ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

འབྲུག་གཞུང་གིས་ཕྱི་རྒྱལ་ནས་སྨན་ཞབས་པ་གླ་རྒྱུའི་ཐག་བཅད།


༄༅།། འབྲུག་གཞུང་གིས་ཕྱི་རྒྱལ་ནས་སྨན་པ་དང་སྨན་ཞབས་པ། འཕྲོད་བསྟེན་ལས་མི་གླ་རྒྱུའི་ཐག་བཅད་དེ་རྒྱལ་ནང་གི་སྨན་པ་དང་སྨན་ཞབས་པ། འཕྲོད་བསྟེན་ལས་མི་ཚོར་བློ་ཕམ་འབྱུང་སྲིད་པའམ། ཡང་ན་སེམས་ཤུགས་ཆག་སྲིད་པའི་ཉེན་ཁ་ཆེ་ཞིང་། ཕྱི་ཟླ་༦་པའི་ཚེས་༦་ཉིན་ཨེ་ཤི་ཡའི་དྲྭ་ལས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འབྲུག་ཡུལ་གྱི་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་སྨན་པ་འཇིགས་མེད་རྡོ་རྗེས་གཞུང་གི་ཐག་གཅོད་དེར་ལྡོག་ཕྱོགས་ཀྱི་འབྲས་བུ་ཁག་ཅིག་སྨིན་སྲིད། ཐོག་མ་དེར་ཕྱི་རྒྱལ་གྱི་སྨན་ཞབས་པ་ཚོ་འབྲུག་ཡུལ་གྱི་འཕྲོད་བསྟེན་ལམ་ལུགས་ལ་ཆ་རྒྱུས་མེད་པར་མཉམ་ལས་ཡག་པོ་ཞིག་བྱེད་ཐུབ་རྒྱུ་ཁག་པོ་རེད། ཕྱི་རྒྱལ་གྱི་སྨན་ཞབས་པ་ཚོར་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་སྨན་བཅོས་དང་ལྟ་སྐྱོང་ལམ་ལུགས་ལ་ངེས་ཆ་མེད་པར་དཀའ་ངལ་འཕྲད་ས་རེད་ཅེས་བསྟན།།

སྨན་པ་འཇིགས་མེད་རྡོ་རྗེས་ཕྱི་རྒྱལ་གྱི་སྨན་ཞབས་པ་ཚོར་སྐད་བརྡ་མི་འཕྲོད་པའི་དཀའ་ངལ་འཕྲད་ངེས་རེད། རྒྱལ་ཡོངས་འཇིགས་མེད་རྡོ་རྗེ་དབང་ཕྱུག་གཙོ་བསྟེན་སྨན་ཁང་གི་ལས་མི་ཚོས་སྨན་གྱི་རྒྱུ་ཆ་ལ་བལྟས་ནས་སྨན་མིང་འདོགས་ཀྱི་ཡོད་ཀྱང་ཕྱི་རྒྱལ་གྱི་སྨན་ཞབས་པ་ཚོས་རྒྱ་གར་སོགས་སུ་ཚོང་མིང་བཏགས་པའི་སྨན་མིང་འབོད་རྒྱུ་ཡིན་པས་སྨན་མིང་ཐོག་ཏུ་གོ་བརྡ་མི་འཕྲོད་པའི་དཀའ་ངལ་འཕྲད་ས་རེད་ཅེས་གསར་འགོད་པར་གླེང་མོལ་བྱས་འདུག འབྲུག་ཡུལ་གྱི་འཕྲོད་བསྟེན་དྲུང་ཆེ་སྤེན་པ་དབང་ཕྱུག་གིས་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་སྨན་ཞབས་པ་བརྒྱ་ཆ་༣༠་ཉུང་དུ་ཕྱིན་འདུག ང་ཚོས་ཕྱི་རྒྱལ་ནས་སྨན་ཞབས་པ་མ་གླས་ཐབས་མེད་དུ་གྱུར་སོང་ཞེས་གསར་འགོད་ལྷན་ཚོགས་ཐོག་ཏུ་གསལ་བསྒྲགས་སྤེལ།།

ཁོང་གིས་གསར་འགོད་ལྷན་ཚོགས་ཐོག་ཏུ་ང་ཚོས་སྨན་བཅོས་དང་འཕྲོད་བསྟེན་ལྟ་སྐྱོང་གི་སྤུས་ཚད་དང་ལག་རྩལ་རྣམས་སྡུག་ཏུ་གཏོང་རྒྱུ་མིན། ཕྱི་རྒྱལ་གྱི་སྨན་པ་དང་སྨན་ཞབས་པ་ཚོས་འབྲུག་ཡུལ་གྱི་དགོས་མཁོ་ལྟར་སྲི་ཞུ་བསྒྲུབ་དགོས། ང་ཚོས་ཞིབ་འཇུག་གང་ལེགས་བྱས་ནས་ཕྱི་རྒྱལ་གྱི་སྨན་ཞབས་པ་རྣམས་བསྡུ་འཆར་ཡོད། འཕྲོད་བསྟེན་ལས་མི་ཚད་ལྡན་ཞིག་གླ་བར་ཤེས་ཚད་དང་ཉམས་མྱོང་། ཡུལ་དུས་ལ་བསྟུན་ནས་སྲི་ཞུ་སྒྲུབ་ཐུབ་པ་རྣམས་གདམ་འཆར་ཡོད། ཕྱི་རྒྱལ་གྱི་སྨན་ཞབས་པ་ཚོར་ནད་པ་དང་ལས་རོགས་ཚོ་འདོད་པ་ཁེངས་མིན། ཁོ་ཚོས་ཆེད་ལས་འཐུས་སྒོ་ཚང་བ་ཞིག་སྒྲུབ་ཐུབ་ཀྱི་ཡོད་མེད་བཅས་ལ་དུས་ནས་དུས་སུ་བརྟག་དཔྱད་བྱ་རྒྱུ་ཡིན་ཞེས་བཀྲལ།།

འབྲུག་ཡུལ་གྱི་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ལ་སྨན་ཞབས་པ་ཉུང་དྲགས་ཀྱི་ཡོད་པས་སྨན་ཁང་དེར་ཕྱི་རྒྱལ་ནས་སྨན་ཞབས་པ་གླས་ནས་དཀའ་ངལ་སེལ་ཐབས་བྱ་རྒྱུ་ཡིན་ཞིང་། འཕྲོད་བསྟེན་དྲུང་ཆེ་སྤེན་པ་དབང་ཕྱུག་གིས་ཕྱི་རྒྱལ་གྱི་སྨན་ཞབས་པ་ཚོར་འབྲུག་པའི་རིག་གཞུང་དང་འཕྲོད་བསྟེན་ལམ་ལུགས་སོགས་སྦྱོང་བརྡར་སྤྲད་ནས་ཆེད་ལས་ནུས་པ་ཐོན་པ་ཞིག་བསྒྲུབ་ཏུ་འཇུག་རྒྱུ་ཡིན། སྨན་བཅོས་ཀྱི་འགྲོ་ལུགས་དང་ནད་པར་ལྟ་སྐྱོང་། ཕན་ཚུན་གོ་བརྡ་ཡག་པོ་འཕྲོད་ཐུབ་པའི་སྦྱོང་བརྡར་སྤྲོད་རྒྱུ་ཡིན་ཞེས་བཤད་མོད། འོན་ཀྱང་འབྲུག་པའི་སྨན་པ་དང་སྨན་ཞབས་པ་ཚོའི་བློ་འཚབ་གཙོ་བོ་ནི་ཕྱི་རྒྱལ་གྱི་སྨན་ཞབས་པ་ཚོ་འབྲུག་ཡུལ་གྱི་འཕྲོད་བསྟེན་ལམ་ལུགས་ནང་དུ་མཉམ་འདྲེས་ཐུབ་རྒྱུ་ཡིན་མིན་ཁོ་ན་མིན་པར་གློ་ཕོགས་མཐོ་དམན་ཡོད་པར་བློ་ཁ་ཚིམས་མེད་པའི་གནས་ཚུལ་ཐོན་འདུག

ཕྱི་རྒྱལ་གྱི་སྨན་ཞབས་པ་རྣམས་ལོ་གཉིས་རེར་གླ་རྒྱུ་དང་གླ་ཕོགས་ཟླ་བ་རེར་ཨ་སྒོར་༨༠༠་ནས་༡༠༠༠་ཙམ་སྟེ། འབྲུག་སྒོར་༦༦༠༠༠་ནས་༨༠༠༠༠་རེ་སྤྲོད་དགོས་ཤིང་། འབྲུག་ཡུལ་གྱི་ས་གནས་ཁག་ཏུ་ལོ་མང་རིང་ཆེད་ལས་གཉེར་བའི་སྨན་ཞབས་པ་ཚོར་ཕྱི་རྒྱལ་ནས་གླས་པའི་སྨན་ཞབས་ཚོར་སྤྲོད་འཆར་ཡོད་པའི་གླ་ཕོགས་དེ་འདྲ་ཞིག་གཏན་ནས་རག་གི་མེད་ཅིང་། འབྲུག་པའི་སྨན་ཞབས་པ་ཞིག་གིས་ང་ཚོ་སྨན་བཅོས་ཁང་དུ་ཆེད་ལས་སྒྲུབ་མཁན་དང་ལོ་༡༠་ལྷག་གི་ཉམས་མྱོང་ཡོད་མཁན་ཚོར་ཟླ་བ་རེར་གླ་ཕོགས་ཨ་སྒོར་༡༠༠༠་རག་གི་མི་འདུག ང་ཚོར་སྨན་བཅོས་ཁང་གི་ལས་མི་མིན་པའི་འཕྲོད་བསྟེན་ལས་མི་ཡོད་པ་དེ་དག་གི་གླ་ཕོགས་ཧ་ཅང་ཉུང་ཉུང་རེད་ཅེས་འབྲུག་གཞུང་གིས་རང་ཡུལ་གྱི་སྨན་པ་དང་སྨན་ཞབས་པ་ཚོར་གླ་ཕོགས་ཉུང་བ་སྤྲོད་ཀྱི་ཡོད་པར་འཐད་པ་མེད་པའི་རྣམ་འགྱུར་ཐོན།།

འབྲུག་པའི་སྨན་པ་ཞིག་གིས་ཕྱི་རྒྱལ་གྱི་སྨན་ཞབས་པ་ཚོར་གླ་ཕོགས་མང་བ་སྤྲོད་པ་དང་འབྲུག་པའི་སྨན་ཞབས་པ་ཚོར་གླ་ཕོགས་ཉུང་བ་སྤྲད་ན་འབྲུག་པའི་འཕྲོད་བསྟེན་ལས་མི་ཚོ་སྔར་ལས་སེམས་ཤུགས་ཆག་རྒྱུ་ཡིན་པར་མ་ཟད། གླ་ཕོགས་མང་ཉུང་གི་ཁྱད་པར་ཐོག་ཏུ་སྨན་ཞབས་པ་དགོངས་པ་ཞུ་མཁན་ཇེ་མང་དུ་འགྲོ་ཤས་ཆེ་ཞེས་སྨྲས། ལོ་བཅུའི་ཉམས་མྱོང་ལྡན་པའི་འབྲུག་པའི་སྨན་པ་ཞིག་གིས་ང་ཚོ་སྨན་པ་ཚོ་ལའང་ཕྱི་རྒྱལ་གྱི་སྨན་ཞབས་པའི་གླ་ཕོགས་དེ་འདྲ་ཞིག་རག་གི་མི་འདུག ང་ལ་སྲི་ཞུའི་སྤུས་ཚད་ཞན་དུ་འགྲོ་སྲིད་པའི་བློ་འཚབ་ཡོང་གི་འདུག་ཟེར། འབྲུག་པའི་སྨན་ཞབས་པ་ཞིག་གིས་ང་ཚོ་དང་ཕྱི་རྒྱལ་གྱི་སྨན་ཞབས་པ་ཚོས་ལས་ཀ་གཅིག་པ་ལས་ཀྱི་ཡོད། ཁོ་ཚོར་འབྲུག་པའི་སྨན་པ་ཚོ་ལས་ཀྱང་གླ་ཕོགས་མཐོ་བ་འདུག་ཅེས་འཁང་ར་བཤད། སྨན་ཞབས་པ་གཞན་ཞིག་གིས་འབྲུག་པའི་སྨན་ཞབས་པ་ཚོར་ཆེ་མཐོང་སྤྲོད་ཀྱི་མེད་པ་དང་སྨན་ཞབས་པའི་ལག་རྩལ་ཡར་རྒྱས་གཏོང་བར་འགྲོ་གྲོན་གཏོང་གི་མི་འདུག སྨན་ཞབས་པ་ལོ་ཆུང་ཚོར་ཆེད་ལས་གཉེར་འདོད་ཡོད་ཀྱང་དེའི་མཐུན་རྐྱེན་སྐྲུན་གྱི་མི་འདུག་ཅེས་སྐྱོན་བརྗོད་བྱས་འདུག

༢༠༢༣་ལོའི་ཕྱི་ཟླ་༡༡་པའི་ཚེས་༡༠་ཉིན་འབྲུག་ཡུལ་གྱི་ཀུན་གསལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འབྲུག་ཡུལ་གྱི་སྨན་པ་དང་སྨན་ཞབས་པ་ཚོ་ཕྱི་རྒྱལ་དུ་བསྐྱོད། འབྲུག་ཡུལ་དུ་སྨན་པ་དང་སྨན་ཞབས་པ་ཚད་ལྡན་མེད་པའི་དཀའ་ངལ་ཆེ་རུ་སོང་། ༢༠༡༡་ནས་༢༠༡༨་བར་དུ་འབྲུག་པའི་སྨན་པ་༣༩་ཕྱི་རྒྱལ་དུ་ཤོར། གྲངས་འབོར་དེས་འབྲུག་ཡུལ་གྱི་སྨན་པའི་གྲངས་འབོར་བརྒྱ་ཆ་༡༠་ཟིན། ༢༠༢༢་ལོ་གཅིག་པུར་འབྲུག་གཞུང་གི་སྲི་ཞུ་བ་༢༦༤༦་གིས་ལས་གནས་ནས་དགོངས་པ་ཞུས་པ་རེད། སྲི་ཞུ་བ་དེ་དག་གི་གྲས་སུ་འཕྲོད་བསྟེན་ལས་སྣེ་༢༩༠་འདུས། འབྲུག་པའི་སྲི་ཞུ་བ་དགོངས་པ་ཞུས་པ་དེ་དག་གི་གྲས་ཀྱི་མང་ཤོས་ཨང་གཉིས་པ་ནི་སྨན་ཞབས་པ་རེད། འབྲུག་པའི་སྨན་པ་དང་སྨན་ཞབས་པ་རྣམས་ཕྱི་རྒྱལ་དུ་སྐྱོད་ཀྱི་ཡོད་པ་ནི་གླ་ཕོགས་མང་ཉུང་དང་ཆེ་མཐོང་ཡོད་མེད། སྐྱེ་བོ་དེར་རྒྱལ་གཅེས་ཀྱི་ལྷག་བསམ་ཡོད་མེད། དཔལ་འབྱོར་གྱི་ཁེ་ཕན་སོགས་རྒྱུ་མཚན་འགའ་ཞིག་འདུག་ཅེས་གསར་འགྱུར་སྤེལ།།

༢༠༢༣་ལོར་འབྲུག་ཡུལ་གྱི་འཕྲོད་བསྟེན་ལྷན་ཁང་གིས་ཞིབ་འཇུག་སྙན་ཐོ་བཏོན་པ་ལྟར་ན། ༢༠༡༨་ནས་ལོ་ལྟར་འབྲུག་ཡུལ་གྱི་སྨན་པ་བརྒྱ་ཆ་༡.༧་དང་སྨན་ཞབས་པ་བརྒྱ་ཆ་༢.༥་རེ་ཉུང་དུ་ཕྱིན་པ་རྣམས་བསྡོམས་ཚེ། ལོ་ལྟར་འབྲུག་ཡུལ་གྱི་འཕྲོད་བསྟེན་ལས་སྣེ་བརྒྱ་ཆ་༤་ཉུང་དུ་ཕྱིན་འདུག་ཅེས་བཀོད། ཨོ་གླིང་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཕྱིན་པའི་འབྲུག་པའི་སྨན་པ་དང་སྨན་ཞབས་པ་ཚོར་གློ་ཕོགས་ཆེན་པོ་རག་གི་ཡོད་པ་དང་བཟའ་ཟླ་བུ་ཕྱུག་རྣམས་རིམ་གྱིས་ཕྱི་རྒྱལ་དུ་བསྐྱོད་ཐུབ་པའི་གོ་སྐབས་ཐོབ། ཕྱི་རྒྱལ་ལ་ཕྱིན་པ་ཚོར་མིག་དཔེ་བལྟས་ནས་འབྲུག་ཡུལ་གྱི་སྨན་པ་དང་སྨན་ཞབས་པ་ཚོས་དགོངས་པ་ཞུས་ནས་ཕྱི་རྒྱལ་དུ་ཐར་ཐབས་སུ་འབད། འབྲུག་པའི་འཕྲོད་བསྟེན་ལས་སྣེ་གང་ཞིག་ཕྱི་རྒྱལ་དུ་ཐར་ན་འབྱོར་པ་རྒྱས་ཏེ་ཕ་མ་སྤུན་མཆེད་དང་བཟའ་ཟླ་བུ་ཕྲུག་སོགས་ལ་དཔལ་འབྱོར་གྱི་ཕན་ཐོགས་ཐུབ་ཀྱི་ཡོད་པས་འབྲུག་ཡུལ་གྱི་སྨན་ཁང་ཁག་ཏུ་ཆེད་ལས་སྒྲུབ་བཞིན་པའི་འཕྲོད་བསྟེན་ལས་སྣེ་ཚོར་ཤུགས་རྐྱེན་ཐེབས་ནས་ཕྱི་རྒྱལ་དུ་བསྐྱོད་པའི་ཐབས་ལམ་འཚོལ་གྱི་འདུག་ཅེས་སྙན་ཐོའི་ནང་དུ་བཀོད་འདུག

གླེང་སྟེགས།

XS
SM
MD
LG