་ལྷོ་ཨེ་ཤི་ཡར་རྒྱ་ནག་གི་སྟོབས་ཤུགས་ཁྱབ། རྒྱ་གར་གྱི་མིག་ནང་དུ་འབྲུག་པས་ཐུར་གཙག་བྱས་པ་དང་གཅིག་པ་རེད་ཅེས་སྨྲས།།

འབྲུག་ཡུལ་གྱི་གྲོས་ཚོགས་འཐུས་མི་ཁག་དང་རྒྱ་དཀར་ནག་གི་འབྲེལ་ལམ་ཞིབ་འཇུག་མཁས་པ་ཚོ་སློབ་དཔོན་པན་ཏ་སོགས་ཀྱི་ལྟ་ཚུལ་ལ་མ་འཐད། པ་སངས་རྡོ་རྗེ་ཞེས་པའི་འབྲུག་པ་ཞིག་གིས་རྒྱ་དཀར་ནག་གིས་འབྲུག་ཡུལ་དང་བལ་ཡུལ་རྩོད་གཞིར་བཟུང་བའི་འགྲན་སྡུར་ཞེས་པའི་འབུམ་རམས་པའི་དཔྱད་རྩོམ་བྲིས་པ་དེའི་ནང་དུ་མངའ་ཁུལ་འདིའི་ས་ཁམས་ཆབ་སྲིད་ཀྱི་འཐབ་རྩོད་ལ་ཐུག་ན་འབྲུག་ཡུལ་དང་རྒྱ་ནག་གིས་ཅི་ཞིག་བྱས་ཀྱང་རྒྱ་གར་ལ་གནོད་ཀྱི་ཡོད་པའི་འདུ་ཤེས་ཤིག་འཛིན་གྱི་ཡོད་པ་ནི་མཐའ་གཅིག་ཏུ་བདེན་པ་ཡིན་པའི་ངེས་པ་མེད། འབྲུག་ཡུལ་གྱིས་རང་གི་མཐུན་གྲོགས་ཉེ་ཤོས་དེ་རྒྱ་གར་བརྩིས་ཡོད། ༢༠༠༧་ལོར་བསྐྱར་བཅོས་བྱས་པའི་མཛའ་འབྲེལ་ཆིངས་ཡིག་ནང་དུ་རྒྱལ་ཁབ་ཀྱི་ཁེ་ཕན་དོན་དུ་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཀྱི་མཉམ་འབྲེལ་བྱ་དགོས་ཞེས་འཁོད་འདུག འབྲུག་ཡུལ་དང་རྒྱ་ནག་གི་གྲོས་མོལ་ལ་གྲུབ་འབྲས་ཐོན་ན་རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་ལ་ཕན་ཐོགས་ཡོད་པ་ཞིག་ཡིན་སྲིད་ཅེས་རྩོད་པ་འཕངས།།

ནི་ཀེ་ཨེ་ཤི་ཡ་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་པེ་ཅིང་གི་གྲོས་མོལ་སྐབས་སུ་རྒྱ་ནག་གིས་འབྲུག་ཡུལ་ལ་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་༤༩༥་སྤྲོད་ཆོག འབྲུག་ཡུལ་གྱི་ནུབ་བྱང་ཁུལ་ནས་ས་ཁྲོན་སྤྱི་ལེ་གྲུ་བཞི་མ་༢༦༩་རྒྱ་ནག་ལ་སྤྲོད་ཤོག་ཅེས་གྲོས་གཞི་བཏོན། ས་ཆ་བརྗེ་ལེན་དེ་རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་ལ་ཉེན་ཁ་ཆེན་པོ་དང་རྒྱ་ནག་གི་ས་མཚམས་ལྷོ་ཕྱོགས་སུ་བསྐྱེད་པ་རེད་ཅེས་གནས་ཚུལ་སྤེལ། ཟླ་ཤས་གོང་དུ་རྒྱ་གར་གྱི་གསར་འགྱུར་ལས་ཁང་ཁག་གིས་འབྲུག་པའི་ས་ཐོག་ཏུ་རྒྱ་ནག་གིས་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་བྱེད་ཀྱི་འདུག་ཅེས་བསྒྲགས་ཀྱང་འབྲུག་གཞུང་གིས་གནས་ཚུལ་དེ་ཚོ་བདེན་པ་མ་རེད་ཅེས་ལན་གླན། རྒྱ་གར་གྱི་ཉམས་ཞིབ་པ་ཚོ་འབྲུག་ཡུལ་དང་རྒྱ་ནག་གི་གྲོས་མོལ་དེའི་ཕན་གནོད་ཆེ་ཆུང་ལ་ལྟ་ཚུལ་མི་མཐུན་ཡང་རྒྱ་གར་གྱི་དོགས་ཟོན་བྱ་དགོས་པའི་དུས་སུ་བསླེབས་ཡོད་པར་ལྟ་ཚུན་གཅིག་ཏུ་མཐུན། རྒྱ་གར་གཞུང་གིས་ལྐོག་ཏུ་འབྲུག་པའི་གཞུང་འབྲེལ་མི་སྣ་ཚོར་ང་ཚོའི་ས་ཐིག་དམར་པོ་དེ་བརྒལ་མི་ཆོག་ཅེས་ཉེན་བརྡ་གཏོང་གི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG