ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བྷེ་ལ་རུ་སིའི་རྩེད་འགྲན་པ་ཞིག་ཉི་ཧོང་ནས་རང་ཡུལ་དུ་མ་ལོག་པ། 


༄༅།། བྷེ་ལ་རུ་སིའི་རྒྱུག་རྩལ་འགྲན་སྡུར་བ་ཚི་མ་ནོབ་སི་ཀ་ཡ་ཞེས་པ་ཞིག་གིས་རྒྱལ་ཡོངས་རྩེད་འགྲན་རུ་ཁག་གི་ལས་སྣེ་ཚོ་ཡག་པོ་མི་འདུག་ཅེས་སྐྱོན་བཙུགས། ཁོ་མོ་འཕྲལ་དུ་ཉི་ཧོང་ནས་རང་ཡུལ་ལ་ཕྱིར་ལོག་བྱ་དགོས་པའི་བཀའ་བཏང་རུང་ཧ་ནེ་དྷ་རྒྱལ་སྤྱིའི་གནམ་ཐང་དུ་ཉེན་རྟོག་པར་ང་རང་ཡུལ་ལ་ཕྱིར་ལོག་བྱས་ན་བདེ་འཇགས་ལ་ཉེན་ཁ་འདུག ང་བྷེ་ལ་རུ་སི་ལ་ཕྱིར་ལོག་བྱ་རྒྱུ་མིན་ཞེས་གནམ་གྲུའི་ནང་དུ་མ་འཛུལ། གཟའ་ཟླ་བའི་ཉིན་ལོ་ན་༢༤་ལ་སོན་པའི་བྷེ་ལ་རུ་སིའི་རྒྱུག་རྩལ་འགྲན་སྡུར་བ་ཚི་མ་ནོབ་སི་ཀ་ཡ་ཉི་ཧོང་དུ་བཅའ་སྡོད་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ཕཱོ་ལན་ཌིའི་གཞུང་ཚབ་ཁང་དུ་ཕྱིན་པ་གསར་འགོད་པ་ཚོས་མཐོང་ཐོས་བྱུང་། དེ་རིང་ཕྱི་ཟླ་༨་པའི་ཚེས་༢་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྩེད་འགྲན་པ་ཚི་མ་ནོབ་སི་ཀ་ཡས་ང་བཙན་དབང་གིས་ཉི་ཧོང་ནས་རང་ཡུལ་ལ་ཕྱིར་སློག་བྱེད་ཀྱི་འདུག ང་ནི་རང་ཡུལ་ལ་ཕྱིར་ལོག་བྱེད་ན་འཛིན་བཟུང་བྱ་རྒྱུའི་ཉེན་ཁ་ཆེ་ཞེས་རྒྱུ་མཚན་བགྲངས། ཉི་ཧོང་གི་ས་ཐོག་ཏུ་གནས་འཁོད་བྷེ་ལོ་རུ་སུའི་སྐྱིད་སྡུག་ཚོགས་པའི་ཚོགས་མི་ཞིག་གིས་ཚི་མ་ནོབ་སི་ཀ་ཡས་ཕཱོ་ལན་ཌིར་སྲིད་དོན་སྐྱབས་བཅོལ་ཞུ་རྒྱུ་རེད་ཅེས་བཤད། ཁ་སང་གཟའ་ཉི་མར་བྷེ་ལ་རུ་སིའི་གཞུང་གིས་དྲག་གནོན་ཕོག་པའི་རྩེད་འགྲན་པའི་མཐུན་ཚོགས་ཀྱི་མགྲིན་ཚབ་པ་ཨ་ན་ཏོལ་ཀོ་ཐོ་ཞེས་པ་ཞིག་གིས་ཉི་ཧོང་གི་ཉེན་རྟོག་པས་ཚི་མ་ནོབ་སི་ཀ་ཡ་གནམ་ཐང་གི་དམིགས་བསལ་ལྟ་རྟོག་ཁང་ཞིག་ཏུ་བཞག་སྟེ་བདེ་འཇགས་རེད་ཅེས་གསལ་བསྒྲགས་སྤེལ་འདུག

