ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༡༥

འབྲུག་ཡུལ་དང་རྒྱ་ནག་གི་སྐུ་ཚབ་ཚོས་པེ་ཅིང་དུ་གྲོས་མོལ། 


འབྲུག་ཡུལ་དང་རྒྱ་ནག་གི་སྐུ་ཚབ་ཚོས་པེ་ཅིང་དུ་གྲོས་མོལ། 
Photo Credit: Ministry of Foreign Affairs and External Trade, Royal Government of Bhutan
འབྲུག་ཡུལ་དང་རྒྱ་ནག་གི་སྐུ་ཚབ་ཚོས་པེ་ཅིང་དུ་གྲོས་མོལ།  Photo Credit: Ministry of Foreign Affairs and External Trade, Royal Government of Bhutan

༄༅།། ཕྱི་ཟླ་༨་པའི་ཚེས་༢༡་ནས་༢༤་བར་དུ་རྒྱ་ནག་དང་འབྲུག་ཡུལ་གྱི་སྐུ་ཚབ་ཚོས་པེ་ཅིང་དུ་གྲོས་མོལ་བྱས་ཏེ་ས་མཚམས་ཀྱི་རྩོད་གཞི་ཁག་ཐག་གཅོད་བྱེད་པར་གོམ་སྟབས་གསུམ་གྱི་ལམ་སྟོན་གྲོས་མཐུན་མྱུར་དུ་ལག་ལེན་བསྟར་དགོས་པའི་གྲོས་སྡུར་བྱས་འདུག ཕྱི་ཟླ་༨་པའི་ཚེས་༢༧་ཉིན་ཧིན་རྡུ་སི་ཐན་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་དཀར་ནག་གི་དམག་དཔུང་རྣམས་ཧིན་བོད་ས་མཚམས་སུ་ཁ་གཏད་དུ་ལངས་ནས་ལོ་༤་པ་དེ་འགྲོ་བཞིན་ཡོད་ཅིང་། པེ་ཅིང་གིས་འབྲོག་ལམ་ཚུད་པའི་འབྲུག་པའི་ས་ཆ་རྒྱ་ཆེན་པོ་ཞིག་རྒྱ་ནག་གི་མངའ་ཁོངས་ཡིན་ཞེས་རྩོད་པ་རྒྱག་རྒྱུ་ཤུགས་ཆེ་རུ་བཏང་འདུག འབྲོག་ལམ་ནི་རྒྱ་གར་གྱི་བདེ་འཇགས་ལ་ཧ་ཅང་གི་གནད་འགག་ཆེ། གཟའ་འཁོར་འདིར་པེ་ཅིང་དུ་རྒྱ་ནག་དང་འབྲུག་ཡུལ་གཉིས་ས་མཚམས་དབྱེ་འབྱེད་ཀྱི་ཟུང་འབྲེལ་ལས་དོན་ཚོགས་ཆུང་ཟུར་དུ་འཛུགས་རྒྱུའི་གྲོས་མཐུན་བྱུང་འདུག འདི་ནི་ཕྱོགས་གཉིས་ཀས་བྲེལ་མྱུར་གྱིས་གནད་དོན་ཐག་གཅོད་བྱ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་པ་མཚོན་ཐུབ་ཅེས་གནས་ཚུལ་སྤེལ་འདུག

