ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

པེ་ཅིང་གི་རྩེད་འགྲན་པའི་གྲས་སུ་ནད་དུག་ཁྱབ་གདལ། 


༄༅།། པེ་ཅིང་གི་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་འགྲན་འཚོགས་ལ་ཉེ་བའི་སྐབས་འདིར་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བཞིན་ཡོད་པ་སྟེ། གཟའ་མཇུག་དེར་རྩེད་འགྲན་པ་དང་རྩེད་འགྲན་པའི་དགེ་རྒན། ཕྱི་རྒྱལ་གྱི་ཨོ་ལིམ་ཕིཀ་རུ་ཁག་དེ་དག་གི་ལས་བྱེད་པ་དང་རྒྱ་ནག་གཞུང་གིས་ལྕགས་རི་བསྐོར་ཡོད་པ་དེའི་ནང་ལོགས་སུ་ཡོད་པའི་ཨོ་ལིམ་ཕིཀ་རྩེད་འགྲན་གྱི་ལས་བྱེད་པ་བཅས་ཁྱོན་བསྡོམས་མི་༧༡་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པ་ངེས་གཏན་བྱུང་། དེ་རིང་གཟའ་ཟླ་བའི་ཉིན་པེ་ཅིང་ཨོ་ལིམ་ཕིཀ་བཀོད་སྒྲིག་ཚོགས་ཆུང་གི་གཞི་གྲངས་སུ་འཁོད་པ་ལྟར་ན། ཏོག་དབྱིབས་ནད་དུག་འགོས་པའི་མི་༢༨་ནི་རྩེད་འགྲན་པ་དང་རྩེད་འགྲན་རུ་ཁག་གི་ལས་སྣེ་ཚོ་རེད། མི་༢༠་ཐམ་པ་ནི་ལྕགས་རིའི་ནང་ལོགས་ཀྱི་ལས་མི་རྣམས་རེད་ཅེས་བཀོད། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་དུ་ཨོ་ལིམ་ཕིཀ་རྩེད་འགྲན་པ་རྣམས་དང་རྒྱ་ནག་མི་དམངས་གཉིས་གཏན་ནས་ཐུག་ས་མེད་པར་བཏང་ཡོད་ཅིང་། ཕྱི་ཟླ་༢་པའི་ཚེས་༤་ཉིན་པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་གྱི་སྒོ་འབྱེད་མཛད་སྒོ་འཚོགས་རྒྱུ་ཡིན་པ་དང་རྩེད་འགྲན་པ་ཚོར་ཉིན་ལྟར་བརྟག་དཔྱད་བྱ་རྒྱུའི་ཐག་བཅད། ཉེ་ཆར་༢༠༢༢་ལོའི་པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་གྱི་སྨན་པའི་རུ་ཁག་གི་འགན་འཛིན་བྷ་རེན་མེཀ་ཁོ་ལོ་སི་ཀིས་རྩེད་འགྲན་པ་རྣམས་འབྱོར་རེ་བཞིན་དུ་ནད་དུག་འགོས་པའི་མི་གྲངས་ཇེ་མང་དུ་འགྲོ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད། ང་ཚོས་ལྕགས་རིའི་ནང་ལོགས་སུ་ཏོག་དབྱིབས་ནད་དུག་འགོས་པའི་མི་གཅིག་ཀྱང་མེད་པར་གཏོང་རྒྱུའི་དམིགས་ཚད་འཛིན་གྱི་མེད། ང་ཚོའི་དམིགས་ཚད་ནི་ལྕགས་རིའི་ནང་ལོགས་སུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་རུ་འཇུག་མི་ཉན་པ་དེ་ཡིན་ཞེས་བཤད། པེ་ཅིང་གི་ཨོ་ལིམ་ཕིཀ་བཀོད་སྒྲིག་ཚོགས་ཆུང་གིས་གཟའ་ཉི་མའི་བར་དུ་མི་༧༥༠༠༠༠་ལ་བརྟག་དཔྱད་བྱས་ནས་ནད་རྟགས་ཐོན་པ་བརྒྱ་ཆ་༠༣་ལས་ཐོན་མ་སོང་ཞེས་བསྒྲགས།།