རྒྱལ་སྤྱིའི་ཨོ་ལིམ་ཕིཀ་འཛིན་སྐྱོང་ལྷན་ཁང་གི་མགྲིན་ཚབ་པ་མར་ཁེ་ཨེ་ཌམ་གྱིས་གཟའ་ཟླ་བའི་ཉིན་གསར་འགོད་པ་ཚོར་བཤད་པ་ལྟར་ན། མདང་དགོང་བྷེ་ལ་རུ་སུའི་རྩེད་འགྲན་པ་ཚི་མ་ནོབ་སི་ཀ་ཡ་གནམ་ཐང་གི་མགྲོན་ཁང་ཞིག་ཏུ་བསྡད་པ་དང་ཉི་ཧོང་གི་བདེ་འཇགས་མི་སྣ་ཚོའི་སྲུང་སྐྱོབ་འོག་ཏུ་ཡོད། ང་ཚོས་བྷེ་ལ་རུ་སིའི་རྒྱལ་ཡོངས་ཨོ་ལིམ་ཕིཀ་རྩེད་འགྲན་ལྷན་ཚོགས་ལ་གནད་དོན་དེའི་སྐོར་སྙན་ཞུ་ཞིབ་ཕྲ་ཞིག་འབུལ་དགོས་པའི་བཀོད་ཁྱབ་བཏང་ཡོད། ང་ཚོས་ད་ནངས་ཚི་མ་ནོབ་སི་ཀ་ཡར་སྐད་ཆ་བཤད་པ་ཡིན། ཁོ་མོས་གོམ་སྟབས་རྗེས་མ་ཇི་ལྟར་སྤོ་རྒྱུ་ཡིན་མིན་རྣམས་ཤེས་ཡོད། ཚི་མ་ནོབ་སི་ཀ་ཡའི་ཐག་གཅོད་ལ་ང་ཚོས་རྒྱབ་སྐྱོར་ཞུ་རྒྱུ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བའི་ལྷན་ཁང་ཡང་གནད་དོན་དེར་འབྲེལ་བ་བྱུང་འདུག་ཅེས་བསྒྲགས། ཐོག་མའི་འཆར་གཞི་ལྟར་ན་ཕྱི་ཟླ་༨་པའི་ཚེས་༢་ཉིན་ཚི་མ་ནོབ་སི་ཀ་ཡ་བུད་མེད་ཀྱི་རྒྱང་ཐག་མཱི་ཊར་༢༠༠་ཐམ་པའི་རྒྱུག་རྩལ་འགྲན་སྡུར་ལ་ཞུགས་དགོས་མོད། འོན་ཀྱང་བྷེ་ལ་རུ་སིའི་རུ་ཁག་གི་ལས་སྣེ་ཚོས་བཙན་ཤེད་ཀྱིས་ཚི་མ་ནོབ་སི་ཀ་ཡ་རང་ཡུལ་ལ་རྫོང་ཐབས་བྱས་ཤིང་། བྷེ་ལ་རུ་སིའི་རྩེད་འགྲན་རུ་ཁག་གིས་ཚི་མ་ནོབ་སི་ཀ་ཡར་འདོད་པ་མེད་བཞིན་བུད་མེད་བཞིའི་མཱི་ཊར་༤༠༠་ཐམ་པའི་རྒྱུག་རྩལ་འགྲན་སྡུར་ཁོངས་སུ་བཅུག ཁོ་མོས་བྷེ་ལོ་རུ་སིའི་རུ་ཁག་གི་ལས་སྣེ་ཚོར་སྐྱོན་བརྗོད་བྱས་པའི་རྗེས་སུ་རང་ཡུལ་ལ་ཕྱིར་སློག་བྱ་རྒྱུའི་ཐག་བཅད།།

བྷེ་ལ་རུ་སིའི་གཞུང་གིས་དྲག་གནོན་ཕོག་པའི་རྩེད་འགྲན་པའི་མཐུན་ཚོགས་ཀྱི་མགྲིན་ཚབ་པ་ཀོ་ཐོས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ཁ་སང་གཟའ་ཉི་མའི་ཕྱི་དྲོར་བྷེ་ལ་རུ་སིའི་ཨོ་ལིམ་ཕིཀ་རུ་ཁག་གི་ལས་སྣེ་ཚོས་རྒྱུག་རྩལ་འགྲན་སྡུར་བ་ཚི་མ་ནོབ་སི་ཀ་ཡར་ཅ་ལག་རྣམས་བསྡུ་གསོག་བརྒྱབ་སྟེ་རང་ཡུལ་ལ་ལོག་དགོས། ཁྱོད་ཉི་ཧོང་ནས་རང་ཡུལ་ལ་ཕྱིར་ལོག་བྱ་དགོས་པའི་ཐག་གཅོད་རྣམས་རྒྱལ་ས་མཱིན་སི་ཀི་ནས་བྱས་འདུག་ཅེས་བརྡ་ལན་སྤྲད། ཁོ་མོ་དགོང་མོའི་ཆུ་ཚོད་༡༠་དང་སྐར་མ་༥༠་ཐོག་ཏུ་ཉི་ཧོང་ནས་ཏུར་ཀིའི་ཨི་སི་ཊན་བྷུལ་གྲོང་ཁྱེར་བརྒྱུད་པའི་འགྲུལ་སྐྱེལ་གནམ་གྲུ་ཞིག་གི་ནང་དུ་རྫོང་ཐབས་བྱས་འདུག ཚི་མ་ནོབ་སི་ཀ་ཡས་གནམ་ཐང་དུ་ཉི་ཧོང་གི་ཉེན་རྟོག་པ་ཚོར་ང་རང་ཡུལ་དུ་ལོག་རྒྱུ་མིན། ངས་སྲིད་དོན་སྐྱབས་བཅོལ་ཞུ་རྒྱུ་ཡིན། ང་ནི་རང་ཡུལ་ལ་ཕྱིར་ལོག་བྱེད་ན་བྷེ་ལོ་རུ་སིའི་གཞུང་གིས་བཙོན་འཇུག་བྱ་རྒྱུའི་ཉེན་ཁ་འདུག ང་བྷེ་ལ་རུ་སིའི་ཨོ་ལིམ་ཕིཀ་རྩེད་འགྲན་པའི་ཁོངས་ནས་ཕྱིར་འབུད་བྱས་ཀྱང་ཁྱད་པར་མེད། ང་ནི་རང་གི་བདེ་འཇགས་ལ་སྐྲག་གི་འདུག ངའི་སེམས་པར་ང་སྐབས་གནས་རིང་བྷེ་ལ་རུ་སིར་ཕྱིར་ལོག་བྱེད་ན་བདེ་འཇགས་མ་རེད་སྙམ། ངས་ནོར་འཁྲུལ་ཅི་ཡང་བྱས་མེད་ཀྱང་ང་མཱི་ཊར་༢༠༠་ཐམ་པའི་རྒྱུག་རྩལ་འགྲན་སྡུར་ལ་ཞུགས་ཆོག་པའི་ཐོབ་ཐང་འཕྲོག་སོང་། ད་ལྟ་ང་བཙན་གྱིས་རང་ཡུལ་ལ་ཕྱིར་སློག་བྱེད་དུ་འཇུག་གི་འདུག་ཅེས་གསར་འགོད་པ་ཚོར་བཤད།།

གྲང་དམག་དུས་སུ་ཨུ་རུ་སུ་དམར་ཤོག་རྒྱལ་ཁབ་དང་ཤར་ཡུ་རོབ་ཀྱི་དམར་ཤོག་རྒྱལ་ཁབ་ཁག་གི་རྩེད་འགྲན་པ་ཇི་སྙེད་ཅིག་གིས་ཨ་རི་དང་ཡུ་རོབ། གཞན་ཡང་དེ་མིན་གྱི་རྒྱལ་ཁབ་ཁག་ལ་སྲིད་དོན་སྐྱབས་བཅོལ་ཞུས་མྱོང་ཡོད་ཅིང་། ཨུ་རུ་སུའི་དམར་ཤོག་རྒྱལ་ཁབ་ཐོར་ཞིག་ཕྱིན་པའི་རྗེས་སུ་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་པ་ཚོ་རང་ཡུལ་དུ་ཕྱིར་ལོག་མ་བྱས་པར་རྒྱལ་ཁབ་གཞན་ལ་སྲིད་དོན་སྐྱབས་བཅོལ་ཞུ་རྒྱུ་ཧ་ཅང་ཉུང་དུ་སོང་། ཟླ་བ་སྔོན་མར་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཡུ་གྷན་ཌའི་ལོ་ན་༢༠་ཐམ་པར་སོན་པའི་ལྗིད་འདེགས་པ་སེ་ཀི་ཏོ་ལེ་ཀོ་ཞེས་པ་ཞིག་གིས་ངས་ཉི་ཧོང་དུ་དཀའ་ངལ་བརྒྱབ་ནས་འདུག་རྒྱུ་ཡིན། ང་ལ་ཡུ་གྷན་ཌར་འཚོ་བ་འཁྱོལ་མི་ཐུབ་པའི་དཀའ་ངལ་ཆེན་པོ་འདུག་ཅེས་ཨོ་ལིམ་ཕིཀ་རྩེད་འགྲན་པའི་གྲོང་ཚོའི་རང་ཤག་ཏུ་ཡིག་ཆུང་ཞིག་བཞག་ནས་བྲོས། ཁོ་པ་ཉིན་ཤས་རྗེས་སུ་རྙེད་སོན་བྱུང་སྟེ་ཉི་ཧོང་གི་ཉེན་རྟོག་པའི་འཛིན་བཟུང་འོག་ཏུ་ཡོད་པར་མ་ཟད། ༢༠༡༢་ལོར་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཚོགས་པའི་ཨོ་ལིམ་ཕིཀ་རྩེད་འགྲན་དུས་སུའང་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་གི་རྩེད་འགྲན་པ་མང་དག་ཅིག་བྲོས་བྱོལ་དུ་སོང་སྟེ་རང་ཡུལ་དུ་མ་ལོག་པའི་གནས་ཚུལ་ཐོན། དཔེར་ན་ཨི་རི་ཊེ་རི་ཡའི་རྒྱལ་དར་འཁྱེར་མཁན་དེ་དབྱིན་ཡུལ་དུ་སྐྱབས་བཅོལ་ཞུ་མཁན་གྱི་གྲས་སུ་འདུས། ཨ་ཧྥི་རི་ཀའི་རྩེད་འགྲན་པ་ཚོ་དང་མ་འདྲ་བར་བྷེ་ལ་རུ་སིའི་རྒྱུག་རྩལ་འགྲན་སྡུར་བ་ཚི་མ་ནོབ་སི་ཀ་ཡར་སྐྱབས་བཅོལ་ཞུ་འདོད་ཡོད་པའི་རྟགས་མཚན་བྲལ། ཁོ་མོས་ཉི་ཧོང་ལ་མགོ་བཅོལ་ཞུ་དགོས་པ་ནི་ཆབ་སྲིད་ཀྱི་གནད་དོན་འབའ་ཞིག་ཡིན་པ་སྟེ། ཁོ་མོས་བྷེ་ལ་རུ་སིའི་རུ་ཁག་གི་ལས་སྣེ་ཚོར་སྐྱོན་བརྗོད་བྱས་པའི་རྗེས་སུ་ཆབ་སྲིད་ཀྱི་ཉེས་པ་ཕོག་པར་སྣང་།།

བྷེ་ལ་རུ་སིའི་སྲིད་འཛིན་ལུ་ཁ་ཤན་ཁོ།
བྷེ་ལ་རུ་སིའི་སྲིད་འཛིན་ལུ་ཁ་ཤན་ཁོ།

ཚི་མ་ནོབ་སི་ཀ་ཡས་རང་ཉིད་བྷེ་ལ་རུ་སིར་ཕྱིར་ལོག་བྱེད་ན་བཙོན་འཇུག་གི་ཉེན་ཁ་ཇི་ལྟར་འཕྲད་རྒྱུ་ཡིན་མིན་རྣམས་མ་བཀྲལ། སྔ་ལོ་མི་དམངས་ཀྱིས་སྲིད་འཛིན་ལུ་ཁ་ཤན་ཁོས་འགོ་ཁྲིད་པའི་བྷེ་ལ་རུ་སིའི་གཞུང་ལ་ངོ་རྒོལ་བྱས་པ་དང་ངོ་རྒོལ་ལས་འགུལ་ཁག་ལ་ཞུགས་པའི་རྩེད་འགྲན་བ་རྣམས་བཀག་ཉར་དང་རྒྱལ་ཡོངས་རྩེད་འགྲན་རུ་ཁག་ཁོངས་ནས་ཕྱིར་འབུད་བྱས་ནས་ལན་པ་བསློགས། བྷེ་ལ་རུ་སིའི་གཞུང་གིས་མི་དམངས་ཀྱི་ངོ་རྒོལ་ཁྲོམ་སྐོར་ལ་དྲག་གནོན་བྱས་ནས་བཙོན་འཇུག་དང་མནར་གཅོད་དྲག་པོ་གཏོང་གི་ཡོད་པ་ཡོངས་གྲངས་སུ་གྱུར། ལུ་ཁ་ཤན་ཁོས་རྒྱལ་ཁབ་དེར་དབང་སྒྱུར་བྱས་ནས་ལོ་༢༧་སོང་། ཁོ་པས་ལོ་བཅུ་ཕྲག་མང་པོར་བྷེ་ལ་རུ་སིའི་རྒྱལ་ཡོངས་ཨོ་ལིམ་ཕིཀ་ལྷན་ཚོགས་ཀྱི་འགོ་གཙོའི་གོ་གནས་བཟུང་། ལོ་འདིའི་ཕྱི་ཟླ་༢་པར་ལུ་ཁ་ཤན་ཁོས་རང་གི་བུ་རྒན་པར་གོ་གནས་དེ་སྤྲད། རྒྱལ་སྤྱིའི་ཨོ་ལིམ་ཕིཀ་འཛིན་སྐྱོང་ལྷན་ཚོགས་ཀྱིས་ལུ་ཁ་ཤན་ཁོའི་བུ་རྒན་པ་བྷེ་ལ་རུ་སིའི་ཨོ་ལིམ་ཕིཀ་ལྷན་ཚོགས་ཀྱི་འགོ་ཁྲིད་ལ་ངོས་ལེན་མ་བྱས་པ་དང་བྷེ་ལོ་རུ་སིའི་གཞུང་གིས་རྩེད་འགྲན་པའི་བདེ་འཇགས་ལ་སྲུང་སྐྱོབ་བྱ་དགོས། ཁོ་ཚོར་དབྱེ་འབྱེད་དང་ཆབ་སྲིད་ཀྱི་གཉའ་གནོན་འཕོག་གི་ཡོད་པ་མཚམས་འཇོག་བྱ་དགོས། བྷེ་ལ་རུ་སིའི་འགོ་ཁྲིད་ལུ་ཁ་ཤན་ཁོ་དང་བུ་རྒན་པ་གཉིས་ཉི་ཧོང་གི་རྒྱལ་ས་ཀྲོག་ཁིའོ་ལ་འཚོགས་བཞིན་པའི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་གྱི་མཛད་སྒོ་ཁག་ལ་མཉམ་ཞུགས་བྱེད་མི་ཆོག་ཅེས་བཀག ཁ་སང་གཟའ་ཉི་མར་བྷེ་ལ་རུ་སིའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཊི་ཁ་ནོབ་སི་ཀ་ཡས་ཉི་ཧོང་གཞུང་དང་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་ལྷན་ཚོགས་གཉིས་ལ་ཚི་མ་ནོབ་སི་ཀ་ཡའི་བདེ་འཇགས་ལ་སྲུང་སྐྱོབ་དགོས། བྷེ་ལ་རུ་སིའི་གཞུང་གིས་གསར་འགོད་པ་ཞིག་ཀྱང་གྷེ་རི་སི་ནས་ལུ་ཐུ་ཝྭེ་ཎི་ཡར་མཁའ་ལམ་བརྒྱུད་ནས་བསྐྱོད་པའི་ལམ་དུ་འགྲུལ་སྐྱེལ་གནམ་གྲུ་དེ་བཙན་གྱིས་བྷེ་ལ་རུ་སིའི་ས་ཐོག་ལ་འབབ་ཏུ་བཅུག་སྟེ་གསར་འགོད་པ་དེ་འཛིན་བཟུང་བྱས་པའི་གནས་ཚུལ་རྣམས་དྲན་སྐུལ་བྱས་འདུག

བྷེ་ལ་རུ་སིའི་རྒྱུག་རྩལ་འགྲན་སྡུར་བ་ཚི་མ་ནོབ་སི་ཀ་ཡས་ང་ནི་བུད་མེད་བཞིའི་མཱི་ཊར་༤༠༠་ཐམ་པའི་རྒྱུག་རྩལ་འགྲན་སྡུར་ལ་ནམ་ཡང་ཞུགས་མྱོང་མེད། ཁོ་ཚོས་ང་ལ་ཅི་ཡང་མ་བཤད་པར་མཱི་ཊར་༤༠༠་ཐམ་པའི་རྒྱུག་རྩལ་འགྲན་སྡུར་ལ་ཞུགས་དགོས་པའི་ཐག་བཅད་འདུག དེར་བརྟེན་ང་ཁོང་ཁྲོ་ལངས་སོང་། གལ་སྲིད་ཁོ་ཚོས་སྔོན་ནས་ང་ལ་བརྡ་ཞིག་བརྒྱབ་སྟེ་རྩེད་འགྲན་གྱི་གནས་སྟངས་རྣམས་འགྲེལ་བཤད་བརྒྱབ་པ་དང་ང་ལ་མཱི་ཊར་༤༠༠་ཐམ་པའི་རྒྱུག་རྩལ་འགྲན་སྡུར་ནང་དུ་ཞུགས་དགོས་པའི་སྔོན་བརྡ་ཞིག་བཏང་ཡོད་ཚེ། ངས་ཀྱང་སེམས་ནས་གྲ་སྒྲིག་བྱེད་ཐུབ་པ་དང་སྦྱོང་བརྡར་བྱེད་ཆོག་གི་རེད། ངས་བྷེ་ལ་རུ་སིའི་རྩེད་འགྲན་རུ་ཁག་གི་ལས་སྣེ་ཚོར་ནམ་ཡང་ཁོང་ཁྲོའི་རྣམ་འགྱུར་སྟོན་མི་སྲིད། ཁོ་ཚོས་ང་ལ་སྐད་ཆ་ཚིག་གཅིག་མ་དྲིས་པར་རྒྱབ་ལོགས་སུ་ཐོག་གཅོད་བྱས་པ་དང་ངས་འདྲི་རྩད་བྱས་པ་ཁག་ལ་སྣང་མེད་བཏང་ནས་ལན་འདེབས་བྱས་མ་སོང་ཞེས་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ཁོ་མོའི་འཕྲིན་ཐུང་དེར་ཆབ་སྲིད་ཀྱི་ནང་དོན་ཡོད་པའི་རྟགས་མཚན་མེད་ཀྱང་བྷེ་ལ་རུ་སིའི་གཞུང་འབྲེལ་མི་སྣ་ཚོར་སྐྱོན་བརྗོད་བྱས་པ་ཞིག་ཏུ་གོ་བ་ལེན་ཆོག སྔ་ལོའི་འོས་འདེམས་རྗེས་སུ་བྷེ་ལ་རུ་སིའི་མི་དམངས་ཀྱི་ངོ་རྒོལ་བྱུང་སྟེ་སྲིད་གཞུང་ལ་སྐྱོན་བརྗོད་དང་གཞུང་འབྲེལ་མི་སྣ་ཚོར་སྐྱོན་བརྗོད་བྱེད་པའམ། ཡང་ན་བྷེ་ལ་རུ་སིའི་གཞུང་གི་ལས་སྣེ་ཚོའི་ཐག་གཅོད་ལ་ངོ་རྒོལ་བྱེད་མཁན་རྣམས་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པར་བརྩིས་ནས་དྲག་གནོན་ཚབས་ཆེན་བྱ་ཡུལ་དུ་གྱུར། དེས་ན་ཚི་མ་ནོབ་སི་ཀ་ཡ་ཡང་དེའི་ཁོངས་སུ་འདུ་ཆོག་པའི་ཚོད་དཔག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG