ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

རྒྱ་གར་གྱི་བདེ་འཇགས་མི་སྣ་༢༢་ལ་སྲོག་སྐྱོན་ཕོག་པ། 


༄༅།། རྒྱ་གར་གྱི་བདེ་འཇགས་མི་སྣ་ཚོས་ཆ་ཏི་སི་གྷར་མངའ་སྡེའི་མའོ་ཙེ་ཏུང་གི་ལྟ་བའི་རྗེས་འབྲང་བ་གྱེན་ལོག་པའམ། ནག་སིལ་བྷ་རི་བ་ཞེས་འབོད་པའི་གྱེན་ལོག་པ་ཚོར་འཐབ་རྒོལ་བྱས་ནས་བདེ་འཇགས་མི་སྣང་༢༢་ལ་སྲོག་སྐྱོན་དང་མི་༣༡་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་ཐོན་འདུག མཉམ་འབྲེལ་གསར་ཁང་དང་རོ་ཡེ་ཊེ་གསར་འགྱུར་ལས་ཁང་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་གཟའ་ཉི་མར་རྒྱ་གར་དབུས་ཕྱོགས་ཀྱི་ཆ་ཏི་སི་གྷར་མངའ་སྡེའི་བྷ་ས་ཏར་བདེ་སྲུང་དམག་གིས་མའོ་ཤོག་ཁག་གི་གཡོན་ཤོག་གྱེན་ལོག་པ་ཚོར་འཐབ་རྒོལ་བྱ་རྒྱུ་མགོ་བརྩམས། བྷ་ས་ཏར་བདེ་སྲུང་དམག་གི་རུ་ཁག་ཅིག་ལ་གྱེན་ལོག་པས་གཏོར་རྒོལ་བྱས་ནས་བདེ་སྲུང་དམག་ལ་འཆི་རྨས་ཚབས་ཆེན་ཕོག རྒྱ་གར་གྱི་བདེ་སྲུང་དམག་དཔུང་ཁག་ཅིག་འཐབ་འཁྲུག་སྐབས་སུ་གར་སོང་ཆ་མེད་དུ་གྱུར་ནས་རྙེད་ཀྱི་མེད་པ་རྣམས་འཚོལ་ཞིབ་བྱེད་བཞིན་ཡོད་ཅེས་ཉེན་རྟོག་འགོ་ཁྲིད་ཨ་ཝ་ཤ་ཏིས་བཤད་འདུག མའོ་ཤོག་ཁག་གིས་གྱེན་ལོག་པ་ཚོས་ཆ་ཏི་སི་གྷར་མངའ་སྡེ་མགོ་རྟིང་སློག་རྒྱུ་དང་རིགས་རུས་དབྱེ་འབྱེད་མེད་པའི་སྤྱི་ཚོགས་ཤིག་གསར་འཛུགས་བྱ་རྒྱུ་ཡིན་ཞེས་འཐབ་འཁྲུག་བསླངས། རྒྱ་གར་གྱི་ཆ་ཏི་སི་གྷར་མངའ་སྡེ་ཚུད་པའི་མ་ཧ་ར་ཤ་ཊི་ར་དང་ཨོ་དྷི་ཤ་གཉིས་ཀྱི་ནང་དུའང་གྱེན་ལོག་པའི་འཐབ་འཁྲུག་རྒྱག་གི་ཡོད་པར་གྲོང་གསེབ་པ་དང་མི་མང་དབུལ་ཕོངས། རིགས་རུས་དབྱེ་འབྱེད་ཀྱི་གཉའ་གནོན་མྱོང་མཁན་ཚོས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