ཨོ་ལིམ་ཕིཀ་རྩེད་འགྲན་འཚོགས་སར་ནད་འགོག་གྱོན་གོས་དཀར་པོ་དང་གདོང་ཤེལ་གྱོན་པའི་ལས་བྱེད་པ་བཀོད་སྒྲིག
ཨོ་ལིམ་ཕིཀ་རྩེད་འགྲན་འཚོགས་སར་ནད་འགོག་གྱོན་གོས་དཀར་པོ་དང་གདོང་ཤེལ་གྱོན་པའི་ལས་བྱེད་པ་བཀོད་སྒྲིག

ཁ་སང་གཟའ་ཉི་མར་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། པེ་ཅིང་གྲོང་ཁྱེར་གྱི་བྱང་ཕྱོགས་སུ་ཆགས་པའི་ཁྲའོ་དབྱང་རྫོང་གི་ཨན་ཀྲེན་ལི་གྲོང་གླིང་གི་མི་མང་རྣམས་རང་ཁྱིམ་དུ་བཀག་ནས་ཕྱི་ལ་འབུད་མི་ཆོག་ཅེས་བརྡ་བརྒྱབ། དེ་བཞིན་བདུན་ཕྲག་སྔོན་མ་ནས་ཧྥེང་ཐེ་རྫོང་གི་མི་གྲངས་ས་ཡ་༢་ལྷག་ལ་བརྟག་དཔྱད་ལན་མང་བྱས་ནས་འགྲོ་འོང་བཀག་ཡོད་པ་ཕྱིར་འཐེན་བྱས་མེད་པར་མ་ཟད། པེ་ཅིང་གི་ནད་རིགས་སྔོན་འགོག་དང་བཀག་སྡོམ་ལྟེ་གནས་ཁང་གི་འགན་འཛིན་པང་ཤཱིང་ཧུག་གིས་གཟའ་སྤེན་པའི་ཕྱི་དྲོའི་ཆུ་ཚོད་༤་པ་ནས་གཟའ་ཉི་མའི་ཕྱི་དྲོའི་ཆུ་ཚོད་༤་པའི་བར་དུ་པེ་ཅིང་གྲོང་ཁྱེར་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༡༢་ཐོན་སོང་། ཁོ་ཚོ་ཚང་མ་ནད་དུག་འགོས་ཡོད་པའི་དོགས་པ་བྱས་ནས་ཟུར་འགོག་འོག་ཏུ་བཞག་ཡོད་པ་ཤ་སྟག་རེད། རྒྱལ་ཁབ་གཞན་དང་ས་གནས་གཞན་ལ་བསྡུར་ན་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པའི་གྲངས་འབོར་ཧ་ཅང་ཉུང་ཉུང་རེད། འོན་ཀྱང་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཞིག་ཐོན་པ་ཤེས་རྟོགས་ཐུབ་མ་ཐག་ཏུ་ནད་དུག་གི་ཁྱབ་རྒྱུན་གཅོད་རྒྱུ་གནད་འགག་ཆེན་པོ་ཡིན། ཨོ་ལིམ་ཕིཀ་རྩེད་འགྲན་མ་ཚོགས་བར་དུ་པེ་ཅིང་གྲོང་ཁྱེར་གྱི་ས་གནས་ཁག་ཅིག་ལ་ཏོག་དབྱིབས་ནད་དུག་ལ་བརྟག་དཔྱད་བྱེད་རིམ་༡༩་གཏན་འབེབས་བྱས་ཡོད་ཅེས་བསྒྲགས། པེ་ཅིང་གི་ཨ་ལིམ་ཕིཀ་རྩེད་འགྲན་བཀོད་སྒྲིག་ཚོགས་ཆུང་གི་ལས་སྣེ་ཚོས་རྩེད་འགྲན་པ་༢༤༨་པེ་ཅིང་གི་གནམ་ཐང་དུ་འབྱོར་ཟིན་པའི་གཞུག་གམ། ཡང་ན་ཁོ་ཚོ་ལྕགས་རིའི་ནང་དུ་འབྱོར་ཟིན་པའི་གཞུག་ཏུ་ཏོག་དབྱིབས་ནད་དུག་འགོས་འདུག མི་༥༡་ནི་རྩེད་འགྲན་པའི་དགེ་རྒན་དང་ལས་བྱེད་པ་སོགས་རེད་ཅེས་གསར་འགོད་གསལ་བསྒྲགས་སྤེལ།།

མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨོ་གླིང་གི་འཁྱག་ཤུད་མཐོ་མཆོང་བ་མ་རི་ཏ་ཁེ་རེ་མེར་དང་ནོར་ཝེའི་རྒྱལ་ཡོངས་འཁྱག་ཤུད་འགྲན་རྒྱུག་པ་ཧེ་ཌི་ཝེན། སུད་སི་རྒྱལ་ཁབ་ཀྱི་བུད་མེད་འཁྱག་རའི་ཧོ་ཁི་རྩེད་འགྲན་པ་གཉིས། འཇར་མན་གྱི་འཁྱག་སྟེང་དུ་ཁ་བུབ་འགྲན་རྒྱུག་པ་གཉིས་དང་ཨུ་རུ་སུའི་རྩེད་འགྲན་པ་བཞི་ལ་འགྲོ་ཁ་དེར་ནད་རྟགས་ཐོན་ནས་རྒྱ་ནག་ལ་འཕུར་སྐྱོད་བྱེད་པའི་གནམ་གྲུའི་ནང་དུ་མ་ཐར། ཨ་མི་རི་ཀའི་རྩེད་འགྲན་པ་ཇཱོ་ཤི་ཝི་ལིམ་སོན་གྱིས་ང་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་རྟགས་ཐོན་སོང་། ང་པེ་ཅིང་གི་རྩེད་འགྲན་ལ་མཉམ་ཞུགས་བྱེད་དུ་འགྲོ་རྒྱུ་ཕྱིར་འགྱངས་བྱས་པ་ཡིན། ངས་ད་དུང་ཡང་རྩེད་འགྲན་འགོ་མ་ཚུགས་གོང་དུ་པེ་ཅིང་ལ་འབྱོར་ནས་རང་གི་རུ་ཁག་གི་མཉམ་དུ་སྦྱོང་བརྡར་བྱེད་ཐུབ་པའི་རེ་བ་ཡོད་ཅེས་འཕྲིན་ཐུང་ཞིག་སྤེལ། སྔ་ལོ་ཉི་ཧོང་གཞུང་གིས་ཏོག་དབྱིབས་ནད་དུག་བཀག་སྡོམ་བྱས་པ་ལས་ཀྱང་རྒྱ་ནག་གིས་བཀག་སྡོམ་དམ་པོ་བྱེད་ཀྱི་ཡོད་ཀྱང་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་ཁྱབ་སླ་བ་དང་རྒྱ་ནག་གི་ནད་འགོག་སྲིད་ཇུས་གཉིས་ཀས་ཏོག་དབྱིབས་ནད་དུག་འགོག་མི་ཐུབ་པར་གྱུར། ཕྱི་རྒྱལ་གྱི་རྩེད་འགྲན་པ་རྣམས་དང་རྒྱ་ནག་གི་དང་བླངས་ལས་བྱེད་པ་རྣམས་ལྕགས་རིའི་ནང་དུ་བཅུག་སྟེ་སྤྱི་དམངས་འགྲིམ་འགྲུལ་ལ་འབྲེལ་བ་མེད་པ་དང་ལྕགས་རིའི་ཕྱི་ལོགས་སུ་བསྐྱོད་མི་ཆོག་པ། མི་དེ་ཚོ་པེ་ཅིང་གི་རྩེད་འགྲན་གྱི་ལྕགས་རིའི་ནང་ལོགས་སུ་མ་འཛུལ་གོང་དུ་ནད་རྟགས་ཡོད་མེད་བརྟག་དཔྱད་ཐེངས་གཉིས་བྱ་རྒྱུ། དེ་ནས་ལྕགས་རིའི་ནང་དུ་འཛུལ་ཟིན་པའི་རྗེས་སུ་སྣ་དང་མིད་པའི་ནང་དུ་བརྟག་དཔྱད་བྱེད་འགོ་ཚུགས། རྩེད་འགྲན་པ་ཚོར་པེ་ཅིང་གནམ་ཐང་དུ་ནད་འགོག་གྱོན་གོས་དཀར་པོ་དང་གདོང་ཤེལ་གྱོན་པའི་ལས་བྱེད་པ་ཚོས་ཕེབས་བསུ་ཞུས།།

