ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

བྷ་ལུ་ཆིའི་བུད་མེད་ཅིག་གིས་ཁུང་ཙིའི་སློབ་གླིང་ལ་གཏོར་རྒོལ།


༄༅།། བདུན་ཕྲག་འདིའི་གཟའ་མིག་དམར་ཉིན་པ་ཀི་སི་ཐན་གྱི་བུད་མེད་རང་སྲོག་བློས་གཏོང་བ་ཞིག་གིས་ཀ་ར་ཆི་སློབ་གྲྭ་ཆེན་མོའི་ཁུང་ཙིའི་སློབ་གླིང་ལ་གཏོར་རྒོལ་བྱས་ནས་སློབ་གླིང་དེའི་འགན་འཛིན་ཧྭང་གུའི་ཕིང་དང་དགེ་རྒན་ཏིང་མུ་ཕེང་། དགེ་རྒན་ཁྲེན་ས་དང་པ་ཀི་སི་ཐན་གྱི་རླངས་འཁོར་བ་ཞིག་བཅས་མི་༤་བསད། རྒྱ་མི་གཞན་པ་ཞིག་དང་པ་ཀི་སི་ཐན་བ་སྒོ་སྲུང་ཞིག་ལ་རྨས་སྐྱོན་ཕོག ཕྱི་ཟླ་༤་པའི་ཚེས་༢༧་ཉིན་བྷ་ལུ་ཆི་བཅིངས་འགྲོལ་དམག་གིས་ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་ལ་ཀ་ར་ཆི་སློབ་ཆེན་གྱི་ཁུང་ཙིའི་སློབ་གླིང་ལ་གཏོར་རྒོལ་བྱས་དོན་ནི་ཁུང་ཙིའི་སློབ་གླིང་དེ་རྒྱ་ནག་གི་དཔལ་འབྱོར་དང་རིག་གཞུང་། ཆབ་སྲིད་རྒྱ་སྐྱེད་ཀྱི་མཚོན་རྟགས་རེད་ཅེས་གནས་ཚུལ་མཁོ་སྤྲོད་བྱས་འདུག དེ་བཞིན་ཁ་སང་གཟའ་ལྷག་པའི་ཉིན་ནེའུ་ཡོཀ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། བུད་མེད་གདོང་ཁེབས་གྱོན་པ་ཞིག་གིས་རླངས་འཁོར་ནང་དུ་འབར་རྫས་བརྩིགས་ནས་རང་སྲོག་བློས་བཏང་སྟེ་གཏོར་རྒོལ་བྱས་པ་རེད། བྷ་ལུ་ཆི་སི་ཐན་བཅིངས་འགྲོལ་དམག་གིས་གཏོར་རྒོལ་དེའི་ལན་ཁག་ངོས་ལེན་དང་རང་སྲོག་བློས་གཏོང་བ་དེའི་མིང་ལ་ཤ་རི་བྷ་ལོ་ཆིའམ། ཡོངས་གྲགས་སུ་བྷ་རམ་ཤ་ཟེར་གྱི་ཡོད་པ་རེད། དཔའ་མོ་དེ་བྷ་ལི་ཆི་སི་ཐན་བཅིངས་འགྲོལ་དམག་གི་བུད་མེད་རང་སྲོག་བློས་གཏོང་བ་ཐོག་མ་དེ་ཡིན། བྷ་ལོ་ཆི་མི་དམངས་ཀྱི་བཙན་རྒོལ་འཐབ་རྩོད་ལོ་རྒྱུས་སུ་ལེའུ་གསར་པ་ཞིག་བྲིས་པ་རེད་ཅེས་ན་གཞོན་མ་ཞིག་གིས་རྒྱལ་ཁའི་མཛུབ་བརྡ་སྟོན་བཞིན་པའི་འདྲ་པར་དྲྭ་ལམ་དུ་བཀྲམ། ཉེ་དུས་ཤིག་ནས་བྷ་ལུ་ཆི་སི་ཐན་བཅིངས་འགྲོལ་དམག་གིས་རྒྱ་ནག་པ་རྣམས་དམིགས་སུ་བཀར་ནས་གཏོར་རྒོལ་བྱ་རྒྱུ་ཤུགས་ཆེ་རུ་སོང་།།

དེང་སྐབས་རྒྱ་ནག་པ་སྟོང་ཕྲག་མང་པོས་པ་ཀི་སི་ཐན་གྱི་ས་ཐོག་ཏུ་འཛུགས་སྐྲུན་ལས་གཞི་གཉེར་གྱི་ཡོད་པ་སྟེ། རྒྱ་ནག་གཞུང་གིས་ཨ་སྒོར་དུང་ཕྱུར་མང་པོ་འགྲོ་གྲོན་བཏང་སྟེ་པ་ཀི་སི་ཐན་ནས་དབུས་ཨེ་ཤི་ཡའི་ཁ་ཆེའི་རྒྱལ་ཁབ་ཁག་ལ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལས་གཞི་གཉེར་བཞིན་པར་མ་ཟད། རྒྱ་ནག་གི་འཛུགས་སྐྲུན་ལས་གཞི་དེའི་ཆེད་དུ་བྷ་ལུ་ཆི་སི་ཐན་གྱི་ས་ཆ་བཙན་འཕྲོག་དང་རང་བྱུང་ཐོན་སྐྱེད་བཤུ་གཞོག བྷ་ལུ་ཆི་མི་དམངས་ཀྱིས་རང་སྐྱོང་གི་ཐོབ་ཐང་དགོས། ས་གནས་དེའི་རང་བྱུང་ཐོན་སྐྱེད་ཀྱི་ཡོང་འབབ་རྣམས་ཆ་བགོ་བྱ་དགོས། པ་ཀི་སི་ཐན་གྱིས་བྷ་ལུ་ཆི་མི་མང་གི་མངོན་འདོད་མ་བསྒྲུབས་ན་རང་བཙན་བྱ་རྒྱུ་ཡིན་ཞེས་གྱེན་ལོག་འཐབ་འཁྲུག་བསླངས། ཁ་སང་གཟའ་ལྷག་པའི་ཉིན་རྒྱ་གར་གྱི་ཛཱི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལོ་ན་༣༠་ཐམ་པར་སོན་པའི་བུད་མེད་རང་སྲོག་བློས་གཏོང་བ་དེ་ལོ་གཉིས་ཀྱི་སྔོན་ནས་བྷ་ལི་ཆི་སི་ཐན་བཅིངས་འགྲོལ་དམག་གི་ཁོངས་སུ་ཞུགས། ཁོ་མོས་རང་སྲོག་བློས་བཏང་སྟེ་གཏོར་རྒོལ་བྱ་རྒྱུའི་ལས་འགན་དང་དུ་བླངས། བུད་མེད་དེ་སྲོག་ཆགས་རིག་པའི་གཙུག་ལག་རབ་འབྱམས་པ་ཐོན་ཡོད་པ་དང་དགེ་རྒན་གྱི་ཆེད་ལས་ཞོར་དུ་ཤེས་ཡོན་སློབ་གསོའི་འབུམ་རམས་པའི་སློབ་སྦྱོང་བྱེད་ཀྱི་ཡོད་ཅིང་། ཁོ་མོར་ཤུལ་དུ་ཁྱོ་ག་དང་ཕྲུ་གུ་གཉིས་ཡོད་པ་དང་ཁྱོ་གོས་ཊོས་ཊར་དྲྭ་ལམ་དུ་ཁྱོད་ལ་རང་གཅེས་མེད་པར་འཐབ་རྩོད་ཀྱི་ལས་སུ་ཞུགས་པར་ང་ནི་ཧང་སང་སྟེ་ཁ་གྲག་རྒྱུ་མེད་པར་གྱུར་སོང་། འོན་ཀྱང་དེ་རིང་ང་སྤོབས་པའི་མཛུམ་མདངས་རྒྱས་ཡོད། མཱ་རོ་ཆི་དང་མཱིར་ཧ་སན་གཉིས་ཀས་རླབས་ཆེན་གྱི་ཨ་མ་ཞིག་བྱུང་ཡོད་བསམས་ནས་སྤོབས་པ་བསྐྱེད་དེ་འཚར་ལོངས་འབྱུང་ཆོག ཁྱོད་ནི་གཏན་དུ་ང་ཅག་གི་མི་ཚེའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞེས་ཆུང་མས་རང་སྲོག་བློས་བཏང་ནས་གཏོར་རྒོལ་བྱས་པར་བསྔགས་བརྗོད་ཀྱི་འཕྲིན་ཐུང་ཞིག་སྤེལ།།

