ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་གཞུང་གི་གོ་ལྡོག་པའི་འཛིན་སྐྱོང་བྱེད་ལུགས་དང་དེའི་རྒྱབ་ལྗོངས། 


ཉེ་བའི་ལོ་ཤས་རིང་། རྒྱ་ནག་ནང་བྱུང་བའི་ནད་ཡམས་དང་འབྲེལ་བའི་གོད་ཆགས་ཅི་རིགས་ལ་དམིགས་ནས། ཨ་མི་རི་ཀར་གནས་སྡོད་རྒྱ་ནག་གི་གནད་དོན་སྐོར་གྱི་ཉམས་ཞིབ་པ་གྲགས་ཅན་ཝུའུ་གོ་ཀོང་གིས་རྒྱ་ནག་གཞུང་གི་གོ་ལྡོག་པའི་འཛིན་སྐྱོང་བྱེད་ལུགས་ཞེས་པའི་ཐ་སྙད་ཅིག་བཏོན་འདུག། ཁོང་གིས་སྤེལ་བའི་དཔྱད་རྩོམ་གྱི་ནང་དོན་མདོར་བསྡུས་ཤིག་འདིར་འཁོད་པ་གཤམ་གསལ།།

རྒྱ་ནག་ནང་ནད་ཡམས་ཁྱབ་གདལ་འགྲོ་བཞིན་པའི་སྐབས་སུ་མི་དམངས་ཚོ་སྡུག་བསྔལ་གྱི་རྒྱ་མཚོའི་ནང་དུ་ལྷུང་ཡོད་ཀྱང་། རྒྱ་ནག་དམར་ཤོག་གཞུང་གིས་མི་དམངས་ཀྱི་དཀའ་ངལ་སེལ་ཐབས་སུ་རོགས་སྐྱོར་བྱ་རྒྱུའི་ཚབ་ལ། སྟོབས་ཤུགས་ཡོད་རྒུ་རྩ་སྤྲུགས་ཀྱིས་མང་ཚོགས་ལ་དཀའ་ཚེགས་དེ་བས་མང་བ་འཕྲད་དུ་བཅུག་ཅིང་། ཀུན་ཁྱབ་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལ་གུས་བརྩི་ཏིལ་འབྲུ་ཙམ་ཡང་བྱས་མེད་པ་རེད། དོན་དངོས་སུ་སྣང་ཚུལ་དེ་༢༠༢༢ ལོའི་སྤྱི་ཟླ་༡༢ པའི་རྗེས་སུ་རྒྱ་ནག་ནང་ནད་ཡམས་ཁྱབ་གདལ་ཕྱིན་པའི་དུས་སྐབས་དེར་གཞི་ནས་གསར་དུ་བྱུང་བ་ཞིག་རྩ་བ་ནས་མ་ཡིན་པར། དེ་ནི་རྒྱ་ནག་གི་ད་ཡོད་ཀྱི་སྲིད་དབང་ལམ་ལུགས་ཀྱི་རིག་པ་འགྲོ་སྟངས་ཤིག་དང་རྩ་བའི་ཁྱད་ཆོས་ཤིག་ཏུ་གྱུར་ཡོད།

འདས་པའི་མི་ལོ་༣༠ ལྷག་གི་རིང་རྒྱ་ནག་དམར་ཤོག་གིས་ལམ་ལུགས་བརྟན་བརླིང་ཞེས་པའི་སྲིད་ཇུས་ཤིག་གཙོར་འཛིན་བྱས་ཏེ། རྩ་བའི་ཆ་ནས་མི་དམངས་དེ་ཁོ་ཚོའི་དགྲ་ཁ་གཏད་དང་། བརྟན་བརླིང་མིན་པའི་རྒྱུ་རྐྱེན་གཙོ་བོ་དང་། སྟངས་འཛིན་བྱ་ཡུལ་གཙོ་བོར་བཞག་ཡོད་པ་རེད། ཡང་ཕྱོགས་གཞན་ཞིག་ནས་འདས་པའི་ལོ་ཤས་ནང་། རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཤུགས་ཆེ་ཕྱིན་ཡོད་པ་དེ། རྒྱ་ནག་དམར་པོའི་གཞུང་གི་ལམ་ལུགས་ཀྱི་སྐྱོན་ཆ་འགེབ་བྱེད་ཀྱི་ལག་ཆ་ཆགས་ཡོད་པར་མ་ཟད། ཐ་ན་སྐབས་རེར་ལམ་ལུགས་དེ་ལ་མཛེས་བཟོ་བྱེད་སའི་ལག་ཆ་ཞིག་ཀྱང་ཆགས་ཡོད། དཔེར་ན། གཞུང་ལམ་ཞིག་འཛུགས་སྐྲུན་བྱ་དགོས་པའི་དབང་དུ་བཏང་ན། ནུབ་ཕྱོགས་ཀྱི་དམངས་གཙོའི་རྒྱལ་ཁབ་དག་གི་ནང་ལོ་བཅུ་ལྷག་གི་རིང་ལ་ཐག་གཅོད་བྱེད་ཐུབ་ཀྱི་མེད་ཀྱང་། རྒྱ་ནག་དམར་ཤོག་གཞུང་གིས་གཞུང་ལམ་འཁེལ་ཡུལ་གྱི་གྲོང་བརྡལ་འགའ་ཤས་གི་སྡོད་ཁང་ལ་གཏོར་བཤིག་གཏང་དགོས་པའི་ལས་གཞི་དེ། བདུན་ཕྲག་གཅིག་གི་ནང་ཚུད་དུ་ཐག་གཅོད་བྱེད་ཐུབ་ཀྱི་ཡོད། རྒྱ་ནག་གི་མི་དམངས་འགའ་ཤས་ཤིག་གིས་རྒྱ་ནག་དམར་ཤོག་གཞུང་གི་ལས་ཀ་བྱེད་པའི་མགྱོགས་ཚད་དེར་ཡིད་སྨོན་བྱས་པ་ཙམ་ལས། དེའི་རྒྱབ་ལོགས་སུ་གྲོང་བརྡལ་བཅུ་གྲངས་འགའ་ཤས་ཀྱི་མི་དམངས་ཚོ་ལ་བཙན་དབང་གི་སྒོ་ནས་གནས་སྤོས་བཅུག་ཡོད་པའི་སྡུག་བསྔལ་དེ་ལ་སྣང་མེད་གཏོང་བཞིན་ཡོད་པ་རེད། དེ་བས་དམར་ཤོག་གཞུང་གིས་གང་བྱེད་འདོད་པ་དེ་མི་དམངས་ཀྱི་འདོད་བློ་ཁེངས་མིན་ལ་འབྲེལ་བ་གང་ཡང་མེད། གཞུང་གིས་གང་བྱེད་འདོད་པ་དེ་བྱེད་ཐུབ་ཀྱི་ཡོད་པ་རྒྱུ་མཚན་དུ་དྲངས་ནས་མི་འགའ་ཤས་ཀྱིས་རྒྱ་ནག་གཞུང་ནི་སྟོབས་ཤུགས་དང་ནུས་པ་ཆེན་པོ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ཚུལ་དང་། རྒྱ་ནག་དེ་བཞིན་ཡར་རྒྱས་འགྲོ་བའི་མན་ངག་ཁྱད་པར་ཅན་ཞིག་ཡིན་པར་འགྲེལ་བརྗོད་བྱེད་བཞིན་ཡོད།

འོ་ན་རྒྱ་ནག་གཞུང་ལ་དེ་འདྲ་ནུས་པ་ཆེན་པོ་ཅི་ཞིག་ཡོད་དམ་ཞེ་ན། ལན་ནི་སླ་སྟེ། རྒྱ་ནག་གཞུང་ལ་གཞན་ལ་ཚོད་འཛིན་དང་སྟངས་འཛིན་བྱེད་པའི་ནུས་པ་ཆེ་དྲག་པའི་རྐྱེན་གྱིས་རེད། སྟངས་འཛིན་ཁོ་ནར་བརྟེན་ན་གཞུང་གིས་དམིགས་ཡུལ་གང་ཡང་རུང་བ་ཞིག་སྒྲུབ་ཐུབ་སྲིད་ཀྱི་རེད། འོན་ཀྱང་། གལ་སྲིད་གཞུང་ཞིག་གིས་སྟངས་འཛིན་ཁོ་ན་ལ་བརྟེན་ནས་དབང་ཆ་འཛིན་དགོས་ཚེ། སྟངས་འཛིན་བྱེད་ཤུགས་ཇེ་ཆེར་དང་འཛིན་སྐྱོང་བྱེད་ཤུགས་ཇེ་ཆུང་དུ་འགྲོ་རྒྱུ་ནི་ཆོས་ཉིད་དུ་ངེས། དེ་བས་མི་དམངས་ཚོ་ལ་ཆ་མཚོན་ན། སྤྱི་དམངས་ཀྱི་ཁེ་དབང་ལ་དོ་ཕོག་དང་བཙན་འཕྲོག་བྱེད་མཁན་གྱི་གཞུང་ཞིག་ཡོད་པ་ལས་མེད་ན་བཟང་བའི་གནས་སྟངས་ཤིག་ཆགས་དུས། སྣང་ཚུལ་དེ་ལ་ཕྱིན་ཅི་ལོག་པའི་འཛིན་སྐྱོང་ངམ་གོ་ལྡོག་པའི་འཛིན་སྐྱོང་བྱེད་ལུགས་ཞེས་བརྗོད་ཀྱི་ཡོད་པ་རེད།

འདས་པའི་ལོ་གསུམ་ལྷག་གི་རིང་། རྒྱ་ནག་ནང་ནད་ཡམས་ཁྱབ་གདལ་སྐོར་གྱི་སྲིད་ཇུས་འཛིན་ཕྱོགས་དང་འབྲེལ་ནས་བརྗོད་ན། གྲོང་ཁྱེར་ཝུའུ་ཧན་ནང་དང་ཐོག་ནད་དུག་བྱུང་བ་ནས་ཧྲང་ཧེ་ནང་མི་ཚོའི་འགྲོ་འོང་ལ་བཀག་སྡོམ་བྱས་པ། དེ་ནས་ནད་དུག་གཙང་སེལ་བྱེད་པའི་སྲིད་ཇུས་ནས་དེང་སང་ནད་དུག་འགོས་དགོས་པ་ཚང་མ་ལ་ནད་དུག་འགོས་ན་བཟང་ཞེས་པའི་སྲིད་ཇུས་འཛིན་ཕྱོགས་སོགས། གང་ལྟར་རྒྱ་གཞུང་གི་སྲིད་ཇུས་འཛིན་ཕྱོགས་ལ་འགྱུར་བ་ག་འདྲ་ཞིག་ཕྱིན་རུང་། གཞུང་གིས་མི་དམངས་ཀྱི་ཁེ་དབང་ལ་རྡོག་རོལ་གཏོང་གི་ཡོད་པ་དེ་ནི་གོམས་གཤིས་དང་ཆོས་ཉིད་ཅིག་དུ་ཆགས་ཡོད། ནད་དུག་གཙང་སེལ་ཞེས་པའི་སྲིད་ཇུས་ཐལ་ཆ་ཆེ་བ་དེའི་འོག། ནད་པ་ཚོ་སྨན་ཁང་ནང་འགྲོ་མི་བཅུག་པ་དང་། མི་ཚང་མ་མི་འདོད་བཞིན་དུ་ཟུར་བཀག་བྱེད་སར་ཁྲིད་པ། ལམ་ལུགས་བྱེད་སྟངས་དེ་ཚོ་ཚང་མ་གཞུང་གིས་དབང་ཆ་བེད་སྤྱོད་ལོག་པར་བཏང་ནས་མི་དམངས་ཀྱི་ཁེ་དབང་བཙན་འཕྲོག་བྱེད་པའི་བྱེད་སྟངས་ཤིག་ཡིན་པ་རེད། ཉེ་ཆར་ནད་ཡམས་འགོས་ན་འགོ་དུ་ཆུགས་ཞེས་པའི་སྲིད་ཇུས་འོག ནད་པ་ཚོ་སྨན་ཁང་ནང་འགྲོ་ནའང་སྨན་བཅོས་མི་རག་བའི་དཀའ་ངལ་འཕྲད་བཞིན་ཡོད། སྟོབས་ཆེན་རྒྱལ་ཁབ་ཡིན་ཞེས་སྒྲོག་མཁན་གྱི་རྒྱ་ནག་རྒྱལ་ཁབ་དེ་ལ་སྤྱི་པའི་འཕྲོད་བསྟེན་གྱི་ཆ་རྐྱེན་དེ་འདྲ་ཞན་པོ་ཡིན་པའི་རྒྱུ་མཚན་དེ་ཡང་། མཐར་ཐུག་ན་རྒྱ་ནག་གི་ལམ་ལུགས་དེས་མི་དམངས་ཀྱི་ཁེ་དབང་ལ་སྣང་མེད་བཏང་བའི་ལོ་རྒྱུས་ལས་བྱུང་བའི་མཇུག་འབྲས་ཤིག་རེད།