ད་ཐེངས་ཀྱི་གྲོས་མོལ་རྗེས་སུ་རྒྱ་ནག་དང་འབྲུག་ཡུལ་གཉིས་ཀས་ཐུན་མོང་གི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ་གོམ་སྟབས་གསུམ་གྱི་ལམ་སྟོན་གྲོས་མཐུན་མྱུར་དུ་ལག་ལེན་བསྟར་ཕྱོགས་སུ་མཛའ་མཐུན་ངང་དུ་གྲོས་མོལ་ལྷུག་པོ་དང་གྲུབ་འབྲས་ལྡན་པ་ཞིག་བྱུང་སོང་། འབྲུག་ཡུལ་དང་རྒྱ་ནག་གཉིས་ཀས་མཁས་པའི་ཚོགས་ཆུང་གི་གྲོས་མོལ་ཚོགས་འདུ་རྒྱུན་མ་ཆད་པར་དེའི་ངར་ཤུགས་གོང་འཕེལ། རྒྱ་ནག་དང་འབྲུག་ཡུལ་གྱི་མཁས་པའི་ཚོགས་ཆུང་གི་ཚོགས་འདུ་ཐེངས་༡༤་པ་དེ་མྱུར་དུ་འཚོགས་དགོས་པའི་གྲོས་མཐུན་བྱུང་ཡོད། དེ་བཞིན་རྒྱ་ནག་དང་འབྲུག་ཡུལ་གྱི་ས་མཚམས་གྲོས་མོལ་ཐེངས་༢༥་པ་བྱ་རྒྱུར་འབྲེལ་མོལ་བྱ་དགོས་པའི་གྲོས་མཐུན་བྱུང་སོང་ཞེས་འཁོད། ད་སྔ་རྒྱ་ནག་དང་འབྲུག་ཡུལ་གཉིས་ཀས་གོམ་སྟབས་གསུམ་གྱི་ལམ་སྟོན་གྲོས་མཐུན་གྱི་ནང་དོན་ཅི་ཡིན་ཕྱི་རུ་མ་བསྒྲགས། རྒྱ་ནག་གིས་འབྲུག་ཡུལ་གྱི་ནུབ་བྱང་དང་དབུས་ཕྱོགས་ཀྱི་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་༧༦༤་བོད་ཀྱི་ས་ཆ་ཡིན། བོད་ཀྱི་ས་ཆ་དེ་རྣམས་རྒྱ་ནག་གི་མངའ་ཁོངས་སུ་གཏོགས་དགོས་ཞེས་རྩོད་པ་རྒྱག་གི་ཡོད་པའི་གནས་ཚུལ་ཐོན་འདུག

China has accelerated settlement-building along its disputed border with Bhutan, with structures under construction in six locations, according to satellite image analysis conducted for Reuters.
China has accelerated settlement-building along its disputed border with Bhutan, with structures under construction in six locations, according to satellite image analysis conducted for Reuters.

ཕྱི་ཟླ་༨་པའི་ཚེས་༢༥་ཉིན་རྒྱ་གར་གྱི་ཝ་ཡར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐོག་མར་འབྲུག་ཡུལ་དང་རྒྱ་ནག་གི་ས་མཚམས་རྩོད་གཞི་ཁག་ལ་རྒྱ་དཀར་ནག་གཉིས་ཀྱིས་གྲོས་མོལ་བྱས་ཀྱང་༡༩༨༤་ནས་རྒྱ་ནག་དང་འབྲུག་གཞུང་གིས་ཐད་ཀར་གྲོས་མོལ་བྱ་རྒྱུ་མགོ་བརྩམས། དེ་ནས་བཟུང་སྟེ་ཕྱོགས་གཉིས་ཀྱི་ས་མཚམས་གྲོས་མོལ་ཐེངས་༢༤་དང་མཁས་པའི་ཚོགས་ཆུང་གི་གྲོས་མོལ་ཚོགས་འདུ་ཐེངས་༡༣་ཚོགས། མཁས་པའི་ཚོགས་ཆུང་ཐེངས་༡༣་པའི་གྲུབ་འབྲས་ཆེ་ཤོས་ནི་ཕྱོགས་ཀྱི་ས་མཚམས་དབྱེ་འབྱེད་ཟུང་འབྲེལ་ལས་དོན་ཚོགས་ཆུང་འཛུགས་རྒྱུའི་ཐག་གཅོད་བྱུང་བ་དེ་ཡིན་ཞིང་། རྒྱ་ནག་དང་འབྲུག་པའི་མཁས་པའི་ཚོགས་ཆུང་གི་ཚོགས་འདུའི་ཞོར་དུ་ས་མཚམས་དབྱེ་འབྱེད་ཟུང་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་ཡང་ཚོགས་ཡོད་པའི་གནས་ཚུལ་ཐོན། ད་ལོའི་མགོ་སྟོད་དེར་འབྲུག་པའི་སྲིད་བློན་བློ་གྲོས་ཚེ་རིང་གིས་འབྲུག་ཡུལ་དང་རྒྱ་ནག་གི་ས་མཚམས་ཀྱི་རྩོད་གཞི་ཁག་གང་མགྱོགས་ཐག་གཅོད་བྱེད་ཐུབ་པའི་རེ་བ་ཡོད་ཅེས་བཤད།།

སྲིད་བློན་བློ་གྲོས་ཚེ་རིང་གིས་འབྲོག་ལམ་ནི་བོད་དང་འབྲས་ལྗོངས། འབྲུག་ཡུལ་བཅས་སུམ་འདྲེས་ས་ཁུལ་དུ་ཁེལ་ཡོད་པས་འབྲུག་ཡུལ་གཅིག་པུས་ཐག་གཅོད་བྱེད་ཐུབ་པ་ཞིག་མིན། ང་ཚོ་རྒྱལ་ཁབ་གསུམ་ཡོད་པ་དང་དེ་ལ་ཆེ་ཆུང་གི་ཁྱད་པར་མེད་པར་འདྲ་མཉམ་རྒྱལ་ཁབ་གསུམ་ཡིན། རྒྱལ་ཁབ་རེ་རེ་གསུམ་ཆའི་གཅིག་རེར་བརྩི་དགོས། རྒྱ་དཀར་ནག་གཉིས་ཀས་ས་མཚམས་ཀྱི་རྩོད་གཞི་རྣམས་ཐག་གཅོད་བྱས་པའི་རྗེས་སུ་སུམ་འདྲེས་ས་ཁུལ་གྱི་བདག་དབང་ལ་གྲོས་མོལ་བྱ་དགོས། འབྲོག་ལམ་གྱི་བདག་དབང་ཐོག་ཏུ་རྒྱ་གར་ཡང་གྲོས་མོལ་དེར་མཉམ་ཞུགས་བྱེད་དུ་བཅུག་ནས་ཐག་གཅོད་བྱ་དགོས། ང་ཚོས་རྒྱ་དཀར་ནག་གི་ས་མཚམས་རྩོད་གཞི་ཇི་ལྟར་ཐག་གཅོད་བྱ་རྒྱུ་ཡིན་མིན་ལ་སྒུག་ཡོད་ཅེས་ནན་བརྗོད་བྱས་འདུག ༢༠༡༧་ལོར་རྒྱ་ནག་གིས་འབྲོག་ལམ་ཕྱོགས་སུ་རྒྱ་ལམ་འཛུགས་སྐྲུན་བྱས་པར་རྒྱ་གར་གྱིས་དམག་བཏང་ནས་ཉི་མ་༧༣་ལ་རྒྱ་དཀར་ནག་གཉིས་ཀས་དམག་སྒྲ་བསྒྲིགས། ༢༠༢༡་ལོར་རྒྱ་ནག་དང་འབྲུག་གཞུང་གིས་གོམ་སྟབས་གསུམ་གྱི་ལམ་སྟོན་གྲོས་མཐུན་ཞེས་པ་ཞིག་ལ་མིང་རྟགས་བཀོད།།

ཕྱི་ཟླ་༧་པའི་ཚེས་༡༨་ཉིན་ཕྱི་སྲིད་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གིས་འབྲུག་ཡུལ་ལ་ས་མཚམས་ཀྱི་རྩོད་གཞི་ཁག་ཐག་གཅོད་བྱ་དགོས་པའི་གྲོས་མོལ་བྱེད་ཀྱི་ཡོད་པ་ནི་རྒྱ་གར་ལ་གནོན་ཤུགས་སྤྲོད་པའི་ཆེད་དུ་རེད། ༡༩༤༩་ལོར་རྒྱ་ནག་དམར་ཤོག་རྒྱལ་ཁབ་བཙུགས་པ་དང་༡༩༤༧་ལོར་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་བཙུགས། མཁས་པ་མང་པོས་ཨེ་ཤི་ཡའི་སྟོབས་ཆེན་རྒྱལ་ཁབ་གཉིས་ཀས་བར་གནས་ཀྱི་ས་ཁུལ་ཞིག་བསྐྲུན་པར་རྒྱ་ནག་གིས་༡༩༥༠་ཐམ་པའི་ལོར་བོད་ལ་བཙན་འཛུལ་བྱས་པ་རེད། དེང་སྐབས་རྒྱ་ནག་དམར་ཤོག་ཚོགས་པས་བལ་ཡུལ་གྱི་དམངས་གཙོའི་སྲིད་གཞུང་ཡང་གཡོ་ཐབས་ཀྱིས་ཁ་ལོ་བསྒྱུར་ནས་ལྡི་ལི་གསར་པ་ལས་པེ་ཅིང་ལ་བློ་ཐག་ཉེ་བ་ཞིག་ཏུ་བསྒྱུར་འདུག རྒྱ་ནག་གཞུང་གིས་བལ་ཡུལ་ལ་གནོན་ཤུགས་སྤྲད་ནས་རྒྱལ་ཁབ་དེར་གནས་འཁོད་བོད་པ་བཙན་བྱོལ་བ་རྣམས་གནས་བཟོད་མེད་པ་ཞིག་ཏུ་གྱུར། ཉེ་དུས་ཤིག་ནས་རྒྱ་ནག་གིས་འབྲུག་ཡུལ་ལ་དོ་སྣང་བྱས་ནས་ས་ཆ་བཅད་འཕྲོག་གི་སྲིད་ཇུས་ལག་ལེན་བསྟར་བྱེད་ཀྱི་འདུག་ཅེས་གནས་ཚུལ་སྤེལ།།

ཕྱི་སྲིད་དུས་དེབ་ཀྱི་རྩོམ་ཡིག་དེར་རྒྱ་ནག་གིས་ཕྲོགས་ཟིན་པའི་འབྲུག་པའི་ས་ཆ་དེ་དག་གི་བདག་དབང་བློས་ཐོངས་ཟེར་གྱི་འདུག རྒྱ་ནག་གིས་རྒྱ་གར་དང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུའང་སྲིད་ཇུས་དེ་ལག་ལེན་བསྟར། རྒྱ་ནག་གིས་འབྲོག་ལམ་ས་ཁུལ་དུ་དབང་བསྒྱུར་བྱེད་ཐུབ་ཚེ། རྒྱ་ནག་གི་དམག་དཔུང་འདྲེན་གཏོང་དང་རྒྱ་གར་ལ་དམག་རྒྱག་དགོས་བྱུང་ན་འབྲོག་ལམ་ནས་ཤི་རི་གུ་རིའི་ཤུར་ལམ་དོག་མོའམ། ཡང་ན་ཁྱིམ་བྱའི་སྐེ་ཞེས་འབོད་པའི་ས་ཁུལ་དེ་བཀག་སྟེ་རྒྱ་གར་དང་རྒྱ་གར་བྱང་ཤར་ཕྱོགས་ཀྱི་མངའ་སྡེ་ཁག་བར་མཚམས་གཅོད་ཐུབ། དེར་བརྟེན་རྒྱ་ནག་དང་འབྲུག་ཡུལ་གཉིས་ཀྱི་གྲོས་མོལ་གང་འདྲ་ཞིག་བྱས་ཀྱང་རྒྱ་གར་རང་བཞིན་གྱིས་དེ་ལ་དོགས་འདྲོག་ལང་རྒྱུ་ཆོས་ཉིད་རེད། དེ་ནི་རྒྱ་ནག་དང་འབྲུག་ཡུལ་གྱི་གྲོས་མོལ་ཞིག་མིན་པར་རྒྱ་གར་ལ་འཐབ་ཇུས་ཐོག་ཏུ་གནོན་ཤུགས་སྤྲོད་རྒྱུའི་རྒྱ་ནག་གི་ལྐོག་ཇུས་ཤིག་ཡིན་པར་མ་ཟད། རྒྱ་ནག་དང་འབྲུག་ཡུལ་གཉིས་ཀྱིས་གྲོས་མཐུན་གང་འདྲ་ཞིག་བཞག་ཀྱང་རྒྱ་གར་གྱི་བདེ་འཇགས་དང་རྒྱ་དཀར་ནག་གི་འཐབ་རྩོད་ལ་འབྲེལ་ཡོད་པ་གསལ་པོ་རེད་ཅེས་བསྟན།།
རྒྱ་ནག་གིས་༢༠༡༥་ནས་འབྲུག་པའི་ས་ཐོག་ཏུ་རྒྱ་ལམ་འཛུགས་སྐྲུན་དང་དམག་གི་སོ་ཁང་བཙུགས། འབྲུག་གཞུང་གིས་ས་ཆ་དེ་དག་གི་བདག་དབང་ནམ་ཡང་བློས་གཏོང་གི་མེད་པས་རྒྱ་ནག་གིས་འབྲུག་ཡུལ་ལ་གནོན་ཤུགས་ཆེ་རུ་གཏོང་བར་སག་སྟེང་ཡང་རྩོད་གཞི་ཅན་གྱི་ས་ཁུལ་ཁག་གི་གྲས་སུ་བསྣན། རྒྱ་ནག་གིས་འབྲུག་པའི་ས་ཐོག་ཏུ་དམག་སྒར་དང་ཉེན་རྟོག་ཁང་། བདེ་འཇགས་ཚན་པ་ཁག་གི་གནས་ཡུལ་དང་གྲོང་གསེབ་གསར་པ་རྣམས་སྦས་ཡུལ་བྱང་ཕྱོགས་ཀྱི་རྒྱ་ལ་ཕུགས་སུ་འཛུགས་སྐྲུན་བྱས་འདུག རྒྱ་ནག་གིས་ཕྱོགས་གཅིག་ནས་བྱ་དཀར་ལུང་དང་དཔག་བསམ་ལུང་གི་བྱང་ཕྱོགས། འབྲོག་ལམ་ནུབ་ཕྱོགས་ཀྱི་ས་ཆ་ཁག་ཅིག་ཕར་སྤྲོད་ཚུར་ལེན་བྱ་རྒྱུའི་གྲོས་མོལ་བྱེད་ཀྱི་ཡོད་མོད། འོན་ཀྱང་རྒྱ་ནག་གིས་ཕྱོགས་གཞན་ཞིག་ནས་བོད་འབྲུག་ས་མཚམས་ཕལ་ཆེ་བར་འཛུགས་སྐྲུན་དང་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་ནི་ནང་འགལ་རེད་ཅེས་གསལ་སྟོན་བྱས་ཤིང་། རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་ལ་རྒྱ་ནག་དང་འབྲུག་ཡུལ་གྱི་གྲོས་མོལ་དེར་ལམ་ལྷོངས་ཡོང་མི་ཐུབ་པའི་འགལ་རྐྱེན་གཙོ་བོ་དེ་རྒྱ་གར་རེད་ཅེས་སྐྱོན་འཛུགས་བྱས་འདུག

