ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྫ་ཆུ་ཁར་༧གོང་ས་མཆོག་གི་སྐུ་པར་བཤམ་མི་ཆོག་པའི་དམ་དྲག


༄༅།། ཉེ་ཆར་ཕྱི་ཟླ་༣་ཚེས་༡༧་ཉིན་རྒྱ་ནག་གཞུང་གིས་སེར་ཤུལ་རྫོང་། རྫ་ཆུ་ཁའི་རྫ་སྨད་གྲོང་རྡལ་གྱི་མི་དམངས་རྣམས་ཚོགས་འདུར་བསྐོངས་ཏེ་༧གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་དང་སྦས་འཇོག་བྱས་ན་ལོ་བཞི་ཡས་མས་རེའི་བཙོན་འཇུག་གི་ཁྲིམས་ཐག་གཅོད་རྒྱུུ་ཡིན་ཞེས་གསལ་བསྒྲགས་སྤེལ་ཡོད་པའི་གནས་ཚུལ་ཞིག་ས་དེའི་ཡུལ་མི་མིང་བརྗོད་འདོད་མེད་པ་ཞིག་གིས་འདྲ་པར་དང་བཅས་གསར་འགྱུར་མཁོ་སྤྲོད་བྱས་འདུག

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བརྗོད་དོན་ལྟར་ན། ཚོགས་འདུའི་ཐོག་ཏུ་ཕྱིན་ཆད་ཏཱ་ལའི་བླ་མའི་འདྲ་པར་རྣམས་སོ་སོའི་ཁྱིམ་ལ་རྩ་བ་ནས་བཤམ་མི་ཆོག་པ་དང་ཁྱིམ་དུ་ཉར་འཇོག་བྱེད་མི་ཆོག སུའི་ཁྱིམ་དུ་ཏཱ་ལའི་འདྲ་པར་སྦས་ཡོད་ན་དེ་ལ་ཁྲིམས་གཅོད་བྱ་རྒྱུ་ཡིན། ལྷག་པར་དུ་རྒྱལ་ཁབ་ཀྱི་རོགས་སྐྱོར་ལེན་གྱི་ཡོད་པའི་ཉམ་ཐག་ཚོའི་ཁྱིམ་དུ་ཏཱ་ལའི་འདྲ་པར་བཤམས་པ་དང་སྦས་འཇོག་བྱེད་ཡོད་པ་རྙེད་ན་ཁྱིམ་ཚང་དེ་རོགས་སྐྱོར་སྤྲོད་ཡུལ་ཁོངས་ནས་ཕྱིར་འཐེན་བྱས་ཏེ་སྔོན་ཆད་རྒྱལ་ཁབ་ཀྱིས་སྤྲད་པའི་རོགས་སྐྱོར་ཚང་མ་ཕྱིར་སློག་བྱ་དགོས། མདོར་ན་མེ་མདའ་ཉར་མཁན་ཚོར་རྒྱལ་ཁབ་ཀྱིས་ལོ་གསུམ་ནས་བཞིའི་བར་དུ་ཁྲིམས་ཐག་གཅོད་ཀྱི་ཡོད་པ་ཤེས་གསལ་རེད། ཏཱ་ལའི་འདྲ་པར་བཤམས་པ་དང་སྦས་འཇོག་བྱས་པ་ཡིན་ན་མེ་མདའ་ཉར་འཛིན་བྱས་པ་དང་ནག་ཉེས་གཅིག་མཚུངས་ཀྱི་ཁྲིམས་གཅོད་བྱ་རྒྱུ་ཡིན་ཞེས་དོན་ཚན་ལྔ་འཁོད་པའི་ཡིག་ཆ་ཞིག་ལ་བཙན་དབང་གིས་མིང་རྟགས་འགོད་དུ་བཅུག་འདུག

ད་དུང་ཚོགས་འདུ་མ་ཚོགས་པའི་ཉིན་ཤས་སྔོན་དེར་དམག་མིའི་ལག་ཏུ་རྔན་པ་ཏོག་ཙམ་རེ་ཁྱེར་ནས་རྫ་སྨད་ཡུལ་ཚོའི་རྒན་གསོ་ཁང་ཞིག་ལ་ཕྱིན་ནས་ང་ཚོ་གུང་ཕྲན་ཏང་གི་དམག་མི་ཡིན། ང་ཚོས་ཁྱེད་ཚོར་གཅར་རྡུང་བྱེད་ཀྱི་མ་རེད། ཁྱེད་ཚོར་རོགས་རམ་བྱེད་དུ་ཡོང་བ་ཡིན། ཁྱེད་ཚོར་དཀའ་ངལ་ཅི་ཞིག་ཡོད་ཀྱང་ང་ཚོར་ཤོད། གུང་ཁྲན་ཏང་གིས་ཁྱེད་ཚོར་གཟིགས་རྟོག་ཆེན་པོ་བྱེད་ཀྱི་ཡོད་རེད། ཁྱེད་ཚོས་ཁ་ཞེ་གཉིས་མེད་ཀྱིས་གུང་ཁྲན་ཏང་ལ་ཡིད་ཆེས་དང་དགའ་ཞེན་བྱེད་དགོས། གལ་ཏེ་ཏཱ་ལའི་འདྲ་པར་ཉར་ཡོད་ན་ང་ཚོར་སྤྲོད་ཤོག ང་ཚོས་ནག་ཉེས་འགེལ་གྱི་མ་རེད། ཁྱེད་ཚོས་གནད་དོན་མ་ཤེས་པར་བརྩི་ཡི་རེད་ཅེས་སྐད་ཆ་འཇམ་པོ་མང་དག་ཅིག་བཤད་ཅིང་། བོད་པ་རྒན་རྒོན་ཚོའི་ཁྱིམ་དང་གྱོན་ཆས་རྣམས་གཙང་བཟོ་བྱ་རྒྱུར་ཁ་གཡར་ནས་མི་འདོད་བཞིན་དུ་ཨུ་ཚུགས་ཀྱིས་ཁྱིམ་གྱི་ཕྱི་ནང་ཀུན་ཏུ་སྔོག་བཤེར་བྱས་པར་མ་ཟད། རྒན་འཁོགས་ཚོའི་ནང་དུ་མའོ་ཙེ་ཏུང་དང་ཞིས་ཅིན་ཕིང་སོགས་རྒྱ་ནག་གི་འགོ་ཁྲིད་ལྔའི་མགོ་པར་ཡོད་པའི་ཐང་ག་བཤམས། དེ་ནི་གཅིག་ནས་རྒན་འཁོགས་རྣམས་ཀྱི་ཁྱིམ་དུ་༧གོང་ས་ཆོག་གི་སྐུ་པར་བཤམས་ཡོད་པ་རྣམས་ལེན་ཐབས་དང་གཉིས་ནས་གུང་ཁྲན་ཏང་གི་འགོ་ཁྲིད་ཚོའི་པར་འགེལ་ཐབས། གསུམ་ནས་གུང་ཁྲན་དམག་གིས་བོད་ལ་བྱམས་སྐྱོང་བྱེད་ཀྱི་ཡོད་པ་མཚོན་པའི་འཁྲབ་སྟོན་ཞིག་རེད་ཅེས་འགྲེལ་བརྗོད་བྱས་འདུག

ད་ལོ་བོད་དོན་འཐབ་རྩོད་པ་བསྟན་འཛིན་ཉི་མ་རྒྱ་གཞུང་གི་རྡུང་རྡེག་དང་མནར་གཅོད་འོག་འདས་གྲོངས་སུ་གྱུར་ཏེ་དབོན་པོའི་སེར་སྐྱ་མང་ཚོགས་ཀྱི་སྐད་འཕྲིན་རྒྱབ་ངོས་སུ་བསྟན་འཛིན་ཉི་མར་གདུང་སེམས་མཉམ་སྐྱེད་ཀྱི་རྩོམ་ཡིག་སྤེལ་བ་དང་བསྟན་འཛིན་ཉི་མ་གྲོངས་པའི་ཉིན་ཤས་རྗེས་སུ་དབོན་པོ་ས་གནས་སུ་རྒྱ་དམག་འགའ་ཞིག་འབྱོར། ཡུལ་མི་ཁག་ཅིག་ལ་ཉིན་གྲངས་མང་པོར་འདྲི་རྩད། སྤྱི་༢༠༢༡་ཟླ་༠༣་ཚེས་༦་ཡས་མས་ནས་སླར་ཡང་དམག་མི་མང་པོ་འབྱོར་ཏེ་ཁྱིམ་ཚང་ཁག་ལ་སྔོག་བཤེར་གྱིས་༧གོང་ས་མཆོག་གི་སྐུ་པར་བཙན་འཕྲོག ཉིན་ལྟར་རྫ་སྨད་གྲོང་རྡལ་གྱི་སྲང་ལམ་དུ་རྒྱ་མའི་དར་དམར་ཆེན་པོ་ཞིག་འཕྱར་ནས་སྐད་ཅོར་རྒྱག་བཞིན་དམག་སྦྱོང་བྱས་ཏེ་འཇིགས་སྐུལ་བྱེད་ཀྱི་འདུག་ཅེས་བཤད། དེང་སྐབས་དབོན་པོ་ཡུལ་ཚོ་དང་ས་གནས་མང་པོར་འཕྲོད་བསྟེན་དང་བདེ་འཇགས་ཆེད་དུ་ཡིན་ཚུལ་བརྗོད་ནས་བོད་པའི་ལག་ཐོགས་ཁ་པར་ནང་དུ་མཉེན་ཆས་གསར་པ་ཞིག་བཙན་དབང་གིས་ཕབ་ལེན་བྱེད་དུ་འཇུག་གི་ཡོད་པ་དང་མཉེན་ཆས་དེ་ཕབ་ལེན་བྱས་རྗེས་དོ་བདག་མིང་དང་སྐྱེས་ལོ་སྐྱེས་ཚེས། ས་གནས་དང་ཁ་པར་ཨང་གྲངས་སོགས་ལོ་རྒྱུས་ཆ་ཚང་འགེངས་དགོས་ཀྱི་ཡོད་པ་ནི་བོད་པ་ཚོར་དྲྭ་ལམ་ནས་དམ་དྲག་བྱེད་པའི་ལག་ཆ་ཞིག་ཡིན་པའི་དོགས་པ་བྱེད་ཀྱི་ཡོད་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG