ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ཚོགས་ཆེན་ཉི་ཤུའི་སྔོན་ལ་རྒྱ་ནག་གིས་མི་ས་ཡ་གཅིག་དང་འབུམ་བཞི་ལྷག་འཛིན་བཟུང་བྱས་འདུག


资料照:北京天安门广场上的游人与监控摄像头。(2021年7月15日)
资料照:北京天安门广场上的游人与监控摄像头。(2021年7月15日)

རིང་མིན་འཚོགས་འཆར་ཡོད་པའི་ཚོགས་ཆེན་ཉི་ཤུ་པ་དེ་བཞིན་བདེ་བླག་ངང་འཚོགས་ཐུབ་རྒྱུའི་ཆེད། རྒྱ་ནག་དབུས་སྤྱི་བདེ་ལས་ཁུངས་ཀྱིས་ས་གནས་ཀྱི་ཡན་ལག་ལས་ཁུངས་ཁག་དང་མཉམ་འབྲེལ་གྱིས་ཐོག་ཉིན་བརྒྱའི་ལས་འགུལ་ཞེས་པ་ཞིག་སྤེལ་ནས། ད་ཕན་རྒྱ་ནག་རྒྱལ་ཡོངས་སུ་དོགས་ཡོད་ཉེས་ཅན་ས་ཡ་གཅིག་དང་འབུམ་བཞི་ལྷག་ཙམ་འཛིན་བཟུང་བྱས་འདུག

རིང་མིན་འཚོགས་འཆར་ཡོད་པའི་ཚོགས་ཆེན་ཉི་ཤུ་པ་དེ་བཞིན་བདེ་བླག་ངང་འཚོགས་ཐུབ་རྒྱུའི་ཆེད། རྒྱ་ནག་དབུས་སྤྱི་བདེ་ལས་ཁུངས་ཀྱིས་ད་ལོའི་དབྱར་དུས་ནས་བཟུང་། ས་གནས་ཀྱི་ཡན་ལག་ལས་ཁུངས་ཁག་དང་མཉམ་འབྲེལ་གྱིས་ཐོག་ཉིན་བརྒྱའི་ལས་འགུལ་ཞེས་པ་ཞིག་སྤེལ་ནས། ད་ཕན་རྒྱ་ནག་རྒྱལ་ཡོངས་སུ་དོགས་ཡོད་ཉེས་ཅན་ས་ཡ་གཅིག་དང་འབུམ་བཞི་ལྷག་ཙམ་འཛིན་བཟུང་བྱས་འདུག དེང་སྐབས་སྲིད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་གི་ལས་འགུལ་དེ་ཁྲིམས་མཐུན་ལུགས་མཐུན་ཡིན་མིན་དང་། དེའི་རྒྱབ་ཀྱི་དམིགས་ཡུལ་ངོ་མ་དེ་གང་ཡིན་མིན་སྐོར་ལ་དོགས་སློང་སྐྱེ་བཞིན་པ་རེད།

སྤྱི་ཟླ་༩ པའི་ཚེས་༢༨ ཉིན་འཚོགས་ཡོད་པའི་ཉིན་བརྒྱའི་ལས་འགུལ་ཞེས་པའི་གསར་འགོད་པའི་ཚོགས་འདུའི་ཐོག་ལ་རྒྱ་ནག་སྤྱི་བདེ་ལས་ཁུངས་ཀྱི་མགྲིན་ཚབ་པ་ཆིའུ་པའོ་ལིས་ཀྱིས་ལས་འགུལ་དེ་སྤེལ་ནས་ད་བར་ཁྱོན་གྱོད་དོན་འབུམ་དྲུག་དང་ཁྲི་བཞི་ལྷག་ཐག་གཅོད་བྱས་ཡོད་པ་དང་། འབྲེལ་ཡོད་ཀྱི་དོགས་ཡོད་ཉེས་ཅན་ས་ཡ་གཅིག་དང་འབུམ་བཞི་ལྷག་འཛིན་བཟུང་བྱས་ཡོད་པར་བརྗོད་འདུག