རྒྱ་གར་གྱི་ཊི་རི་བྷུན་གསར་ཤོག་ལ་གནས་ཚུལ་ཐོན་པ་ལྟར་ན། བྷ་ལི་ཆུ་སི་ཐན་གྱི་བུད་མེད་རང་སྲོག་བློས་གཏོང་བ་དེས་༢༠༢༡་ལོའི་ཕྱི་ཟླ་༡༢་པའི་ཚེས་༢༣་ཉིན་ངས་སྒྲུང་བཤད་ནས་སྡོད་རྩིས་མེད། ངས་རང་གི་ལས་འགན་བསྒྲུབས་ཏེ་ཡལ་བར་འགྱུར་རྒྱུ་ཡིན་ཞེས་འཕྲིན་ཐུང་ཞིག་སྤེལ། འཕྲིན་ཐུང་དེ་ཟླ་བ་གཅིག་གི་ནང་དུ་ཐེངས་གཉིས་བསྐྱར་སྤེལ་བྱས་ཤིང་། ད་དུང་ཉིན་དེར་བདེ་སྐྱིད་ལྡན་པའི་སང་ཉིན་གྱི་ཆེད་དུ་བློས་གཏོང་བྱ་དགོས་ཞེས་འཕྲིན་ཐུང་གཞན་ཞིག་བྲིས། ཕྱི་ཟླ་༡༢་པའི་ཚེས་༨་ཉིན་ཁྱོད་ཀྱིས་གསར་བརྗེ་ཉོ་ཐབས་མེད། ཁྱོད་ཀྱིས་གསར་བརྗེ་སློང་ཐབས་ཀྱང་མེད། སོ་སོ་གསར་བརྗེ་ཞིག་ལ་འགྱུར་དགོས། དེ་ནི་རང་གི་བླ་སྲོག་ཏུ་འགྲུབ་ཡོད་པ་ལས་གཞན་དུ་མེད་ཅེས་བྲིས། ཁོ་མོས་ཆཱེ་གུ་ཝེ་ར་དང་རུ་སོ་སོགས་ཀྱིས་བརྩམས་པའི་ཕུལ་བྱུང་གི་བརྩམས་ཆོས་ཁག་དང་ཌན་ཊེ་ཨ་ལི་གྷེ་རི། མར་ཁེ་ཊི་ཝེན་དང་རོ་བྷར་ཊི་ཧེན་ལེན། པཱོ་ལོ་ཁུ་ཝ་ལོ་སོགས་ཀྱིས་བརྩམས་པའི་དེང་རབས་ཀྱི་བརྩམས་ཆོས་གྲགས་ཆེན་ཁག་ཀྱང་བཀླགས་ཡོད་པའི་ཐོ་གཞུང་ཞིག་ཊོས་ཊར་ལམ་དུ་སྤེལ། ཁོ་མོས་མི་ཞིག་ལ་ཁང་པའི་ནང་དུ་དཔེ་དེབ་མེད་ན་ལུས་པོར་བླ་སྲོག་མེད་པ་དང་འདྲ་ཞེས་མཆན་བྲིས། ཕྱི་ཟླ་༡༢་པའི་ཚེས་༡༡་ཉིན་བུད་མེད་དེའི་ཁ་པར་ནང་དུ་དཔེ་དེབ་བརྩིགས་ཡོད་པའི་པར་ཞིག་བཀྲམ་ནས་ཡིད་རབ་སྤྲོ་ཞིང་བསྒྲུབ་པར་འདོད་པ། ངོ་མཚར་ཆེ་བའི་དམིགས་འབེན་ཞེས་འཕྲིན་ཐུང་ཞིག་སྤེལ། ད་ལྟ་ཉམས་ཞིབ་པ་ཕལ་ཆེ་བས་བྷ་ལུ་ཆི་སི་ཐན་གྱི་བུད་མེད་ཤེས་ཡོན་ཅན་ཞིག་གིས་རང་སྲོག་བློས་བཏང་ནས་འཐབ་རྩོད་བྱེད་ཀྱི་ཡོད་པར་བལྟས་ཚེ། མི་རིགས་དེའི་འཐབ་རྩོད་ཀྱི་ངོ་བོ་འགྱུར་གྱི་ཡོད་པ་ཡིན་ནམ། བུད་མེད་དེ་ཚོར་སུས་ཀླད་པ་བཀྲུ་པ་རེད། ཁོ་ཚོར་བཙན་དྲག་བཀོལ་བ་རེད་དམ། སྔོན་ཆད་འཇིགས་སྐུལ་རིང་ལུགས་ལ་འབྲེལ་བ་མེད་པའི་མི་རྣམས་འཇིགས་སྐུལ་རིང་ལུགས་པའི་ལས་སུ་ཞུགས་ཀྱི་ཡོད་པ་རེད་དམ་ཞེས་དོགས་སློང་སྣ་ཚོགས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཨབ་གྷ་ཎི་སི་ཐན་གྱི་གསར་འགོད་པ་བྷ་ཤིར་ཨ་ཧ་མ་ཐེ་ཞེས་པ་ཞིག་གིས་ཞིབ་འཇུག་བྱས་པ་ལྟར་ན། བུད་མེད་དེའི་ཨ་ཕ་ནི་གཞུང་གི་སྲི་ཞུ་བ་ཞིག་ཡིན་པ་དང་ཁྱོ་ག་ནི་སོའི་སྨན་པ་ཞིག་རེད། ཁོ་ཚོར་ལོ་༤་ལ་སོན་པའི་མཱ་རོ་ཤི་ཟེར་བུ་མོ་ཞིག་དང་ལོ་༨་ལ་སོན་པའི་མཱིར་ཧ་སན་ཞེས་པའི་བུ་ཞིག་བཅས་ཕྲུ་གུ་གཉིས་འདུག ཁྱིམ་ཚང་དེའི་བཟའ་མི་རྣམས་ཤེས་ཡོན་ཅན་ཡིན་པ་དང་སྔོན་ཆད་དྲག་སྤྱོད་པའི་སྒྲིག་འཛུགས་ཁག་ལ་འབྲེལ་བ་མི་འདུག་ཅེས་གནས་ཚུལ་སྤེལ། རྒྱ་གར་གྱི་ཊི་རི་བྷུན་གསར་ཤོག་ལ་བུད་མེད་དེས་རང་སྲོག་བློས་གཏོང་གི་གཏོར་རྒོལ་མ་བྱས་པའི་ཆུ་ཚོད་བཅུའི་སྔོན་དེར་ཊོས་ཊར་དྲྭ་ལམ་དུ་བདེ་མོ་བྱོས་ཞེས་འཕྲིན་ཐུང་ཞིག་བྲིས། མི་ཚོས་བུད་མེད་དེར་ཅི་ཞིག་བྱ་འཆར་ཡོད་པ་སྔོན་དཔག་མ་ཐུབ། བྷ་ལུ་ཆི་བ་ཁག་ཅིག་གིས་འཇིགས་སྐུལ་རིང་ལུགས་ཀྱི་གཏོར་རྒོལ་བྱེད་ཀྱི་ཡོད་ཀྱང་ཤེས་ཡོན་ཅན་གྱི་ཁྱིམ་ཚང་ཞིག་གི་བདག་མོའམ། ལྷག་པར་དུ་བུད་མེད་ཤེས་ཡོན་ཅན་ཞིག་གིས་རང་སྲོག་བློས་བཏང་ནས་གཏོར་རྒོལ་བྱ་རྒྱུ་ཡིན་པ་ནི་ཀུན་གྱི་བློ་ཡུལ་དུ་མ་ཤོང་། འདི་ནི་གློ་བུར་དུ་བློ་ཁ་འགྱུར་བ་ཞིག་ཡིན་མི་སྲིད། བྷ་ལུ་ཆི་མི་དམངས་རྣམས་ཡུན་རིང་ནས་རྒྱ་ནག་དང་པ་ཀི་སི་ཐན་གྱི་གཞུང་ལ་ཞེ་འཁོན་ཡོད་པ་མཚོན་ཐུབ། ཕྱི་ཟླ་༤་པའི་ཚེས་༢༤་ཉིན་བུད་མེད་དེས་ངའི་རྒྱལ་ཁབ་ཀྱིས་ང་ལ་དོན་དག་གཉིས་བསླབས་བྱུང་། དེ་ནི་རང་ཡུལ་ལ་གཅེས་སྤྲས་བྱ་དགོས་པ་དང་དེའི་དོན་དུ་འཐབ་རྩོད་བྱེད་དགོས་པ་རེད་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ཕྱི་ཟླ་༣་པའི་ཚེས་༢་ཉིན་ཇཱ་མལ་བྷ་ལོ་ཆི་ཟེར་བ་ཞིག་གིས་འཐབ་རྩོད་ནི་ང་ཚོའི་རིག་གཞུང་ཡིན། ཁྱོད་ལ་རྟེན་འབྲེལ་ཞུ་དགོས་ན་འཐབ་རྩོད་ཀྱི་ལས་སུ་ཞུགས་ཞེས་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་བ་བུད་མེད་དེས་བརྒྱུད་བསྒྲགས་བྱས་འདུག

རྒྱ་གར་གྱི་གསར་འགྱུར་༡༨་པའི་དྲྭ་ཚིགས་སུ་གནས་ཚུལ་སྤེལ་བ་ལྟར་ན། ༢༠༢༡་གི་མགོ་སྟོད་ནས་བྷ་ལུ་ཆི་སི་ཐན་གྱི་ས་ཐོག་ཏུ་ཚོང་ལས་གཉེར་གྱི་ཡོད་པའི་རྒྱ་ནག་གི་ཁ་པར་བཟོ་ཚོང་ལས་ཁང་ཁག་གི་ལས་བྱེད་པ་དང་རྒྱ་ནག་གི་སྤྱི་དམངས་རྣམས་བཙན་ཁྲིད་བྱ་རྒྱུ་མགོ་བརྩམས། བྷ་ལུ་ཆི་མི་མང་གིས་ཧྭ་ཝེ་དང་ཀྲུང་ཞིན་སོགས་རྒྱ་ནག་གི་བརྡ་འཕྲིན་བཟོ་ཚོང་ལས་ཁུངས་ཁག་གིས་བྷ་ལུ་ཆི་སི་ཐན་ལ་བརྡ་འཕྲིན་མ་ལག་བཙུགས་ཏེ་བྷ་ལུ་ཆི་མི་དམངས་ལ་སོ་ལྟ་བྱེད་ཀྱི་འདུག་ཅེས་བཟོ་ཚོང་ཁང་དེ་ཚོ་མེར་སྲེག་བཏང་ནས་གཏོར་རྒོལ་ཕོག གཟའ་འཁོར་འདིའི་གཏོར་རྒོལ་རྗེས་སུ་རྒྱ་ནག་གཞུང་གིས་པ་ཀི་སི་ཐན་གྱི་སྲིད་བློན་གསར་པ་ཤ་རིབ་ལ་རྒོལ་རྡུང་དེར་ཞིབ་འཇུག་ནན་པོ་བྱ་དགོས་ཞེས་ནན་གྱིས་བསྐུལ། སྲིད་བློན་ཤ་རིབ་རྒྱ་ནག་གཞུང་ཚབ་ཁང་དུ་ཕེབས་ནས་པ་རྒྱའི་མཛའ་འབྲེལ་ལ་སུ་གཅིག་གིས་ཀྱང་གཏོར་བརླག་གཏོང་མི་ཐུབ་ཅེས་རྒྱ་ནག་གཞུང་ལ་སེམས་གསོ་བྱས་ཡོད་པའི་གནས་ཚུལ་ཐོན། ཡིན་ནའང་པེ་ཅིང་གི་དབང་འཛིན་པ་ཚོས་རྒྱ་ནག་མི་དམངས་ཀྱི་ཟུངས་ཁྲག་དྲོན་མོ་དོན་མེད་ལ་བཞུར་དུ་འཇུག་མི་ཆོག རྒོལ་རྡུང་དེའི་རྒྱབ་ཏུ་ཡོད་པའི་ཉེས་ཅན་རྣམས་རྩད་གཅོད་བྱས་ནས་ཁྲིམས་ལ་སྦྱོར་དགོས་ཞེས་ནན་བརྗོད་བྱས་འདུག རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལས་རོགས་ཝུ་ཅང་ཀོས་པེ་ཅིང་དུ་བཅའ་སྡོད་པ་ཀི་སི་ཐན་གྱི་གཞུང་ཚབ་པ་འབོད་འགུགས་བྱས་ནས་རྒོལ་རྡུང་དེར་བློ་འཚབ་ཆེན་པོ་ཡོད། པ་ཀི་སི་ཐན་གྱི་ས་ཐོག་ཏུ་གནས་འཁོད་རྒྱ་ནག་པ་རྣམས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱ་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་པའི་གནས་ཚུལ་ཐོན། ན་ནིང་ཕྱི་ཟླ་༧་པར་པ་ཀི་སི་ཐན་གྱི་ཏ་ལི་བྷན་ཤོག་ཁག་གིས་རྒྱལ་ཁབ་དེའི་ནུབ་བྱང་ས་ཁུལ་གྱི་ཁི་བྷར་པག་ཏུན་ཁཱ་བ་ཞིང་ཆེན་གྱི་ས་གནས་ཤིག་ཏུ་རླངས་འཁོར་ཞིག་ལ་གཏོར་རྒོལ་བྱས་ནས་རྒྱ་ནག་པ་༩་དང་པ་ཀི་སི་ཐན་བ་༤་བཅས་ཁྱོན་བསྡོམས་མི་༡༣་བསད་པའི་གནས་ཚུལ་ཐོན་ཡོད་པ་རེད།།

XS
SM
MD
LG