སྲིད་བློན་མོ་དྷིས་གཟའ་ཉི་མའི་ཉིན་ཆ་ཏི་སི་གྷར་མངའ་སྡེའི་ནགས་ཁྲོད་དུ་ནག་སིལ་བྷ་རི་གྱེན་ལོག་པ་ཚོར་འཐབ་རྒོལ་བྱས་ནས་ཚེ་སྲོག་ཤོར་པའི་དཔའ་བོ་རྣམས་ཀྱི་ཤུལ་ལུས་བཟའ་མི་ཚོར་གདུང་སེམས་མཉམ་སྐྱེད་ཡོད། དཔའ་བོ་དེ་དག་གི་བློས་གཏོང་རྣམས་ནམ་ཡང་བརྗེད་མི་སྲིད། རྨས་སྐྱོན་ཕོག་པ་རྣམས་མྱུར་དུ་དྲག་སྐྱེད་ཡོང་བར་ཤོག་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། རྒྱ་གར་གྱི་ས་ཐོག་ཏུ་དུས་རབས་སྔོན་མའི་ལོ་རབས་༦༠་ནང་དུ་མའོ་ཤོག་ཁག་གི་གྱེན་ལོག་པ་རྣམས་རྩ་བ་ཚུགས། ཕྱི་ལོ་༢༠༠༠་ཡས་མས་བར་དུ་གྱེན་ལོག་པ་ཚོས་འཐབ་འཁྲུག་ཤུགས་ཆེན་པོ་ཞིག་རྒྱག་མ་ཐུབ། རྒྱ་གར་གྱི་སྲིད་བློན་ཟུར་པ་མན་ཧོ་མན་སིང་གིས་མའོ་ཤོག་ཁག་གི་གྱེན་ལོག་པ་རྣམས་སྒྲིག་འཛུགས་སྲ་བརྟན་ཡོད་པ་དང་སྦྱོང་བརྡར་ཡག་པོ་ཐོབ་པའི་གྱེན་ལོག་ཤོག་ཁག་ཅིག་རེད། འདི་ནི་རྒྱ་གར་ནང་ཁུལ་གྱི་བདེ་འཇགས་ལ་ཧ་ཅང་གི་ཉེན་ཚབས་ཆེན་པོ་ཞིག་རེད་ཅེས་བཀྲལ། ཕྱི་ལོ་༢༠༡༠་ནས་༢༠༡༧་བར་དུ་མའོ་ཤོག་ཁག་གི་གྱེན་ལོག་པ་ཚོས་འཐབ་འཁྲུག་བརྒྱབ་ནས་མི་མང་དཀྱུས་མ་༢༡༠༠་ལྷག་བསད། རྒྱ་གར་གྱི་བདེ་སྲུང་དམག་ལ་འཇབ་རྒོལ་བྱས་ནས་ཉེན་རྟོག་པ་༢༥་བསད་པ་དང་མི་༦་ལ་རྨས་སྐྱོན་ཕོག ༢༠༡༩་ལོའི་རྒྱ་གར་གྱི་འོས་འདེམས་སྐབས་སུ་གྱེན་ལོག་པ་ཡིན་པའི་དོགས་པ་ཡོད་པའི་མི་ཚོགས་ཤིག་གིས་ཨོ་དྷི་ཤ་མངའ་སྡེའི་འོས་འདེམས་རྟོག་ཞིབ་པ་ཞིག་བསད། དེ་བཞིན་ལོ་དེར་མའོ་ཤོག་ཁག་གི་གྱེན་ལོག་པ་རེད་ཟེར་བའི་མི་ཚོགས་ཤིག་གིས་འོས་འདེམས་ལྟ་རྟོག་པ་ཚོའི་རླངས་འཁོར་བཀག་སྟེ་རླངས་འཁོར་མེར་སྲེག་བཏང་བའི་གནས་ཚུལ་བྱུང་།།