ཕྱི་སྲིད་དུས་དེབ་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གིས་འབྲུག་ཡུལ་ལ་གྲོས་མོལ་བྱས་ནས་འབྲོག་ལམ་གྱི་བདག་དབང་ཐག་གཅོད་བྱ་ཐབས་བྱེད་ཀྱི་ཡོད་པ་ནི་ས་མཚམས་ཀྱི་རྩོད་གཞི་རྒྱ་ཆེན་པོ་ཞིག་ལ་འབྲེལ་བ་འདུག འབྲོག་ལམ་གྱི་རྩོད་གཞི་དེ་རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེ་ཞེས་མིང་བཏགས་ཡོད་པ་དང་རྒྱ་ནག་གིས་ལྷོ་མོན་ཞེས་འབོད་པའི་ས་ཆའི་བདག་དབང་ལ་འབྲེལ་བ་འདུག འབྲོག་ལམ་རྒྱ་ནག་གི་ལག་ཏུ་ཤོར་བའི་རྗེས་སུ་མོན་ཡུལ་ལ་ཤུགས་རྐྱེན་ཐེབས་ཐུབ། འབྲོག་ལམ་གྱི་གནད་དོན་འདི་འབྲུག་ཡུལ་དང་རྒྱ་གར་གཅིག་པུས་འགན་ཁུར་ལེན་དགོས་པ་ཞིག་མིན་པར་ཨ་རི་དང་ཉི་ཧོང་། ཨོ་གླིང་དང་རྒྱ་གར་བཅས་བཞི་འབྲེལ་རྒྱལ་ཁབ་ཀྱིས་དོ་སྣང་བྱ་དགོས་པ་ཞིག་རེད། རྒྱ་ནག་དང་འབྲུག་ཡུལ་གྱི་གྲོས་མོལ་ལ་གྲུབ་འབྲས་ཅི་ཙམ་ཐོན་རྒྱུ་ཡིན་མིན་ནི་མ་འོངས་པར་རྒྱ་དཀར་ནག་གི་ས་མཚམས་ཀྱི་རྩོད་གཞི་ཁག་ལ་ཞི་བའི་གྲོས་མོལ་ཇི་ལྟར་བྱེད་ཐུབ་རྒྱུ་ཡིན་མིན་ལ་འབྲེལ་བ་ཆགས་འདུག རྒྱ་གར་དང་ཨ་རིའི་འབྲེལ་བ་ཡར་རྒྱས་འགྲོ་བཞིན་ཡོད་པས་འབྲོག་ལམ་གྱི་གནད་དོན་དེ་བཞི་འབྲེལ་རྒྱལ་ཁབ་ཀྱི་གནད་དོན་ཞིག་ཏུ་འགྱུར་སྲིད་ཅེས་གནས་ཚུལ་སྤེལ་འདུག

XS
SM
MD
LG