ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

རྒྱ་གར་གྱི་སྲིད་བློན་མོ་དྷིར་འབྲེལ་བ་ཡོད་པའི་གློག་བརྙན་ཞིག་བཀག་སྡོམ། 


༄༅།། དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁུངས་ནས་རྒྱ་གར་གྱི་སྲིད་བློན་མོ་དྷི་༢༠༠༢་ལོར་ཁ་ཆེ་ཚོར་སྡང་ཟུག་གི་ལས་འགུལ་བྱུང་བར་འབྲེལ་བ་ཡོད་པའི་དངོས་བྱུང་གློག་བརྙན་ཞིག་ཕྱོགས་སྒྲིག་བྱས་ཏེ་རྒྱང་སྲིང་བྱས་པ་རྒྱ་གར་དུ་སྟོན་མི་ཆོག་པའི་བཀག་སྡོམ་བྱས་ཤིང་། རྒྱ་གར་གྱི་སློབ་ཕྲུག་ཚོས་གཞུང་གི་བཀག་སྡོམ་ལ་མ་མཉན་པར་གློག་བརྙན་དེར་ལྟ་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་དང་པོའི་ཚེས་༢༥་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གཞུང་གིས་སྲིད་བློན་མོ་དྷི་༢༠༠༢་ལོའི་ཁ་ཆེ་ཚོར་སྡང་ཟུག་གི་ལས་འགུལ་ལ་འབྲེལ་བ་ཡོད་པའི་དངོས་བྱུང་གློག་བརྙན་དེ་རྒྱ་གར་གྱི་མཐོ་སློབ་ཁག་དང་སློབ་ཆེན་ཁག་ཏུ་སྟོན་མི་ཆོག གློག་བརྙན་དེ་དྲྭ་ལམ་དུ་བརྒྱུད་སྤེལ་བྱེད་མི་ཆོག་ཅེས་བཀག རྒྱ་གར་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཚོས་སྲིད་བློན་མོ་དྷིའི་གཞུང་གིས་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་འཕྲོག་གི་འདུག་ཅེས་སྐྱོན་བཙུགས། ཁ་སང་གཟའ་ལྷག་པའི་དགོང་མོར་རྒྱལ་ས་ལྡི་ལིའི་ཇཱ་མཱི་ཡ་མཱི་ལི་ཡ་སློབ་གྲྭ་ཆེན་མོར་བྷི་བྷི་སི་གསར་འགྱུར་ལས་ཁུངས་ཀྱིས་ཕྱོགས་སྒྲིག་བྱས་པའི་དངོས་བྱུང་གློག་བརྙན་དེ་སྟོན་རྒྱུའི་འཆར་གཞི་ཡོད་ཅེས་གསལ་བསྒྲགས་སྤེལ། རྒྱ་གར་གཞུང་གིས་འཕྲལ་དུ་སློབ་ཆེན་དེའི་རྒྱལ་སྒོའི་མདུན་དུ་ཉེན་རྟོག་པ་བཀྲམ། ཉེན་རྟོག་པ་ཚོས་མཆི་བྱིན་དུག་རླངས་དང་ཟིང་འགོག་མཚོན་ཆ་ཐོགས་ནས་འཁྲུག་རྩོད་འབྱུང་སྲིད་པར་སྔོན་འགོག་གི་གྲ་སྒྲིག་བྱ་རྒྱུ་མགོ་བརྩམས། དཀྱུས་ཆས་གོན་པའི་ཉེན་རྟོག་པ་ཁག་ཅིག་དང་སློབ་ཕྲུག་ངོ་རྒོལ་བྱེད་མཁན་ཁག་ཅིག་ལག་འཛིང་ཐུག་སྟེ་མི་དྲུག་བདུན་ཞིག་བཟུང་། སྤུན་ཟླ་ལས་འགུལ་ཚོགས་པའི་ཚོགས་མི་དང་ལོ་ན་༢༠་ཐམ་པར་སོན་པའི་ས་ཁམས་རིག་པའི་སློབ་ཕྲུག་ལི་ཡ་ཤ་རཱིབ་ཟེར་བ་ཞིག་གིས་ད་ནི་ཀུན་གྱིས་ཤེས་པའི་བདེན་པ་ཞིག་རྒྱ་གར་གྱི་ན་གཞོན་ཚོས་གསལ་སྟོན་བྱེད་པའི་དུས་ཚོད་རེད། སྲིད་བློན་མོ་དྷིས་སྤྱི་ཚོགས་ལ་ཅི་ཞིག་བྱས་པ་ང་ཚོས་ཤེས་ཀྱི་ཡོད་ཅེས་བཤད། བྷི་བྷི་སི་གསར་འགྱུར་ལས་ཁུངས་ཀྱིས་ཕྱོགས་སྒྲིག་བྱས་པའི་དངོས་བྱུང་གློག་བརྙན་དེ་རྒྱ་གར་དུ་སྟོན་ཆོག་མིན་དེར་སློབ་ཆེན་ཁག་དང་སྤྱི་ཚོགས་སུ་རྩོད་པ་ཆེན་པོ་བྱུང་ཡོད་པའི་གནས་ཚུལ་ཐོན།།

གཟའ་མིག་དམར་ཉིན་གློག་བརྙན་དེ་མ་བསྟན་སྔོན་དེར་རྒྱལ་ས་ལྡི་ལི་གསར་པར་ཚུགས་ཡོད་པའི་ཇཱ་བ་ཧར་ལལ་ནེ་རུ་སློབ་གྲྭ་ཆེན་མོའི་སློབ་ཕྲུག་མཐུན་ཚོགས་ཀྱིས་སློབ་ཆེན་དེར་གློག་དང་དྲྭ་རྒྱ་བཅད། སློབ་ཆེན་གྱི་ལས་སྣེ་ཚོས་གློག་བརྙན་དེ་བསྟན་ན་སློབ་གླིང་གི་ཞི་བདེ་བག་ཕེབས་མེད་པར་གཏོང་རྒྱུ་རེད་ཅེས་རྒྱུ་མཚན་བགྲངས། ཡིན་ནའང་སློབ་ཕྲུག་ཚོས་རང་རང་གི་གློག་ཀླད་དང་ལག་ཐོགས་ཁ་པར་བརྒྱུད་ནས་དངོས་བྱུང་གློག་བརྙན་དེར་བལྟས་ནས་དར་འཕྲིན་དང་ཝ་ཛི་ཨབ་སོགས་དྲྭ་ལམ་ཁག་ཏུ་བརྒྱུད་སྤེལ་བྱས་ནས་མཆན་བྲིས། བདུན་ཕྲག་འདིའི་མགོ་སྟོད་དུ་རྒྱ་གར་ལྷོ་ཕྱོགས་ཀྱི་ཧེ་དྷར་བྷ་དཱ་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཚོས་རྒྱ་གར་གཞུང་གིས་བཀག་སྡོམ་བྱས་པའི་གློག་བརྙན་དེ་སྟོན་རྒྱུའི་ཐག་བཅད། རྒྱ་གར་གྱི་འབྲེལ་ལས་སྣེ་ཚོས་ཧེ་དྷར་བྷ་དཱ་སློབ་གྲྭ་ཆེན་མོར་གློག་བརྙན་དེ་སྟོན་མཁན་སུ་སུ་ཡིན་མིན་རྩད་གཅོད་བྱེད་ཀྱི་ཡོད་ཅིང་། རྒྱ་གར་གྱི་ལྷོ་མཐར་ཆགས་པའི་ཀེ་ར་ལ་མངའ་སྡེའི་ཕྱོགས་འགལ་སྲིད་དོན་ཚོགས་པ་ཁག་གིས་གཞུང་གི་བཀག་སྡོམ་ལ་བརྩི་མེད་བཏང་ནས་གློག་བརྙན་དེ་བསྟན་པ་དང་སྲིད་བློན་མོ་དྷིའི་གཞུང་འཛིན་བྷི་ཇེ་པི་ཚོགས་པའི་ངལ་རྩོལ་བ་ཚོས་རྔམ་སྟོན་ཁྲོམ་སྐོར་བྱས་ནས་ངོ་རྒོལ་ལས་འགུལ་སྤེལ། རྒྱ་གར་དང་མོ་དྷིའི་གནད་དོན་ཞེས་མིང་བྱང་འཁོད་པའི་དངོས་བྱུང་གློག་བརྙན་དེར་ཚན་པ་གཉིས་ཡོད་པ་དང་བྷི་བྷི་སི་གསར་འགྱུར་ལས་ཁུངས་ཀྱིས་གློག་བརྙན་དེ་རྒྱ་གར་ལ་ཐད་ཀར་མ་བསྟན། རྒྱ་གར་གཞུང་གི་རེ་སྐུལ་ལྟར་ཡུ་ཊུབ་དང་ཊོས་ཊར་བཟོ་ཚོང་ཁང་གཉིས་ཀྱིས་ཀྱང་རང་རང་གི་དྲྭ་ལམ་དུ་བྷི་བྷི་སི་གསར་འགྱུར་ལས་ཁུངས་ཀྱིས་ཕྱོགས་སྒྲིག་བྱས་པའི་དངོས་བྱུང་གློག་བརྙན་དེ་འགྲེམ་སྤེལ་བྱེད་དུ་མ་བཅུག ད་ལྟའི་རྒྱ་གར་གཞུང་གིས་དམངས་གཙོའི་ལམ་ལུགས་དང་མི་མཐུན་པར་སྲིད་བློན་མོ་དྷིར་འབྲེལ་བ་ཡོད་པའི་དངོས་བྱུང་གློག་བརྙན་དེ་འགོག་གང་ཐུབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

བདུན་ཕྲག་སྔོན་མར་བྷི་བྷི་སི་གསར་འགྱུར་ལས་ཁུངས་ཀྱིས་དངོས་བྱུང་གློག་བརྙན་དེའི་ཚན་པ་དང་པོ་དབྱིན་ཡུལ་དུ་བསྟན་ཞིང་། དངོས་བྱུང་གློག་བརྙན་དེས་༢༠༠༢་ལོར་ན་རེན་དྷ་ར་མོ་དྷི་རྒྱ་གར་གྱི་གུ་ཇ་ར་ཏ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཡིན་པའི་སྐབས་སུ་ཁ་ཆེ་ཚོར་སྡང་ཟུག་གི་དྲག་སྤྱོད་ལས་འགུལ་ལངས་ཏེ་མི་༡༠༠༠་ལྷག་བསད། སྲིད་བློན་མོ་དྷིའི་མི་ཚེའི་ནང་དུ་བྱུང་བའི་ཆབ་སྲིད་ཀྱི་ལེའུ་ཆེས་རྩོད་གཞི་ཅན་དེ་སླར་ཡང་མི་དམངས་ལ་དྲན་སྐུལ་བསླངས། སྐུ་ཞབས་མོ་དྷིའི་འགོ་ཁྲིད་འོག་རྒྱ་གར་གྱི་འབྲེལ་ཡོད་ལས་སྣེ་ཚོས་ཁ་ཆེ་རྣམས་བསམ་བཞིན་དམར་གསོད་བྱེད་དུ་བཅུག་པ་རེད་ཅེས་ཉེས་འཛུགས་ཕོག སྲིད་བློན་མོ་དྷིས་རང་ལ་ལན་ཁག་མེད་ཅེས་དག་སྐྱེལ་བྱ་དགོས་བྱུང་བ་དང་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་གིས་ཀྱང་སྲིད་བློན་མོ་དྷི་ལས་འགུལ་དེར་འབྲེལ་བ་ཡོད་པའི་དཔང་རྟགས་རྙེད་ཀྱི་མི་འདུག་ཅེས་བསྒྲགས། རྒྱ་གར་གྱི་ཁ་ཆེ་ཚོས་སྲིད་བློན་མོ་དྷི་དཀར་འདོན་བྱས་པ་དྲང་སྙོམས་མ་རེད་ཅེས་ཁྲིམས་ལ་གཏུགས། བྷི་བྷི་སི་གསར་འགྱུར་ལས་ཁུངས་ཀྱིས་ཕྱོགས་སྒྲིག་བྱས་པའི་དངོས་བྱུང་གློག་བརྙན་དེའི་ཚན་པ་དང་པོ་ནི་༢༠༠༢་ལོར་སྡང་ཟུག་གི་དྲག་ཟིང་ལས་འགུལ་སྐབས་སུ་རྡུང་རྡེག་ཕོག་མཁན་དང་གསར་འགོད་པ། འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་ཚོར་བཅར་འདྲི་ཞུས་པ་རྣམས་ཡིན་ཞིང་། ཁོ་ཚོས་དྲག་ཟིང་གི་སྐབས་དེར་ན་རེ་དྷ་ར་མོ་དྷིས་མ་ཐོས་མ་མཐོང་གི་བརྟུལ་ཞུགས་བཟུང་སོང་ཟེར། ད་དུང་དབྱིན་ཇིའི་ཕྱི་འབྲེལ་མི་སྣ་ཞིག་གིས་ལྐོག་ཏུ་ཞིབ་འཇུག་བྱས་ནས་ན་རེན་དྷ་ར་མོ་དྷི་དྲག་ཟིང་དེར་ཐད་ཀར་འབྲེལ་བ་འདུག མོ་དྷི་ལ་ཉེས་ཅན་ཚོར་ཁྲིམས་གཅོད་མ་བྱས་པའི་ལན་ཁག་འདུག་ཅེས་མཐའ་སྡོམ་བརྒྱབ།།

དངོས་བྱུང་གློག་བརྙན་དེའི་ནང་དུ་སྐབས་དེའི་དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་ཇཱེཀ་སི་ཊི་རོས་དག་སྐྱེལ་བྱས་པ་རྣམས་འདུས། ཕྱི་སྲིད་དྲུང་ཆེ་ཇཱེཀ་སི་ཊི་རོས་དབྱིན་གཞུང་གིས་ཞིབ་འཇུག་བྱས་ཏེ་ཧིན་རྡུ་མི་རིགས་རིང་ལུགས་པ་ཚོས་ཧིན་རྡུ་བ་རྣམས་གནས་འཁོད་ས་གནས་ཁག་ཏུ་ཁ་ཆེ་རྩ་མེད་གཏོང་རྒྱུའི་དྲག་སྤྱོད་ལས་འགུལ་སྤེལ་འདུག ལས་འགུལ་དེར་མི་རིགས་གཙང་སེལ་གྱི་ཆ་བྱད་ཡོངས་སུ་ཚང་གི་འདུག་ཅེས་བཀྲལ། ན་རེན་དྷ་ར་མོ་དྷིས་ལྐོག་ཏུ་ཁ་ཆེ་ཚོར་སྡང་ཟུག་གི་ལས་འགུལ་ལངས་པ་དེར་རྒྱབ་སྐྱོར་བྱས་པའི་དོགས་པའི་ཐོག་ཏུ་ཨ་རི་དང་དང་དབྱིན་ཇི། ཡུ་རོབ་མཉམ་འབྲེལ་བཅས་ཀྱིས་སྐབས་ཤིག་གི་རིང་མོ་དྷི་ལ་ཐོངས་མཆན་མ་སྤྲད་ཀྱང་ཕྱིས་སུ་བཀག་སྡོམ་ཕྱིར་བསྡུ་བྱུང་། བདུན་ཕྲག་སྔོན་མར་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གིས་དངོས་བྱུང་གློག་བརྙན་དེ་དྲིལ་བསྒྲགས་དང་འཁྱོག་བཤད། དྲང་སྙོམས་མིན་པ་དང་ཕྱོགས་ལྷུང་ཞིག་རེད། དབྱིན་ཇིའི་མི་སེར་སྤེལ་བའི་རིང་ལུགས་ཀྱི་འདུ་ཤེས་འདོར་ཐུབ་ཀྱི་མེད་པའི་རྟགས་མཚན་རེད་ཅེས་དགག་པ་བརྒྱབ། སྲིད་བློན་མོ་དྷིའི་གཞུང་གི་ཆ་འཕྲིན་དང་རྒྱང་སྲིང་ལྷན་ཁང་གི་མཐོ་རིམ་སློབ་སྟོན་པ་ཀན་ཆན་གུབ་ཏ་ཡིས་དངོས་བྱུང་གློག་དེ་རྒྱ་གར་དགྲར་འཛིན་གྱི་གད་སྙིགས་ཤིག་རེད་ཅེས་ཁ་རྡུང་བཏང་མོད། འོན་ཀྱང་བྷི་བྷི་སི་གསར་འགྱུར་ལས་ཁུངས་ཀྱིས་དངོས་བྱུང་གློག་བརྙན་དེར་ཞིབ་འཇུག་གཟབ་ནན་དང་ཕྱོགས་མང་གི་ལྟ་ཚུལ་རྣམས་འདུས་ཡོད། ང་ཚོས་རྒྱ་གར་གཞུང་ལ་རང་གི་ལྟ་ཚུལ་བརྗོད་ཆོག་པའི་ཐོབ་ཐང་སྤྲད་ཀྱང་ལན་འདེབས་བྱས་མ་བྱུང་ཞེས་དགག་ལན་བརྒྱབ། བྷི་བྷི་སི་གསར་འགྱུར་ལས་ཁུངས་ཀྱི་དངོས་བྱུང་གློག་བརྙན་ཚན་པ་གཉིས་པ་དེ་གཟའ་མིག་དམར་ཉིན་དབྱིན་ཡུལ་དུ་རྒྱང་སྲིང་ཞུས། ཚན་པ་གཉིས་པའི་ནང་དུ་༢༠༡༩་ལོར་སྲིད་བློན་མོ་དྷི་བསྐྱར་དུ་འདེམས་ཐོན་བྱུང་བའི་གཞུག་གི་སྲིད་ཇུས་ཁག་ལ་བསྐྱར་ཞིབ་བྱས་ཡོད་ཅེས་འཁོད། ༢༠༡༤་ལོར་ན་རེན་དྷ་ར་མོ་དྷི་སྲིད་བློན་ལ་འདེམས་ཐོན་བྱུང་ནས་བཟུང་། རྒྱ་གར་གྱི་ཧིན་རྡུ་མི་རིགས་རིང་ལུགས་པ་ཚོར་བློ་སྟོབས་བསྐྱེད་ནས་ཁེ་ཆེ་ཚོར་སྡང་ཟུག་བྱ་རྒྱུ་ཤུགས་ཆེ་རུ་སོང་། སྲིད་བློན་མོ་དྷིས་དེ་ལ་བཀག་འགོག་བྱེད་ཀྱི་མེད་པའི་གནས་ཚུལ་ཐོན།།

རྒྱ་གར་གཞུང་གིས་བྷི་བྷི་སི་གསར་འགྱུར་ལས་ཁུངས་ཀྱིས་ཕྱོགས་སྒྲིག་བྱས་པའི་དངོས་བྱུང་གློག་བརྙན་དེ་བཀག་པར་ཕྱོགས་འགལ་སྲིད་དོན་ཚོགས་པ་ཁག་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གི་སྐྱོན་བརྗོད་དྲག་པོ་བྱས་པར་མ་ཟད། ཁོ་ཚོས་དར་འཕྲིན་དང་ཝ་ཛི་ཨབ། ཊོས་ཊར་དྲྭ་ལམ་བཅས་སུ་དངོས་བྱུང་གློག་བརྙན་དེ་བསྐྱར་སྤེལ་ཡང་སྤེལ་ལན་མང་བྱས་ཤིང་། རྒྱ་གར་གྱི་ཀོང་རེ་སི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ར་ཧུལ་གྷན་དྷིས་ཁྱེད་ཚོས་འགོག་ཐུབ་པ་དང་གསར་འགོད་རང་དབང་འཕྲོག་ཐུབ། གཞུང་གི་སྒྲིག་འཛུགས་ཁག་ལ་སྟངས་འཛིན་བྱེད་ཐུབ། ཡིན་ནའང་བདེན་པ་ནི་བདེན་པ་རེད། བདེན་པ་དེར་བདེན་པ་བདེན་ཐོག་ཏུ་འཁྱོལ་བའི་ནུས་པ་ཡོད་པ་རེད་ཅེས་གསར་འགོད་པ་ཚོར་གླེང་མོལ་བྱས་འདུག དེ་བཞིན་ཊི་རི་ན་མུལ་ས་གནས་ཀྱི་ཀོང་རེ་སི་ཚོགས་པའི་གྲོས་ཚོགས་འཐུས་མི་མ་ཧུ་ཨ་མོ་ཡེ་ཏ་རས་ཀྱང་ཊོས་ཊར་དྲྭ་ལམ་དུ་སླར་ཡང་དངོས་བྱུང་གློག་བརྙན་དེ་བཀྲམ། ཁོང་གིས་ཡག་པ་དང་སྡུག་པ། མི་སྡུག་པ་སོགས་ཅི་ཞིག་ཡིན་རུང་ང་ཚོས་ཐག་གཅོད་བྱེད་ཀྱི་རེད། སྲིད་གཞུང་གིས་ང་ཚོར་ཅི་ཞིག་ལ་བལྟ་ཆོག་པ་དང་ཅི་ཞིག་ལ་བལྟ་མི་ཆོག་ཅེས་བཀོད་པ་གཏོང་ཆོག་པའི་ཐོབ་ཐང་མེད་ཅེས་མཆན་བྲིས་པ་རྣམས་གཟའ་ལྷག་པའི་ཞོགས་པར་ཡང་དྲྭ་ལམ་དུ་ནག་སུབ་མ་བཏང་བར་ལུས། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་དངོས་བྱུང་གློག་བརྙན་དེ་བཀག་པ་དེས་སྲིད་བློན་མོ་དྷིའི་དབང་བསྒྱུར་འོག་ཏུ་རྒྱ་གར་གྱི་གྲངས་ཉུང་མི་རིགས་ལ་དྲག་གནོན་ཆེན་པོ་འཕོག་གི་ཡོད་པ་དང་རྒྱ་གར་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཚོར་ཁྲིམས་གཅོད་དྲག་པོ་བྱས་ནས་ཁ་འགོག་གི་ཡོད་པ་ར་འཕྲོད་ཅེས་གསལ་བསྒྲགས་སྤེལ། མི་ཁག་ཅིག་གིས་ཉེ་བའི་ལོ་ཤས་ཤིག་ནས་རྒྱ་གར་གྱི་གསར་འགོད་རང་དབང་ཉམས་ཀྱི་འདུག་ཅེས་སྐྱོན་བརྗོད་བྱས། སྔོན་ཆད་རྒྱ་གར་གྱི་གསར་འགོད་རང་དབང་གི་གནས་སྟངས་ནི་འཛམ་གླིང་གི་ཨང་བརྒྱད་པ་ཡིན་རུང་ན་ནིང་རྒྱལ་སྤྱིའི་ས་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱིས་རྒྱལ་ཁབ་༡༨༠་ཐམ་པའི་གསར་འགོད་རང་དབང་ལ་ཞིབ་འཇུག་བྱས་ཏེ་རྒྱ་གར་གྱི་གསར་འགོད་རང་དབང་གི་གནས་སྟངས་ནི་ཨང་༡༥༠་པ་རེད་ཅེས་བཀོད། སྲིད་བློན་མོ་དྷིའི་གཞུང་གིས་དྲྭ་ལམ་དུ་སྐྱོན་བརྗོད་བྱེད་མཁན་དང་ཁྱད་པར་དུ་ཊོས་ཊར་དྲྭ་ལམ་དུ་རྩོམ་བྲིས་ནས་རྒྱ་གར་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཚོར་གནོན་སྡོམ་དང་བཙོན་འཇུག་གི་སྡིགས་ར་བསྐུལ་གྱི་འདུག་ཅེས་ཐེར་འདོན་བྱས་འདུག ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་ཡིན་ཟེར་བའི་རྒྱ་གར་གྱིས་རྒྱ་ནག་ལྟར་བྷི་བྷི་སི་གསར་འགྱུར་ལས་ཁུངས་ཀྱིས་ཕྱོགས་སྒྲིག་བྱས་པའི་དངོས་བྱུང་གློག་བརྙན་ཞིག་སྟོན་མི་ཆོག་པའི་བཀག་སྡོམ་བྱེད་ཀྱི་ཡོད་པ་རེད་ཅེས་གནས་ཚུལ་སྤེལ་འདུག

XS
SM
MD
LG