ལོ་འགའ་ཤས་ཀྱི་སྔོན་ལ། ཚན་རིག་གི་བརྟག་དཔྱད་ཞིབ་འཇུག་ནན་མོ་བྱས་མེད་པའམ་ཡང་ན་ནད་དུག་འགོག་པའི་ནུས་པ་ཧ་ཅང་ཞན་པའི་རྒྱ་ནག་གི་ཏོག་དབྱིབས་འགོག་ཁབ་ཤུགས་ཆེ་འགྲེམ་སྤེལ་བྱས་པ་དེ་དང་། དེང་སྐབས་རྒྱ་ནག་གཞུང་གིས་ནད་དུག་སྐོར་གྱི་ཆ་འཕྲིན་ཕྱི་གསལ་ནང་གསལ་མེད་པའམ། ཡང་ན་ཆ་འཕྲིན་རྫུན་མའི་རིགས་མང་དག་ཅིག་ཕྱིར་སྤེལ་བྱེད་ཀྱི་ཡོད་པ། དེ་བཞིན་དུ་ཕྱིའི་རྒྱལ་ཁབ་ཁག་གི་འགོག་སྨན་ནང་འདྲེན་བྱ་རྒྱུར་ངོས་ལེན་མ་བྱས་པར་སོ་སོའི་མི་དམངས་ཚོ་རང་སྡུག་རང་གིས་མྱོང་དགོས་པ་བཟོས་པ་སོགས་ཀྱི་བྱེད་སྟངས་དེ་ཚོ། མཐར་གཏུགས་ན་སོ་སོའི་མི་དམངས་ཀྱི་ཚེ་སྲོག་དང་ཁེ་དབང་ལ་མཐོང་ཆུང་དང་རྡོག་རོལ་གཏོང་བ་དང་། མང་ཚོགས་ཀྱིས་གནས་ཚུལ་ཤེས་རྟོགས་བྱེད་པའི་ཁེ་དབང་ལ་སྣང་མེད་བཏང་བའི་བྱེད་སྟངས་ཤིག་རེད།

མདོར་ན། གོ་ལྡོག་པའི་འཛིན་སྐྱོང་བྱེད་ལུགས་ཞེས་པ་དེ་ནི། གཞུང་ཞིག་གིས་འཛིན་སྐྱོང་གི་གཞི་རྩ་དང་། གཙོ་འཛིན། ཁ་ཕྱོགས། ཐབས་ལམ། དམིགས་ཡུལ་ཚང་མ་མི་དམངས་ཀྱི་ཁེ་དབང་བཙན་འཕྲོག་བྱེད་རྒྱུ་གཅིག་པུ་ཆགས་པའི་འཛིན་སྐྱོང་བྱེད་སྟངས་ཤིག་ལ་ཟེར་ཞིང་། དེ་ནི་སྤྱི་པའི་དབང་ཆ་བེད་སྤྱོད་ལོག་པར་བཏང་ནས་སྤྱི་པར་ཉམས་ཉེན་དང་མང་ཚོགས་ལ་གོད་ཆགས་བཟོས་པའི་འབྱུང་རྩ་ཞིག་ཡིན་པར་མ་ཟད། གཞུང་གི་དབང་ཆ་ཆེད་གཉེར་བྱས་ནས་མི་དམངས་ཀྱི་ཁེ་དབང་བློས་གཏོང་བྱེད་ཀྱི་ཡོད་པའི་གོ་ལྡོག་པའི་འཛིན་སྐྱོང་བྱེད་ལུགས་ཤིག་ལ་བརྗོད་ཀྱི་ཡོད་པ་རེད།

XS
SM
MD
LG