ཨ་རིའི་སི་ཨེན་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གཅིག་ཀྱང་མེད་པར་གཏོང་རྒྱུའི་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་སྒོ་རྒྱ་བསྡམས་པ་དང་ལས་མཚམས་བཞག བཟོ་གྲྭ་ཁག་སྒོ་བརྒྱབ་སྟེ་རྒྱ་ནག་གི་སྤྱི་ཚོགས་སུ་དངོས་ཟོག་གི་རིན་གོང་འཕར། རྒྱ་ནག་གི་རླངས་འཁོར་བཟོ་གྲྭ་ཁག་ལ་དགོས་ངེས་ཀྱི་ལྷུ་ལག་རྣམས་མེད་པར་གློག་གི་རླངས་འཁོར་རྣམས་བཟོ་མི་ཐུབ་པའི་མཚམས་སུ་ལྷུང་། རྒྱ་ནག་གི་གློག་གི་རླངས་འཁོར་བཟོ་ཚོང་ཁང་གི་འགན་འཛིན་ཧྥི་རི་མན་ཧྲེང་གིས་བཟོ་ཚོང་ཁང་འདི་ཡར་རྒྱས་འགྲོ་བཞིན་པའི་བཟོ་ཚོང་ཁང་ཞིག་ཡིན། ཡིན་ནའང་དངོས་ཟོག་གི་རིན་གོང་འཕར་ནས་ཚོང་ལས་གཉེར་ཐུབ་རྒྱུ་ཁག་པོ་རེད། ང་ཚོའི་རླངས་འཁོར་གྱི་ལྷུ་ལག་ཁག་ཅིག་མ་ལི་ཤི་ཡའི་བཟོ་གྲྭ་ཞིག་ཏུ་བཟོ་བཞིན་ཡོད་ཀྱང་བཟོ་གྲྭ་དེར་དཀའ་ངལ་ཕྲད་ནས་ང་ཚོར་ལྷུ་ལག་ཕྱིར་ཚོང་བྱ་རྒྱུ་མཚམས་བཞག་སོང་། རྒྱ་ནག་ནང་ཁུལ་དུ་ཐེན་ཅིན་གྲོང་ཁྱེར་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་རླངས་འཁོར་གྱི་གློག་གཡིས་བཟོ་མ་ཐུབ་པར་མཚམས་ཆད་སོང་ཞེས་བཤད། སྔ་ལོ་ནས་རྒྱ་ནག་ལ་གློག་གཡིས་འབའ་ཞིག་ལ་བརྟེན་པའི་རླངས་འཁོར་དང་གློག་གཡིས་དང་རླངས་སྣུམ་གཉིས་ཀར་བརྟེན་པའི་རླངས་འཁོར་གྱི་ཚོང་ལས་ལྡབ་གཅིག་འཕར། རྒྱ་ནག་གི་རླངས་འཁོར་བཟོ་གྲྭ་རྣམས་གློག་གཡིའི་རླངས་འཁོར་བཟོ་གྲྭ་ཁག་ལ་བསྒྱུར་ཀྱང་༢༠༢༠་ལོ་ནས་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་དུ་སྒོ་རྒྱ་བསྡམས་ཏེ་བཟོ་གྲྭ་ཁག་སྒོ་བརྒྱབ། ༢༠༢༡་གི་ལོ་མཇུག་ནས་ཨོ་མི་ཁོ་རོན་ཞེས་འབོད་པའི་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་ཁྱབ་ནས་བཟུང་། རྒྱ་ནག་གཞུང་གིས་འགྲིམ་འགྲུལ་དང་ཚོང་ལས། སློབ་གྲྭ་སོགས་སྒོ་བརྒྱབ་ནས་བཀག་སྡོམ་བྱ་རྒྱུ་སྔར་ལས་ཤུགས་ཆེ་རུ་བཏང་སྟེ་རྒྱ་ནག་གི་བཟོ་གྲྭ་ཁག་དང་ཚོང་ལས་སོགས་ལ་སྔར་ལས་དཀའ་ངལ་ཇེ་ཆེར་སོང་།།

པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་དུས་སུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་སྲིད་པ་དང་དམ་དྲག་ཆེ་དྲག་པར་སྐྲག་སྟེ་ཨ་མི་རི་ཀའི་ཕྱི་འབྲེལ་མི་སྣ་ཁག་ཅིག་གནས་སྐབས་རིང་རང་ཡུལ་ལ་ཕྱིར་ལོག་བྱེད་ཆོག་པའི་བཀའ་འཁྲོལ་ཞུས། ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ཨ་རིའི་གཞུང་ཚབ་ཁང་དང་དོན་གཅོད་ལས་ཁུངས་ཁག་གི་ལས་བྱེད་པ་ཚོས་ཏོག་དབྱིབས་ནད་དུག་ལ་འཇིགས་སྣང་བྱས་ནས་གནས་སྐབས་རིང་ཕྱིར་ལོག་བྱེད་ཆོག་པའི་སྙན་སེང་ཞུས་པར་བློ་ཕམ་ཡོད། རྒྱ་ནག་གིས་ཝི་ཡ་ནའི་གྲོས་མཐུན་གྱི་དགོངས་དོན་ལྟར་ཕྱི་རྒྱལ་གྱི་གཞུང་ཚབ་ཁང་དང་དོན་གཅོད་ལས་ཁུངས་ཁག་གི་ཕྱི་འབྲེལ་མི་སྣ་ཚོའི་ཐོབ་ཐང་དང་བདེ་ཐང་ལ་འགན་སྲུང་བྱེད་ཀྱི་ཡོད། ཨ་མི་རི་ཀའི་ཕྱི་འབྲེལ་མི་སྣ་ཁག་ཅིག་གིས་རང་ཡུལ་ལ་ཕྱིར་ལོག་བྱེད་ཆོག་པའི་སྙན་སེང་ཞུས་པའི་དམིགས་ཡུལ་ཅི་ཡིན་ཤེས་རྟོགས་ཐུབ་ཀྱི་མི་འདུག་ཅེས་གསར་འགོད་བསྒྲགས་སྤེལ། རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་གྱིས་པེ་ཅིང་ལ་ཨོ་ལིམ་ཕིཀ་རྩེད་འགྲན་མ་ཚོགས་གོང་དང་རྒྱ་ནག་གི་ལོ་གསར་གྱི་དགའ་སྟོན་མ་ཚུགས་གོང་དུ་ཨ་མི་རི་ཀས་སླར་ཡང་དབྱེན་སྦྱོར་གསར་པ་ཞིག་རྩོམ་གྱི་འདུག་སྐྱོན་བརྗོད་ཀྱི་རྩོམ་ཡིག་བཀོད། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་པེ་ཅིང་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་དང་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་བཅའ་སྡོད་ཨ་རིའི་དོན་གཅོད་ལས་ཁུངས་ཁག་གི་ལས་དོན་སྒྲུབ་ཕྱོགས་ལ་འགྱུར་བ་ཕྱིན་མེད་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ། རྒྱལ་སྤྱིའི་སྨན་པ་མཁས་པ་རྣམས་དང་ཚན་རིག་པ་ཕལ་མོ་ཆེས་འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་དུག་ཁྱབ་ནས་མི་དམངས་ཀྱི་ལུས་པོར་ནད་འགོག་གི་ཟུངས་ཤུགས་གྲུབ་ཀྱང་རྒྱ་ནག་གིས་སྒོ་རྒྱ་བསྡམས་ནས་མི་དམངས་ལ་ནད་འགོག་གི་ཟུངས་ཤུགས་མ་གྲུབ། དེར་བརྟེན་རྒྱ་ནག་གི་སྒོ་མོ་ཕྱེ་ན་མི་གྲངས་དུང་ཕྱུར་མང་པོར་ནད་དུག་འགོས་ནས་ཆག་སྒོ་ཚབས་ཆེན་ཞིག་འབྱུང་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG