ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཉམས་ཞིབ་པ་ཚོས་ཞིས་དང་བྷ་ཌན་གྱི་ཁ་པར་གླེང་མོལ་ལ་དཔྱད་བརྗོད། 


༄༅།། ཉེ་ཆར་ཕྱི་ཟླ་༩་པའི་ཚེས་༡༠་ཉིན་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་དང་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་གཉིས་ཀྱིས་དུས་ཡུན་སྐར་མ་༩༠་ཐམ་པར་ཁ་པར་ནང་དུ་བཀའ་མོལ་གནང་བ་ནི་གསོང་པོ་དང་མཐུན་པོ་ཞིག་བྱུང་སོང་ཞེས་ཕྱོགས་གཉིས་ཀྱི་གཞུང་འབྲེལ་མི་སྣ་ཚོས་གསར་འགོད་གསལ་བསྒྲགས་སྤེལ། རྒྱ་ནག་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་གསར་འགོད་པ་དང་ཉམས་ཞིབ་པ་ཚོས་བྷ་ཌན་དང་ཞིས་ཅིན་ཕིང་གི་ཁ་པར་གྲོས་མོལ་ཐེངས་གཉིས་པའི་མཚོན་དོན་དང་གནད་འགག་བཅས་ལ་དཔྱད་བརྗོད་སྣ་ཚོགས་ཤིག་བྱེད་ཀྱི་ཡོད་ཅིང་། འོན་ཀྱང་རྒྱ་ནག་དང་ནུབ་ཕྱོགས་ཀྱི་གསར་འགོད་པ་དང་ཉམས་ཞིབ་པ་ཚོ་བྷ་ཌན་དང་ཞིས་ཅིན་ཕིང་གི་ཁ་པར་གྲོས་མོལ་དེར་གྲུབ་འབྲས་ཐོན་མེད་པ་དང་ཕྱོགས་གཉིས་ཀས་རང་རང་གི་ལངས་ཕྱོགས་མཁྲེགས་པོ་བཟུང་ཡོད་པར་ལྟ་ཚུལ་གཅིག་མཚུངས་བྱུང་འདུག དཔེར་ན་ཕྱི་ཟླ་༩་པའི་ཚེས་༡༤་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་དབུས་བརྙན་འཕྲིན་ཁང་གི་གསར་འགོད་པ་ཞིག་གིས་རྒྱ་ནག་གི་མཁས་པ་ཞིག་ལ་བཅར་འདྲི་ཞུས་ནས་གནས་ཚུལ་སྤེལ་བ་དེར་བྷ་ཌན་གྱིས་ཞིས་ཅིན་ཕིང་ལ་ཚུར་ཁ་པར་བཏང་བ་རེད། དེ་ནི་ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་ཁྱབ་པ་དང་དྲག་ཆར་རླུང་འཚུབ་ཀྱིས་ཨ་མི་རི་ཀར་གནོད་འཚེ་ཆེན་པོ་ཕོག ལྷག་པར་དུ་ཨབ་གྷ་ཎི་སི་ཐན་གྱི་རྒྱལ་ས་ཀ་བྷུལ་རྒྱལ་སྤྱིའི་གནམ་ཐང་གི་ཕྱི་ལོགས་སུ་ཨ་མི་རི་ཀའི་དམག་མི་༡༣་བསད་པའི་རྗེས་སུ་ཨ་རིའི་རྒྱལ་ནང་དུ་བྷ་ཌན་གྱི་སྙན་གྲགས་ཉམས་པ་རེད། དེར་བརྟེན་བྷ་ཌན་གྱིས་ཞིས་ཅིན་ཕིང་ལ་ཁ་པར་བཏང་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་ཐབས་དང་བྷ་ཌན་གྱི་སྙན་གྲགས་སླར་གསོ་འབྱུང་ཐབས་བྱས་པ་ཞིག་རེད་ཅེས་བཀྲལ།།

ཕྱི་རྒྱལ་གྱི་གསར་འགོད་པ་ཚོས་བྷ་ཌན་གྱི་སྲིད་གཞུང་གིས་རྒྱ་ནག་ལ་ཚོང་ལས་ཐོག་ཏུ་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་གཏོང་རྒྱུའི་རྟགས་མཚན་འདུག རྒྱ་ནག་གིས་རང་གི་བཟོ་ཚོང་ལས་ཁང་ཁག་ལ་རོགས་དངུལ་སྤྲད་ནས་ཨ་རིའི་དཔལ་འབྱོར་ལ་གནོད་སྐྱོན་འཕོག་གི་ཡོད་པར་ཞིབ་འཇུག་བྱས་ཏེ་ཨ་མི་རི་ཀས་རྒྱ་ནག་ནས་ནང་འདྲེན་བྱེད་ཀྱི་ཡོད་པའི་དངོས་ཟོག་ལ་སླར་ཡང་སྒོ་ཁྲལ་སྤར་རྒྱུའི་འཆར་གཞི་རེད། ད་དུང་ཨ་རིའི་གཞུང་གིས་ཝ་ཤིང་ཊོན་དུ་བཅའ་སྡོད་ཐེ་པེ་དཔལ་འབྱོར་དང་རིག་གཞུང་ལས་ཁུངས་ལའང་ཐེ་ཝན་གྱི་དོན་གཅོད་ཁང་ཞེས་མིང་བྱང་འགོད་དུ་འཇུག་རྒྱུའི་རྟགས་མཚན་འདུག་ཅེས་འགྲེལ་བཤད་ཐ་དད་ཅིག་བརྒྱབ་འདུག ཕོ་བྲང་དཀར་པོའི་ལས་སྣེ་ཚོས་རྒྱ་ནག་དང་ཨ་མི་རི་ཀའི་དམའ་རིམ་གཞུང་འབྲེལ་མི་སྣ་ཚོས་གྲོས་མོལ་ཇི་ལྟར་བྱས་ཀྱང་དེ་ལ་རྔོ་ཐོགས་པའི་གྲུབ་འབྲས་ཤིག་སྨིན་རྒྱུ་མི་འདུག ཞིས་ཅིན་ཕིང་གིས་རྒྱ་ནག་གི་སྲིད་དབང་གཅིག་སྡུད་བྱས་ནས་ཕྱོགས་གཉིས་ཀྱི་དམའ་རིམ་ལས་སྣེ་ཚོས་ལས་དོན་གང་ཡང་ཐག་གཅོད་བྱེད་ཐུབ་ཀྱི་མེད་པས་སྲིད་འཛིན་བྷ་ཌན་གྱིས་ཐད་ཀར་ཞིས་ཅིན་ཕིང་ལ་ཁ་པར་བཏང་བ་རེད། ཁ་སྔོན་ཕྱི་ཟླ་༢་པར་སྲིད་འཛིན་བྷ་ཌན་དང་ཞིས་ཅིན་ཕིང་གཉིས་ཁ་པར་ནང་དུ་བཀའ་མོལ་ཐེངས་དང་པོ་བྱུང་ཡོད། སྲིད་འཛིན་བྷ་ཌན་གྱི་གཞུང་གིས་འགན་འཁྲི་བླངས་ནས་ཨ་རྒྱ་གཉིས་ཀྱི་འབྲེལ་བ་ཡར་རྒྱས་དང་རྒྱལ་སྤྱིའི་ལས་དོན་ཁག་ལ་མཉམ་འབྲེལ་གྱིས་ཐག་གཅོད་བྱེད་ཐུབ་པའི་འབད་བརྩོན་དང་གོམས་སྟབས་སྤོས་པ་ཡིན་ཞེས་བཤད།།

ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་ཡུ་ཡོན་ཏན་ཐེན་ཞེས་པའི་ཉམས་ཞིབ་མཁས་པ་ཞིག་གིས་དབུས་བརྙན་འཕྲིན་ཁང་གི་དྲྭ་ལམ་དུ་དཔྱད་བརྗོད་ཀྱི་རྩོམ་ཡིག་ཅིག་བཀོད། རྩོམ་ཡིག་དེར་ཨ་མི་རི་ཀས་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་བཀག་སྡོམ་བྱ་རྒྱུ་ནི་བྱེ་ཐང་གི་གཤིན་ས་ལྟ་བུ་ཞིག་ལ་རྩི་བཞིན་ཡོད་པ་དང་གནད་དོན་གཞན་རྣམས་བྱེ་ཐང་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་ཀྱི་འདུག རྒྱ་ནག་དང་ཨ་མི་རི་ཀར་འབྲེལ་བ་ཡོད་པའི་གནད་དོན་གཞན་རྣམས་བྱེ་ཐང་ལ་བརྩིས་ན་བྱེ་ཐང་གི་གཤིན་ས་རྣམས་ཀྱང་གཅིག་རྗེས་གཉིས་མཐུད་དུ་བྱེ་ཐང་ལ་འགྱུར་རྒྱུ་རེད། འཛམ་གླིང་གི་སའི་གོ་ལའི་གཤམ་གཤིས་འགྱུར་ལྡོག་གཅིག་པུ་ལོགས་སུ་བཀར་ནས་ཨ་རྒྱའི་འབྲེལ་བ་ཡར་རྒྱས་གཏོང་དཀའ། ཕྱི་ཟླ་༧་པའི་ཚེས་༢༦་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པ་ཝེན་ཌི་ཤཱེར་མན་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་གཉིས་ཐེན་ཅིན་གྲོང་ཁྱེར་དུ་ཐུག་འཕྲད་བྱས་པ་རེད། རྒྱ་ནག་གཞུང་གིས་སྐབས་དེར་ཨ་མི་རི་ཀས་རྒྱ་ནག་གི་ཁྱད་ཆོས་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ལ་གཏོར་བརླག་བྱེད་མི་ཆོག རྒྱ་ནག་གི་ཡར་རྒྱས་ལ་ཨ་རིས་འགོག་རྐྱེན་བཟོ་མི་ཆོག རྒྱ་ནག་གི་བདག་དབང་དང་མངའ་ཁོངས་གོང་བུ་གཅིག་གྱུར་ཏེ། ཞིན་ཅང་དང་བོད། ཧོང་ཀོང་དང་ཐེ་ཝན་བཅས་ལ་ཨ་མི་རི་ཀས་ཐེ་ཇུས་བྱེད་མི་ཆོག་ཅེས་རྩ་དོན་གསུམ་བཏོན་པར་ཨ་མི་རི་ཀས་བརྩི་འཇོག་བྱེད་ཀྱི་མེད་པ་རེད། ཕྱི་ཟླ་༣་པའི་ཚེས་༡༨་ཉིན་ཨ་རི་དང་རྒྱ་ནག་གི་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོ་ཨ་ལ་སི་ཁར་ཐུག་འཕྲད་གྲོས་མོལ་བྱས་ཀྱང་སྔ་ཉིན་དེར་ཨ་མི་རི་ཀས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ལ་གནོན་སྡོམ་བྱས་པར་འབྲེལ་བ་ཡོད་པའི་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོར་འགྲིམ་འགྲུལ་བཀག་སྡོམ་སོགས་ཀྱི་ཉེས་ཆད་བཅད་པ་རེད། དེས་ན་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་ཡར་རྒྱས་གཏོང་ཐུབ་པའི་ཁོར་ཡུག་ཅིག་འདུག་གམ་ཞེས་དཔྱད་རྩོམ་སྤེལ་འདུག

ཕྱི་ཟླ་༣་པའི་ཚེས་༡༨་ཉིན་ཨ་རི་དང་རྒྱ་ནག་གི་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོ་ཨ་ལ་སི་ཁར་ཐུག་འཕྲད་གྲོས་མོལ་བྱས
ཕྱི་ཟླ་༣་པའི་ཚེས་༡༨་ཉིན་ཨ་རི་དང་རྒྱ་ནག་གི་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོ་ཨ་ལ་སི་ཁར་ཐུག་འཕྲད་གྲོས་མོལ་བྱས

ཨོ་གླིང་རྒྱལ་ཁབ་ཀྱི་གནམ་འཕྲིན་གསར་འགྱུར་ལས་ཁང་གི་ཝ་ཤིང་ཊོན་དུ་བཅའ་སྡོད་གསར་འགོད་པ་ཨེ་ན་ལི་སི་ནེལ་སེན་གྱིས་སྲིད་འཛིན་བྷ་ཌན་གྱིས་མུ་མཐུད་དུ་རྒྱ་ནག་ལ་སྲིད་ཇུས་མཁྲེགས་པོ་ཞིག་བཟུང་ཡོད་པ་རྒྱུན་འཁྱོངས་བྱ་དགོས། བདུན་ཕྲག་སྔོན་མར་སྲིད་འཛིན་བྷ་ཌན་དང་ཞིས་ཅིན་ཕིང་གཉིས་ཁ་པར་ནང་དུ་བཀའ་མོལ་ཐེངས་གཉིས་པ་བྱུང་བ་རེད། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱ་སྐྱེད་བྱེད་ཀྱི་ཡོད་པ་སོགས་ཀྱིས་ཨ་རི་དང་རྒྱ་ནག་གི་འབྲེལ་བ་ཧ་ཅང་སྡུག་ཏུ་ཕྱིན་འདུག ཨ་མི་རི་ཀས་རང་ཚུགས་བརྟན་པོ་འཛིན་རྒྱུ་ནི་འཛམ་གླིང་སྤྱི་ཡོངས་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་འབྲེལ་བ་ཡོད། ཞིས་ཅིན་ཕིང་གིས་བཤད་པའི་སྐད་ཆ་ཡིན་མིན་ལ་ཁྱད་པར་མེད། ང་ཚོ་འཛམ་གླིང་གི་སྒྲིག་སྲོལ་བསྐྱར་བཅོས་འབྱུང་བའི་དུས་མཚམས་ཤིག་ཏུ་བསླེབས་འདུག འདི་འདྲའི་དུས་སུ་རྒྱ་ནག་གིས་འཛམ་གླིང་ལ་ཁ་ལོ་བསྒྱུར་དགོས་བསམ་གྱི་ཡོད་ཀྱང་རྒྱ་ནག་ནི་ས་ཁུལ་ཞིག་གི་སྟོབས་ཆེན་རྒྱལ་ཁབ་ཅིག་རེད། ཇཱོ་བྷ་ཌན་གྱིས་ཨ་མི་རི་ཀས་སྔར་བཞིན་འཛམ་གླིང་ལ་ཁ་ལོ་སྒྱུར་ཐུབ་ཀྱི་ཡོད་པ་རྒྱ་ནག་ལ་གསལ་པོར་སྟོན་དགོས། ངས་བལྟས་ན་བྷ་ཌན་གྱིས་ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་མཉམ་འབྲེལ་བྱས་ནས་སྔ་མའི་ལམ་སྲོལ་ལྟར་རྒྱ་ནག་ལ་ཁ་གཏད་གཅོག་གི་འདུག་ཅེས་བསྟན།།

ཨོ་གླིང་རྒྱལ་ཁབ་ཀྱི་གནམ་འཕྲིན་གསར་འགྱུར་ལས་ཁང་གི་བགྲོ་གླེང་སྐབས་སུ་ཁེམ་རོན་སི་ཊི་ཝར་ཌི་ཞེས་པའི་ཉམས་ཞིབ་པ་ཞིག་གིས་ཀྱང་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་རྒྱ་ནག་ལ་མཁྲེགས་པོ་བྱས་པ་ལྟར་ཇཱོ་བྷ་ཌན་གྱི་གཞུང་གིས་ཀྱང་རྒྱ་ནག་ལ་མཁྲེགས་པོ་བྱེད་ཀྱི་འདུག ཨ་རྒྱའི་ཚོང་དམག་གི་ཐོག་ཏུ་བྷ་ཌན་གྱིས་རྒྱ་ནག་ལ་གུ་བཤངས་སོར་གང་བྱེད་ཀྱི་མེད་པར་མ་ཟད། བྷ་ཌན་གྱི་གཞུང་གིས་རྒྱ་ནག་ལ་འཛིན་པའི་ལྟ་ཚུལ་ཡང་ཡག་ཏུ་འགྲོ་ཡི་མི་འདུག ད་ལྟའི་བར་དུ་སྲིད་འཛིན་བྷ་ཌན་གྱིས་ཞིས་ཅིན་ཕིང་ལ་ཁ་པར་ནང་དུ་བཀའ་མོལ་ཐེངས་གཉིས་ལས་གནང་མེད་པ་རེད། འདི་ནི་ངོ་མར་ཡ་མཚན་པོ་དང་ཨ་རྒྱའི་འབྲེལ་བ་ཡར་རྒྱས་གཏན་ནས་འགྲོ་ཐུབ་ཀྱི་མེད་པའི་རྟགས་མཚན་རེད་ཅེས་བཤད། ཉམས་ཞིབ་པ་ཁག་ཅིག་གིས་ཨ་རིའི་སྲིད་གཞུང་སྔོན་མས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ཡོད་པ་རྣམས་བྷ་ཌན་གྱི་སྲིད་གཞུང་གིས་ཕྱིར་འཐེན་བྱེད་ཀྱི་མེད་པ་དང་རྒྱ་ནག་གཞུང་གིས་མ་རྩ་བཙུགས་པའམ། ཡང་ན་རྒྱ་ནག་གཞུང་ལ་འབྲེལ་བ་ཡོད་པའི་བཟོ་ཚོང་ལས་ཁང་གིས་ཨ་མི་རི་ཀར་མ་རྩ་བཙུགས་ནས་ཚོང་ལས་གཉེར་མི་ཆོག་པའི་བཀག་སྡོམ་ཁག་ཀྱང་ཕྱིར་འཐེན་བྱེད་ཀྱི་མེད་ཅིང་། རྒྱ་ནག་གི་དམག་དང་གསང་བའི་ལས་ཁུངས་སོགས་ལ་འབྲེལ་བ་ཡོད་པའི་སློབ་ཕྲུག་རྣམས་ཀྱང་ཨ་མི་རི་ཀར་སློབ་སྦྱོང་བྱེད་དུ་ཡོང་མི་ཆོག་པའི་བཀག་སྡོམ་རྣམས་རྩ་འཛིན། ཞིན་ཅང་དང་ཧོང་ཀོང་གི་དྲག་གནོན་སོགས་ལ་འབྲེལ་བ་ཡོད་པའི་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཁག་དང་དེ་དག་གི་བཟའ་ཟླ་བུ་ཕྲུག་བཅས་པ་ཨ་མི་རི་ཀར་ཡོང་མི་ཆོག་པའི་འགྲིམ་འགྲུལ་བཀག་སྡོམ་བྱེད་ཡོད་པ་རྣམས་ཀྱང་ཕྱིར་འཐེན་བྱེད་ཀྱི་མི་འདུག ཨ་རིའི་གཞུང་གིས་བོད་དོན་དང་ཞིན་ཅང་གི་ཡུ་གུར་བ། ཧོང་ཀོང་དང་ཐེ་ཝན་བཅས་ལ་རྒྱབ་སྐྱོར་བྱ་རྒྱུ་དང་འགྲོ་བ་མིའི་ཐོབ་ཐང་གླེང་སློང་བྱ་རྒྱུའང་ཤུགས་ཆེ་རུ་བཏང་འདུག་ཅེས་གླེང་སློང་བྱས་འདུག

XS
SM
MD
LG