༢༠༡༩་ལོར་རྒྱ་གར་གྱི་ནང་སྲིད་ལྷན་ཁང་གིས་བཏོན་པའི་སྙན་ཐོ་དེར་འཁོད་པ་ལྟར་ན། རྒྱ་གར་གྱི་མངའ་སྡེ་༡༡་དང་རྫོང་ཁག་༩༠་ཐམ་པའི་ནང་དུ་མའོ་ཤོག་ཁག་གི་གྱེན་ལོག་པའི་སྒྲིག་འཛུགས་ཚུགས་ཐུབ་ཡོད་ཅིང་། རྒྱ་གར་གཞུང་གིས་གྱེན་ལོག་པ་ཚོར་དྲག་གནོན་དང་བདེ་སྲུང་དམག་གིས་གཏོར་རྒོལ་འབའ་ཞིག་ལ་བརྟེན་ནས་གྱེན་ལོག་ཟིང་འཁྲུག་ཞོད་འཇགས་གཏོང་ཐབས་བྱེད་ཀྱི་ཡོད་པར་སྐྱོན་བརྗོད་འཕོག་གི་ཡོད་པ་སྟེ། རྒྱ་གར་གྱི་བདེ་སྲུང་དམག་དཔུང་གདུག་རྩུབ་ཆེ་དྲགས་པ་དང་གྱེན་ལོག་པའི་བདེ་སྡུག་ལ་མི་མཉན་པ། གྱེན་ལོག་པ་རྣམས་གཞི་ཚུགས་ཡུལ་གྱི་གྲོང་གསེབ་ཁག་ལ་རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་དང་འཛུགས་སྐྲུན་ཡར་རྒྱས་ཀྱི་གྲུབ་འབྲས་རྣམས་འཐོབ་ཀྱི་མེད་པ། དེར་བརྟེན་རྒྱ་གར་གྱི་གྲོང་གསེབ་ཁག་ཏུ་གྱེན་ལོག་པ་ཚོ་འཚོ་གནས་བྱེད་ཐུབ་པ། རྒྱ་གར་གཞུང་གིས་གསེབ་པ་ཚོར་བདེ་འཇགས་སྲུང་སྐྱོབ་ཡག་པོ་ཞིག་བྱེད་ཐུབ་ཀྱི་མེད་པའི་རྐྱེན་གྱིས་གྲོང་གསེབ་པའི་བུ་ཕྲུག་རྣམས་གྱེན་ལོག་པའི་དམག་ཁོངས་སུ་བཙན་ཁྲིད་བྱེད་པའམ། ཡང་ན་གཞུང་གི་བདེ་སྲུང་དམག་གིས་གཏོར་རྒོལ་སྐབས་སུ་གྲོང་གསེབ་པའི་ན་གཞོན་ཚོར་སྲོག་སྐྱོན་འཕོག་པ། ཆ་ཏི་སི་གྷར་མངའ་སྡེའི་གྲོང་གསེབ་ཅིག་གི་ཡུལ་མི་ཚོས་ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་ལ་བཤད་པ་ལྟར་ན། ༢༠༡༧་ལོར་ཆ་ཏི་སི་གྷར་མངའ་སྡེའི་གྲོང་གསེབ་པ་ཚོས་མའོ་ཤོག་ཁག་གི་གྱེན་ལོག་པ་ཚོར་དཔྱ་ཁྲལ་འཇལ་དགོས་བྱུང་སོང་། མའོ་ཤོག་ཁག་གི་གྱེན་ལོག་པ་ཚོར་དཔྱ་ཁྲལ་མ་སྤྲད་ན་རྡུང་རྡེག་དང་མནར་གཅོད་གཏོང་གི་འདུག གྱེན་ལོག་པ་ཚོར་དཔྱ་ཁྲལ་སྤྲད་ན་སྲིད་གཞུང་གིས་ང་ཚོ་གྱེན་ལོག་པའི་རྒྱབ་སྐྱོར་བ་རེད་ཅེས་ནག་ཉེས་འཛུགས་ཀྱི་འདུག གྱེན་ལོག་པ་དང་སྲིད་གཞུང་གི་བར་དུ་གྲོང་གསེབ་པ་ཚོས་དཀའ་ངལ་ཆེན་པོ་ཞིག་མྱོང་གི་འདུག་ཅེས་བཤད།།

༡༩༦༧་ལོར་རྒྱ་གར་གྱི་ཀ་ལི་ཀ་ཏ་གྲོང་ཁྱེར་ཕྱི་ལོགས་ཀྱི་ནག་སལ་བྷ་རི་གྲོང་གསེབ་ཏུ་རྒྱ་ནག་གི་འགོ་ཁྲིད་མའོ་ཙེ་ཏུང་གི་ལྟ་བའི་རྗེས་འབྲང་བ་དམར་ཤོག་གྱེན་ལོག་པ་ཚོས་སྲིད་གཞུང་ལ་གྱེན་ལོག་བྱས་ཤིང་། དེ་ནས་བཟུང་སྟེ་རྒྱ་གར་གྱི་དམར་ཤོག་གྱེན་ལོག་པ་ཚོས་རང་གི་སྒྲིག་འཛུགས་དེར་ནག་སལ་བྷ་རི་བ་ཞེས་མིང་བཏགས། འདས་པའི་དུས་རབས་ཕྱེད་ཀ་ལྷག་ལ་རྒྱ་གར་གྱི་དམར་ཤོག་ནག་གྱེན་ལོག་པ་ནག་སལ་བྷ་རི་བ་ཚོས་ས་ཁྱོན་ཆེན་པོ་ཞིག་དབང་དུ་བསྡུས། ནག་སལ་བྷ་རི་བ་གྱེན་ལོག་པ་ཚོས་ལས་ཀའི་གོ་སྐབས་འདྲ་མཉམ་དང་ས་ཞིང་བགོ་འགྲེམ་འདྲ་མཉམ། རང་བྱུང་ཐོན་སྐྱེད་ཀྱི་ཡོང་འབབ་རྣམས་མི་དམངས་ཀུན་ལ་བགོ་བཤའ་སྙོམས་པོ་ཞིག་རྒྱག་དགོས་ཞེས་དགོས་འདུན་བཏོན། རྒྱ་གར་གཞུང་གིས་ཆ་ཏི་སི་གྷར་མངའ་སྡེར་འཛུགས་སྐྲུན་དང་མི་མང་གི་འཚོ་བ་ཡར་རྒྱས་གཏོང་མ་ཐུབ་པར་གྱེན་ལོག་པ་རྣམས་རྩ་བ་ཚུགས་ཐུབ་པ་ཞིག་ཏུ་གྱུར། གྱེན་ལོག་པ་ཚོས་ས་གནས་དེའི་ཡུལ་སྐད་ཤེས་པ་དང་མི་དམངས་ཀྱི་འཚོ་བ་ཡར་རྒྱས་གཏོང་རྒྱུའི་ཁས་ལེན་བྱེད་ཀྱི་ཡོད་པར་མ་ཟད། སྐབས་འགར་གྲོང་གསེབ་པ་ཚོས་དགའ་མོས་ཐོག་ཏུ་གྱེན་ལོག་པ་ཚོར་རྒྱབ་སྐྱོར་བྱེད་པ། རྒྱ་གར་གྱི་གྱེན་ལོག་པ་རྣམས་ཤིང་ནགས་མཐུག་པོའི་ཁྲོད་དུ་སྐུང་ཡོད་པ་དང་སྒྲིག་འཛུགས་ཀྱི་གསང་རྒྱ་དམ་པོ། ཁོ་ཚོ་ལས་སླ་པོར་རྩད་གཅོད་བྱེད་མི་ཐུབ་པ་བཅས་ཀྱིས་རྒྱ་གར་གཞུང་གིས་དེ་ལ་འཐབ་རྒོལ་ནུས་པ་ཐོན་པ་ཞིག་བྱེད་དཀའ། ད་སྔ་ནག་སལ་བྷ་རི་བ་གྱེན་ལོག་པ་ཚོས་གཟའ་ཉི་མའི་གཏོར་རྒོལ་གྱི་ལན་ཁག་ལ་ངོས་ལེན་བྱས་མེད་པ་རེད།།

གཟའ་ཟླ་བའི་ཉིན་རྒྱ་གར་གྱི་ནང་སྲིད་བློན་ཆེན་ཨ་མཱི་ཏ་ཤཱས་འོས་འདེམས་ཀྱི་ལས་འགུལ་སྤེལ་རྒྱུ་མཚམས་བཞག་ནས་ཆ་ཏི་སི་གྷར་མངའ་སྡེར་གཟིགས་ཞིབ་ཏུ་ཕེབས། ཁོང་གིས་རྨས་མ་རྣམས་ལ་ཐུག་འཕྲད་དང་གཤིན་པོ་རྣམས་ལ་མྱ་ངན། རྒྱ་གར་གཞུང་གིས་གཏོར་རྒོལ་འདིར་ནམ་ཡང་བཟོད་སྒོམ་བྱེད་མི་ཐུབ་པ་དང་གྱེན་ལོག་པ་ཚོར་ཁྲག་ལན་ཁྲག་གིས་འཇལ་དགོས་པའི་རྒོལ་ལན་སློག་རྒྱུ་ཡིན་ཞེས་བསྒྲགས། བདེ་འཇགས་ཉམས་ཞིབ་པ་མུ་ཁར་ཇཱིས་སྲིད་བློན་མོ་དྷིའི་གཡས་ཤོག་སྲིད་གཞུང་གིས་གྱེན་ལོག་པའི་ཉེན་ཁར་བསྐྱར་ཞིབ་བྱ་དགོས་པ་ཞིག་ཏུ་གྱུར་སོང་། ཉེ་བའི་ལོ་ཤས་ཤིག་ནས་རྒྱ་གར་གྱི་མའོ་ཤོག་ཁག་གི་གྱེན་ལོག་པ་ཚོར་རྒྱབ་སྐྱོར་བ་དང་རྗེས་འབྲང་བ་ཇེ་མང་དུ་འགྲོ་བཞིན་འདུག ཏོག་དབྱིབས་ནད་དུག་ཁྱབ་གདལ་དུས་སུ་མའོ་ཤོག་ཁག་གི་དམར་ཤོག་གྱེན་ལོག་པའི་འགོ་ཁྲིད་ཚོས་རང་གི་རྗེས་འབྲང་བ་གསར་པ་བརྒྱ་ཕྲག་མང་པོ་བསྡུ་སྐོང་ཐུབ་པ། བུད་མེད་ཀྱང་གྱེན་ལོག་པའི་སྒྲིག་འཛུགས་ཁོངས་སུ་ཞུགས་ཀྱི་ཡོད་པའི་གསང་བའི་གནས་ཚུལ་རྣམས་འབྱོར་སོང་། ཏོག་དབྱིབས་ནད་དུག་གིས་རྒྱ་གར་གྱི་མངའ་སྡེ་ཁག་གི་གྱེན་ལོག་པ་རྣམས་མཉམ་འབྲེལ་བྱ་རྒྱུ་སྟབས་བདེ་རུ་ཕྱིན་འདུག་ཅེས་བཤད། ཆ་ཏི་སི་གྷར་མངའ་སྡེར་ཕ་ལམ་དང་གསེར་སོགས་གཏེར་ཁ་རྩ་ཆེན་གྱི་རིགས་༢༨་འཐོན་གྱི་ཡོད་པ། རྒྱ་གར་གྱི་རྡོ་སོལ་དང་ལྕགས་རྡོའི་ཐོན་སྐྱེད་བརྒྱ་ཆ་༡༦་ཆ་ཏི་སི་གྷར་མངའ་སྡེ་གཅིག་པུར་འཐོན་གྱི་ཡོད་པས་གྱེན་ལོག་པ་ཚོས་འཐབ་རྒོལ་བྱེད་ཀྱི་ཡོད་པར་རྒྱུ་མཚན་ཞིག་ཡོད་འདུག

XS
SM
MD
LG