上海退休教师顾国平
上海退休教师顾国平

ཧྲང་ཧེའི་ནང་རྒན་ཡོལ་གནང་ཟིན་པའི་དགེ་རྒན་ཀུའུ་གོ་ཕིང་གིས་ཨ་རིའི་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གསལ་ལ། ཚོགས་ཆེན་ཉི་ཤུ་སླེབས་ལ་ཉེ་བ་དང་བསྟུན་ནས། རྒྱ་ནག་གི་ཉེན་རྟོག་པ་ཚོས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་དང་། མི་དམངས་ཚོ་ལ་དམ་དྲག་སྔར་ལས་ཤུགས་ཆེ་བྱེད་བཞིན་ཡོད་ཅིང་། དེང་སང་ཁ་པར་དང་སྐད་འཕྲིན་སོགས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སྐོར་གྱི་བརྗོད་གཞི་གླེང་སློང་བྱས་པ་ཡིན་ན། ས་གནས་ཉེན་རྟོག་པ་དང་སྲིད་གཞུང་གི་ལས་བྱེད་ཚོ་ལམ་སང་སྒོ་རྡུང་བར་སླེབས་ནས་བཙོན་ཁང་ནང་བཙན་ཁྲིད་བྱེད་པའི་ཉེན་ཁ་ཆེན་པོ་ཡོད་པ་དང་། ད་ལྟ་མི་མང་པོ་ཞིག་བཙན་ཁྲིད་བྱས་ནས་ཁང་མིག་ཆུང་ཆུང་ནང་བཅུག་ཡོད་པ་རེད། དེ་སྔོན་ཡིན་ན་མེ་འཁོར་དང་ཡང་ན་མེ་འཁོར་འབབ་ཚིགས་སོགས་ནས་མི་བཙན་ཁྲིད་བྱེད་ཀྱི་ཡོད་པ་རེད། ཡིན་ན་ཡང་དེང་སང་ཉེན་རྟོག་པ་ཚོའི་བྱེད་ཕྱོགས་དེ་ཧམ་པ་ཆེ་རུ་ཕྱིན་འདུག་ཅེས་བརྗོད་འདུག

དེ་ཡང་རྒྱ་ནག་སྤྱི་བདེ་ལས་ཁུངས་ཀྱིས་བུད་མེད་དང་། ལོ་ན་བཅོ་བརྒྱད་མ་ཟིན་པའི་གཞོན་སྐྱེས། དེ་བཞིན་རྒན་འཁོགས། དབང་པོ་སྐྱོན་ཅན་ཚོར་སྲུང་སྐྱོབ་ཆེད་དུ་ཁྲིམས་དང་འགལ་ཡོད་པའི་ཉེས་ཅན་དེ་ཚོར་རྡུང་རྡེག་གཏོང་བཞིན་ཡོད་ཚུལ་འགྲེལ་བརྗོད་བྱས་ཡོད་མོད། ཡིན་ན་ཡང་ཀུའུ་གོ་ཕིང་གིས་དོན་དངོས་ཐོག་ཉིན་བརྒྱའི་ལས་འགུལ་ཞེས་པ་དེའི་དམིགས་ཡུལ་གཙོ་བོ་ནི་ཆབ་སྲིད་བརྟན་བརླིང་ཡོང་ཆེད་སྤེལ་བ་ཞིག་དང་། དེ་ཡང་རྒྱ་ནག་སྲིད་གཞུང་གིས་ཚོགས་ཆེན་ཉི་ཤུའི་སྐབས་སྤྱི་ཚོགས་བརྟན་བརླིང་ཡོང་ཆེད་སྔ་ས་ནས་བཀོད་ཁྱབ་བཏང་ཡོད་པ་རེད་ཅེས་བརྗོད་འདུག

གཞན་ཡང་རྒྱ་ནག་གི་ཆབ་སྲིད་རིག་པ་བ་ཁྲེང་ཏའོ་དབྱིང་གིས་ཨ་རིའི་རླུང་འཕྲིན་ཁང་ལ་བརྗོད་དོན། ཉིན་བརྒྱའི་ལས་འགུལ་དེ་མ་སྤེལ་གོང་ནས་རྒྱ་ནག་སྲིད་གཞུང་གི་ངོས་ནས་འཆར་གཞི་དང་དམིགས་ཡུལ་ཡོད་ཚད་བཟོས་ཚར་བ་ཞིག་ཡིན་པ་དང་། ད་ལྟ་ཕྱིར་བསྒྲགས་བྱས་ཡོད་པའི་མི་ས་ཡ་གཅིག་དང་འབུམ་བཞི་དེ་ཐོས་པ་ཙམ་གྱིས་ང་ཚོས་ཧང་སངས་སངས་བྱེད་ཀྱི་ཡོད་པ་རེད་དེ། ཡིན་ནའང་། ལས་འགུལ་དེའི་རྒྱ་ཆེ་ཆུང་ཐོག་ནས་བཤད་ན་གྲངས་འབོར་དེ་ལ་ཧ་ལས་དགོས་ས་གང་ཡང་མེད། ༡༩༤༩ ལོ་ནས་ད་བར་རྒྱ་ནག་ནང་འདི་ལྟ་བུའི་ལས་འགུལ་མང་དག་ཅིག་སྤེལ་ཡོད། ལོ་རབས་ལྔ་བཅུ་ནང་གི་དྲག་གནོན་ལས་འགུལ་དང་། གཞན་ལས་འགུལ་འདྲ་མིན་སྤེལ་བ་དེ་ཚོ་ལ་འཆར་གཞི་དང་དམིགས་ཡུལ་ཡོད་པ་གསལ་པོ་རེད། ཡོད་ཚད་གོང་ནས་གཞི་རིམ་ལ་རྡུང་རྡེག་བཏང་བའི་ལས་འགུལ་ཤ་སྟག་རེད། ཡང་སྐབས་རེ་སྔ་ས་ནས་དམིགས་ཡུལ་དེ་ཙམ་གསལ་པོ་མེད་ཀྱང་། ལས་འགུལ་སྤེལ་བའི་བརྒྱུད་རིམ་ནང་དམིགས་ཡུལ་དེ་ཚོ་རང་བཞིན་གྱིས་འགྲུབ་ཡོང་གི་ཡོད་པ་རེད། རྒྱ་ནག་རྒྱལ་ཡོངས་སུ་ཞིང་ཆེན་དང་རང་སྐྱོང་ལྗོངས་སུམ་ཅུ་ལྷག་གི་ནང་ཆ་སྙོམས་ཞིང་ཆེན་རེ་རེའི་ནང་མི་ཁྲི་ལྔ་ལྷག་འཛིན་བཟུང་བྱས་པ་ཆ་བཞག་ན། ས་ཡ་གཅིག་ལྷག་འཛིན་བཟུང་བྱས་ཡོད་ཟེར་ན་ཧ་ལས་པ་མང་པོ་གལ་མ་རེད་ཅེས་བརྗོད་འདུག

ཉིན་བརྒྱའི་ལས་འགུལ་དེ་ཁྲིམས་མཐུན་མིན་པའི་དོགས་སློང་།

རྒྱ་ནག་སྤྱི་བདེ་ལས་ཁུངས་ཀྱིས་གསར་འགོད་གསལ་བསྒྲགས་སྐབས་སུ་འཛིན་བཟུང་བྱས་པའི་མི་ས་ཡ་གཅིག་ལྷག་དེ་དག་ལ་ནག་ཉེས་ག་རེ་བསགས་ཡོད་མེད་ཐད་གསལ་པོ་བཤད་མེད་ཀྱང་། ཁྲེང་ཏའོ་དབྱིང་གིས་མི་དེ་དག་ནང་རྒྱ་ནག་གཞུང་དང་ཆབ་སྲིད་ལྟ་གྲུབ་ཐ་དད་འཛིན་མཁན་གང་མང་མང་ཡོད་རྒྱུ་གཏན་འཁེལ་རེད་ཅེས་བརྗོད་འདུག ཁོང་གིས་བརྗོད་དོན། རྒྱ་ནག་སྲིད་གཞུང་གིས་ཁོར་ཡུག་བསྐྲུན་ཆེད་ད་ལན་ལས་འགུལ་ནང་ནག་ཚོགས་དང་སྲང་ལམ་ནང་གི་འཁྱམ་པོ། དེ་བཞིན་ཆོས་ལུགས་ཚོགས་པ་སོགས་སྒྲོམ་གཞི་གཅིག་གི་ནང་བཅུག་ནས་རྡུང་རྡེག་བཏང་ཡོད་སྲིད། འདི་ལྟར་ལས་འགུལ་གྱི་ངོ་བོའི་ཐོག་ནས་ཁྲིམས་ལུགས་ལག་ལེན་བསྟར་བ་དང་། ཁྲིམས་ཀྱི་འགྲོ་སྟངས་ལ་གཞི་ནས་ཁྲིམས་ལུགས་ལག་ལེན་བསྟར་བ་དེ་གཉིས་ལ་གནམ་དང་སའི་ཁྱད་པར་ཡོད། ཁྲིམས་ལྟར་ཁྲིམས་ལུགས་ལག་ལེན་བསྟར་ན་ཁྲིམས་ཀྱི་འགྲོ་སྟངས་དང་ནག་ཉེས་ཀྱི་བདེན་དཔང་ར་འཕྲོད་ཚང་མ་དགོས་མོད། འོན་ཀྱང་། ལས་འགུལ་གྱི་ངོ་བོ་ཡིན་པའི་ཁྲིམས་ལུགས་ལག་ལེན་བསྟར་བ་ཡིན་ན། ཁྲིམས་མེད་ལུགས་མེད་ཡིན་ཆོག་ལ་གང་ཟག་སུ་འཛིན་བཟུང་བྱེད་བསམ་ན་དེ་གང་བྱུང་གིས་འཛིན་བཟུང་བྱས་ཆོག་པ་ཞིག་ཡིན་པ་རེད། དེ་བས་རྒྱ་ནག་སྲིད་གཞུང་གིས་ག་དུས་ཡིན་ནའང་ཁྲིམས་མེད་ལུགས་མེད་ཀྱིས་གང་བྱུང་དུ་མི་སྒེར་པར་ཞྭ་མོ་འདྲ་མིན་གཡོགས་ནས་འཛིན་བཟུང་བྱས་པ་དེ་རྒྱུན་ལྡན་འདྲ་པོ་ཆགས་ཡོད་རེད། དེ་ཡང་ཕྱོགས་གཅིག་ནས་བཤད་ན་གཞུང་གི་གཏན་འབེབས་བྱས་པའི་དམིགས་ཡུལ་དེ་བསྒྲུབ་ཆེད་ས་གནས་ཉེན་རྟོག་སྡེ་ཚན་ཚོར་གནོན་ཤུགས་འཕྲད་བཞིན་པའི་རྐྱེན་གྱིས་རེད། ད་ལྟ་རྒྱ་ནག་དབུས་སྤྱི་བདེ་ལས་ཁུངས་ཀྱི་འགན་འཛིན་གསར་པ་ཝང་ཤའོ་ཧུང་གིས་གོ་སྐབས་དེ་དམ་འཛིན་གྱིས་སོ་སོའི་ནུས་པ་འདོན་ཐུབ་རྒྱུའི་རེ་བ་བཅངས་ཀྱི་ཡོད་པ་རེད་ཅེས་བརྗོད་འདུག

གསར་བརྗེའི་ཚོགས་པ་བསྐྱར་ལོག་བྱས་འདུག

ཟླ་བ་འདིའི་ནང་རྒྱ་ནག་གཞུང་འབྲེལ་གྱི་དུས་དེབ་བདེན་འཚོལ་ཞེས་པར་ཞི་ཅིང་ཕིང་གི་རྩོམ་ཡིག་གལ་ཆེ་ཞིག་འགྲེམ་སྤེལ་བྱས་ཏེ། རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཁ་དེ་རྒྱུན་སྐྱོང་དང་ཡར་རྒྱས་གཏོང་དགོས་པའི་ནན་བརྗོད་བྱས་འདུག ཁྲེང་ཏའོ་དབྱིང་གིས་རྩོམ་ཡིག་དེ་ལས་དེང་སང་རྒྱ་ནག་དེ་རྒྱབ་བཤིག་རྒྱག་བཞིན་ཡོད་པ་གསལ་པོ་མཚོན་ཡོད། ལྷག་པར་དུ་འདས་པའི་ལོ་ལྔ་ཙམ་གྱི་རིང་དམངས་གཙོ་དང་མཐུན་པའི་སྒོ་ནས་ཆབ་སྲིད་སྐྱོང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཆབ་སྲིད་སྐྱོང་བ། དེ་བཞིན་ཁྲིམས་ལུགས་དང་མཐུན་པའི་སྒོ་ནས་ཆབ་སྲིད་སྐྱོང་བ་སོགས་འབོད་ཚིག་དེ་དག་ཐོས་རྒྱུ་ཧ་ལམ་མེད་པར་ཆགས་ཡོད། ད་ལྟ་རྒྱ་ནག་གི་བྱེད་ཕྱོགས་དེ་ནི། མའོ་ཙེ་ཏུང་གི་དུས་སྐབས་སུ་ལས་འགུལ་འདྲ་མིན་སྤེལ་སྟངས་དང་གསར་བརྗེའི་བྱེད་སྟངས་དང་འདྲ་མཚུངས་རེད། གསར་བརྗེའི་ལས་འགུལ་དེ་ཚོ་སྤེལ་དུས་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་ཟེར་ཡོང་ན་ཉེན་ཁ་ཆགས་ཡོད་ཅེས་བརྗོད་འདུག ཞི་ཅིང་ཕིང་གིས་ནམ་རྒྱུན་ནས་མར་ཁེ་སིའི་རིང་ལུགས་ཀྱི་ཆབ་སྲིད་ཚོགས་པ་དང་མ་ཁེ་སིའི་རིང་ལུགས་ཀྱི་གསར་བརྗེའི་ཚོགས་པ་ཞེས་ནན་བརྗོད་བྱེད་བཞིན་ཡོད་པས་ད་ལྟ་རྒྱ་ནག་ནང་གསར་བརྗེའི་ཚོགས་པ་དེ་བསྐྱར་ལོག་བྱས་ཡོད་པའི་ཚོར་བ་ཆེན་པོ་ཞིག་འབྱུང་བཞིན་འདུག

XS
SM
MD
LG