ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིའི་སློབ་ཕྲུག་ཚོས་སྨན་ཁབ་བརྒྱབ་པའི་དཔང་ཡིག་རྫུན་མ་སྟོན་གྱི་ཡོད་པ།


༄༅།། ཕྱི་ཟླ་༨་པ་འདིར་ཨ་རི་རྒྱལ་ཡོངས་ཀྱི་སློབ་ཆེན་ཁག་གི་དབྱར་གི་གུང་སེང་རྫོགས་ཏེ་བསྐྱར་དུ་སློབ་གྲྭ་སྒོ་འབྱེད་པའི་དུས་ཚོད་ཡིན་ཞིང་། ན་ནིང་ལོ་ཧྲིལ་པོར་ཨ་རིའི་སློབ་ཕྲུག་ས་ཡ་མང་པོ་དངོས་སུ་སློབ་ཁང་ནང་དུ་འཛིན་གྲྭ་ཚོགས་མ་ཐུབ་པར་དྲྭ་ལམ་དུ་འཛིན་གྲྭ་ཚོགས། ད་ལོ་ཨ་རིའི་སློབ་ཆེན་༤༠༠་ལྷག་གི་སློབ་ཕྲུག་ཚོས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་པའི་དཔང་ཡིག་སྟོན་དགོས་པའི་ཆ་རྐྱེན་བཞག ཡིན་ནའང་སློབ་ཕྲུག་མང་དག་ཅིག་གིས་འགོག་ཁབ་མ་བརྒྱབ་པར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་པ་ཡིན་ཞེས་དཔང་ཡིག་རྫུན་མ་བསྟན། འགོག་ཁབ་མ་བརྒྱབ་པའི་སློབ་ཕྲུག་ཚོས་དགེ་སློབ་གཞན་ལ་ནད་དུག་བགོ་སྲིད་པའི་འཇིགས་སྣང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་ཕྱི་ཟླ་༨་པའི་ཚེས་༩་ཉིན་ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་བྱང་ཁེ་རོ་ལེ་ན་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཚོས་རང་མོས་ཀྱིས་འགོག་ཁབ་བརྒྱབ་པའི་དཔང་ཡིག་རྣམས་སློབ་གྲྭའི་འཛིན་སྐྱོང་ལས་སྣེ་ཚོར་སྟོན་རྒྱུ། འགོག་ཁབ་བརྒྱབ་པའི་དཔང་ཡིག་མི་སྟོན་པ་དང་འགོག་ཁབ་རྒྱག་འདོད་མེད་པའི་སློབ་ཕྲུག་ཚོས་བདུན་ཕྲག་རྟག་པར་བརྟག་དཔྱད་བྱས་ནས་ནད་རྟགས་མེད་པའི་ཡིག་ཆ་སྟོན་དགོས་པའི་ཐག་བཅད། ཕྱི་ཟླ་༨་པའི་ཚེས་༡༨་ཉིན་བྱང་ཁེ་རོ་ལེ་ན་སློབ་ཆེན་བསྐྱར་དུ་སྒོ་འབྱེད་ཀྱི་ཡོད་ཀྱང་དགེ་རྒན་ཚོས་སློབ་ཕྲུག་ཁག་ཅིག་གིས་འགོག་ཁབ་བརྒྱབ་པའི་དཔང་ཡིག་རྫུན་མ་ཉོས་ཡོད་པའི་གནས་ཚུལ་ཐོས་ཏེ་སེམས་ཁྲལ་ཆེན་པོ་བྱེད་དགོས་པ་ཞིག་ཏུ་གྱུར། འགོག་ཁབ་མ་བརྒྱབ་པའི་སློབ་ཕྲུག་ཚོས་དགེ་སློབ་ཀུན་ལ་ནད་དུག་བགོ་སྲིད་པའི་ཉེན་ཁ་ཤིན་ཏུ་ཆེ།།


བྱང་ཁེ་རོ་ལེ་ན་སློབ་ཆེན་སློབ་དཔོན་མཱེར་གྱིས་གསར་འགོད་པར་སློབ་ཕྲུག་ཚོས་ང་ལ་འགོག་ཁབ་བརྒྱབ་པའི་དཔང་ཡིག་རྫུན་མ་དྲྭ་ལམ་དུ་ཉོ་རྒྱུ་ཡིན་པ་ཤེས་སམ། སློབ་ཕྲུག་མང་དག་ཅིག་གིས་འགོག་ཁབ་བརྒྱབ་པའི་དཔང་ཡིག་རྫུན་མ་སློབ་ཆེན་ཁག་ལ་སྤྲོད་ཀྱི་ཡོད་པ་རེད་ཅེས་བཤད་བྱུང་། འདི་ནི་སེམས་ཁྲལ་བྱེད་དགོས་པ་ཞིག་རེད་ཅེས་བཤད། བྱང་ཁེ་རོ་ལེ་ན་སློབ་ཆེན་གྱི་མགྲིན་ཚབ་པ་ཞིག་གིས་སློབ་ཕྲུག་ཚོས་འགོག་ཁབ་བརྒྱབ་པའི་དཔང་ཡིག་རྫུན་མ་སློབ་གྲྭར་སྟོན་གྱི་ཡོད་པ་རྙེད་མ་སོང་ཟེར། གསར་འགོད་པས་སླར་ཡང་མགྲིན་ཚབ་པ་དེར་བྱང་ཁེ་རོ་ལེ་ན་སློབ་ཆེན་གྱིས་འགོག་ཁྱབ་བརྒྱབ་པའི་དཔང་ཡིག་ངོ་མ་དང་རྫུན་མ་གཉིས་དབྱེ་འབྱེད་ཇི་ལྟར་བྱེད་ཀྱི་ཡོད་ཅེས་དྲིས། མགྲིན་ཚབ་པ་དེར་ལན་གདབ་རྒྱུ་མེད་པ་དང་ཨ་རིའི་ས་གནས་གང་སར་འགོག་ཁབ་བརྒྱབ་པའི་དཔང་ཡིག་ལས་སླ་པོར་རྫུན་མ་བཟོ་བྱེད་ཐུབ། ཨ་རིའི་གཞུང་གིས་འགོག་ཁབ་བརྒྱབ་པའི་དཔང་ཡིག་རྫུན་བཟོ་དང་ཐམ་ཀ་རྫུན་བཟོ་བྱེད་མཁན་ཚོར་དཔུལ་སྒོར་གྱི་ཉེས་ཆད་དང་ལོ་ལྔ་ལ་བཙོན་འཇུག་གི་ཁྲིམས་ཐག་གཅོད་རྒྱུ་ཡིན་ཞེས་བསྒྲགས། འགོག་ཁབ་བརྒྱབ་པའི་དཔང་ཡིག་རྫུན་མ་བསྟན་ན་ཨ་རིའི་སློབ་ཆེན་ཁག་གི་ཁྲིམས་ལའང་འགལ་གྱི་ཡོད་པས་སློབ་གྲྭས་ཀྱང་སློབ་ཕྲུག་དེར་ཉེས་ཆད་གཅོད་ཆོག་པའི་དབང་ཚད་ཡོད་ཅིང་། ཟླ་བ་འདིར་ཨ་རིའི་སློབ་ཕྲུག་ས་ཡ་མང་པོ་སློབ་གྲྭར་ཕྱིར་ལོག་བྱས་ནས་སློབ་ཁང་དུ་འཛིན་གྲྭ་འཚོགས་རྒྱུ། སློབ་ཕྲུག་ཚོས་དགོས་ངེས་ཀྱི་ཡིག་ཆ་རྣམས་དྲྭ་ལམ་དུ་འབྲེལ་ཡོད་སློབ་ཆེན་ཁག་ལ་སྤྲོད་དགོས་པས་དྲྭ་ལམ་གྱི་ཡིག་ཆ་རྣམས་བདེན་རྫུན་ཅི་ཡིན་དབྱེ་བ་འབྱེད་རྒྱུ་ཨ་རིའི་སློབ་ཆེན་ཁག་གི་འཛིན་སྐྱོང་ལས་སྣེ་ཚོར་དཀའ་ངན་ཆེན་པོ་ཞིག་ཡིན་ཞིང་། མོན་ཊ་ན་མངའ་སྡེའི་སློབ་ཆེན་གྱི་ཨ་རིའི་ན་གཞོན་སྒྱུ་རྩལ་སློབ་གླིང་གི་སློབ་ཕྲུག་ཌི་ལཱན་ཌེན་ཞེས་པ་ཞིག་གིས་སློབ་ཆེན་ཁག་གིས་སློབ་ཕྲུག་ཚོར་འགོག་ཁབ་རྒྱག་དགོས་པའི་ཁྲིམས་བཅས་ཚེ། སློབ་ཕྲུག་ཚོས་དེ་ལ་ངོ་རྒོལ་བྱས་ནས་འགོག་ཁབ་བརྒྱབ་པའི་དཔང་ཡིག་རྫུན་མ་སྟོན་རྒྱུའི་གྲ་སྒྲིག་བྱེད་ཀྱི་འདུག ང་ནི་དེ་ལ་མོས་མཐུན་མེད། དེ་ཁྲིམས་འགལ་རེད་ཅེས་བཤད་འདུག

ཨ་རིའི་ཌི་ཡུཀ་དང་ཨི་ལི་ནོ་ཡེ་སི་མངའ་སྡེའི་སློབ་ཆེན། པེན་སིལ་ཝྭེ་ཎི་ཡ་དང་ནེའུ་མེཀ་སི་ཀོ ཁེ་ལི་ཧྥོར་ཎི་ཡ་སོགས་སློབ་ཆེན་༤༠༠་ལྷག་གིས་སློབ་ཕྲུག་ཚོ་སློབ་གྲྭར་ཕྱིར་ལོག་མ་བྱས་གོང་དེར་ངེས་པར་དུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་དགོས་ཞེས་བརྡ་བརྒྱབ། ཨ་རིའི་སློབ་ཆེན་ཁག་ཅིག་གིས་སློབ་ཕྲུག་ཚོས་དུས་ཚོད་འདི་འདྲ་ཞིག་གི་ནང་ཚུད་དུ་འགོག་ཁབ་བརྒྱབ་ཚར་དགོས་ཞེས་དུས་ཚོད་སྤྲད། འགོག་ཁབ་མི་འཕྲོད་པའི་སློབ་ཕྲུག་ཚོ་དང་ཆོས་ལུགས་དད་མོས་ཀྱི་གཞི་རྩའི་ཐོག་ཏུ་འགོག་ཁབ་རྒྱག་མི་ཆོག་པ་ཚོའི་སློབ་ཕྲུག་ཚོར་འགོག་ཁབ་རྒྱག་མི་དགོས་པའི་དམིགས་བསལ་སྟེར་རྒྱུ། ཌི་ཡུཀ་དང་ཁེ་ལི་ཧྥོར་ཎི་ཡ་སློབ་ཆེན་སོགས་ཀྱིས་ཆབ་སྲིད་ཀྱི་ལྟ་གྲུབ་ཐོག་ཏུ་འགོག་ཁབ་རྒྱག་གི་མིན་ཞེས་ལངས་ཕྱོགས་འཛིན་མཁན་ཚོར་སློབ་ཆེན་ཁག་གིས་ཉེས་ཆད་གཅོད་པའམ། ཡང་ན་སློབ་ཕྲུག་དེ་རྣམས་སློབ་ཆེན་དེ་དག་ལ་ཞུགས་མི་ཆོག་པའི་བཀག་སྡོམ་བྱེད་ཆོག པེན་སིལ་ཝྭེ་ཎི་ཡའི་སློབ་ཆེན་གྱི་ཁྲིམས་ལུགས་སློབ་གླིང་གི་སྨན་དཔྱད་ཀུན་སྤྱོད་དང་འཕྲོད་བསྟེན་སྲིད་ཇུས་ཀྱི་སློབ་དཔོན་ཧྥེལ་ཌི་མན་གྱིས་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཤུགས་ཆེར་སོང་སྟེ་ཀུན་ལ་བགོ་ཉེན་ཆེ། སློབ་ཕྲུག་ཁག་ཅིག་གིས་འགོག་ཁབ་བརྒྱབ་པའི་དཔང་ཡིག་རྫུན་མ་སྟོན་གྱི་འདུག་ཟེར་བར་བློ་འཚབ་ཆེ། འགོག་ཁབ་བརྒྱབ་པའི་དཔང་ཡིག་རྫུན་མ་བསྟན་པའི་སློབ་ཕྲུག་ཅི་ཙམ་ཡོད་མེད་བཤད་དཀའ། ནད་ཡམས་འདི་རྩ་འཇོམས་གཏོང་ཐུབ་རྒྱུ་ཁག་པོ་རེད། དེས་ན་འགོག་ཁབ་མ་བརྒྱབ་པར་དཔང་ཡིག་རྫུན་མ་བསྟན་པའི་སློབ་ཕྲུག་ཅི་ཙམ་ཡོད་མེད་ཤེས་རྟོགས་མ་ཐུབ་པར་ཉེན་ཁ་ཆེན་པོ་ཞིག་འཕྲད་སྲིད། ང་ཚོས་གཏན་ནས་བཤད་ཚོད་མི་ཐིག་ཅེས་བསྟན།།

ཨ་རིའི་ནད་རིགས་སྔོན་འགོག་དང་བཀག་སྡོམ་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ན་གཞོན་ཚོས་འགོག་ཁབ་རྒྱག་གི་མེད་པ་དང་ལོ་ན་༡༨་ནས་༢༥་བར་གྱི་ན་གཞོན་ཚོས་འགོག་ཁབ་རྒྱག་རྒྱུ་དེར་ཐེ་ཚོམ་འཛིན་གྱི་འདུག སློབ་དཔོན་ཧྥེལ་ཌི་མན་གྱིས་སློབ་ཆེན་ཁག་གིས་འགོག་ཁབ་ངེས་པར་དུ་རྒྱག་དགོས་པའི་ཁྲིམས་བཅས་ཚེ། ཨ་རིའི་ན་གཞོན་ཚོར་འགོག་ཁབ་རྒྱག་ཐུབ་པའི་ཕན་ཐོགས་ཡོད། སློབ་ཕྲུག་ཚོའི་གྲས་སུ་རང་གཞན་གཉིས་ཀར་བདེ་འཇགས་ཀྱི་ཁོར་ཡུག་ཅིག་བསྐྲུན་དགོས་པའི་ཀུན་སློང་འཆང་མཁན་མང་པོ་འདུག་ཅེས་བཤད། ཨ་རིའི་ཨིན་ཌི་ཡ་ན་སློབ་ཆེན་གྱིས་སློབ་ཕྲུག་ཚོས་འགོག་རྒྱག་དགོས་པའི་ཁྲིམས་བཅས་པར་སློབ་ཕྲུག་ཁག་ཅིག་གིས་ཁྲིམས་ཁང་ལ་གཏུགས་ནས་ཁ་མཆུ་དེ་ཆེས་མཐོའི་ཁྲིམས་ཁང་ལ་བསླེབས། བྱང་ཁེ་རོ་ལེ་ན་སློབ་གྲྭ་ཆེན་མོའི་སློབ་ཕྲུག་སེ་མོན་པལ་མོར་ཞེས་པ་ཞིག་གིས་ན་ནིང་ང་ཚོ་སློབ་ཁང་དུ་འཛིན་གྲྭ་ཚོགས་པ་རེད། སློབ་ཕྲུག་མང་དག་ཅིག་ལ་ནད་དུག་འགོས་པའི་རྗེས་སུ་དྲྭ་ལམ་དུ་འཛིན་གྲྭ་ཚོགས་དགོས་བྱུང་སོང་། སློབ་གྲྭའི་ངོས་ནས་ཀྱང་ནད་ཡམས་སྔོན་འགོག་གི་ལས་དོན་འཐུས་ཤོར་སོང་བ་མང་དག་ཅིག་ཡོད་པས་དེ་ལ་ལེགས་བཅོས་བྱ་དགོས་ཞེས་བཤད། ཕྱི་ཟླ་༩་པ་ནས་ཨ་རིའི་སློབ་ཆུང་དང་སློབ་འབྲིང་ཁག་གི་སློབ་ཕྲུག་རྣམས་ཀྱང་སློབ་ཁང་ནང་དུ་འཛིན་གྲྭ་འཚོགས་རྒྱུ། སློབ་ཆུང་དང་སློབ་འབྲིང་གི་སློབ་ཕྲུག་ཚོས་འཛིན་གྲྭའི་ནང་དུ་ཁ་རས་གྱོན་དགོས་པ་དང་མཐོ་འབྲིང་གི་སློབ་ཕྲུག་ཚོས་འགོག་ཁབ་རྒྱག་རྒྱུ། འགོག་ཁབ་མ་བརྒྱབ་པའི་སློབ་ཕྲུག་ཚོར་བདུན་ཕྲག་རྟག་པར་དཔྱད་སྤྱད་བྱ་རྒྱུ། སྔ་ལོ་ཨ་རིའི་རྒྱལ་ཡོངས་དགེ་རྒན་མཐུན་ཚོགས་ཀྱིས་སློབ་ཁང་ནང་དུ་འཛིན་གྲྭ་འཚོགས་ན་བདེ་འཇགས་མི་འདུག་ཅེས་འཛིན་གྲྭ་དངོས་སུ་མ་ཚོགས་ཀྱང་༢༠༢༡་ནས་དགེ་སློབ་ཚང་མས་འགོག་ཁབ་བརྒྱབ་སྟེ་འཛིན་གྲྭ་དངོས་སུ་ཚོགས་རྒྱུའི་ཐག་གཅོད་བྱས་འདུག

འཛམ་གླིང་རྒྱལ་ཁབ་གཞན་དང་མ་འདྲ་བར་ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྩེ་ཕུད་རྣམས་འབེལ་ལྷུག་ཡོད་ཀྱང་སློབ་ཕྲུག་ན་གཞོན་ཚོ་དང་གྲོང་གསེབ་ཁག་གི་ཆབ་སྲིད་ཀྱི་ལྟ་བ་མཁྲེགས་པོ་འཛིན་པ་ཚོས་འགོག་ཁབ་མ་བརྒྱབ་པར་ནད་ཡམས་མ་འཇོམས། ཁ་སང་ཕྱི་ཚེས་༨་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེང་སྐབས་ཨ་མི་རི་ཀའི་ཧྥུ་ལོ་རི་ཌ་མངའ་སྡེ་གཅིག་པུར་ཉིན་ལྟར་ནད་པ་གསར་པ་འབུམ་གཅིག་ཡས་མས་རེ་ཐོན། ནད་པ་གསར་པ་དང་འཆི་སྐྱོན་འབྱུང་གི་ཡོད་པ་བརྒྱ་ཆ་༩༧་ལྷག་འགོག་ཁབ་བརྒྱབ་མེད་པ་རྣམས་ཡིན་ཞིང་། ཕྱི་ཟླ་༦་པའི་ཟླ་མཇུག་ཏུ་ཨ་རི་རྒྱལ་ཡོངས་སུ་ཉིན་ལྟར་ཏོག་དབྱིབས་ནད་དུག་འགོས་པའི་མི་༡༡༠༠༠་ཡས་མས་ལས་མེད་ཀྱང་ད་ལྟ་ཉིན་ལྟར་ཨ་རི་རྒྱལ་ཡོངས་སུ་ནད་པ་གསར་པ་༡༠༧༠༠༠་ཡས་མས་རེ་ཐོན། བདུན་ཕྲག་གཉིས་ཀྱི་སྔོན་དེར་ཨ་རིའི་རྒྱལ་ཡོངས་སུ་ཉིན་ལྟར་མི་༢༧༠་ཡས་མས་རེར་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་ཕོག ད་ལྟ་ཉིན་ལྟར་ཨ་རི་རྒྱལ་ཡོངས་སུ་མི་༥༠༠་ཡས་མས་རེར་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་འཕོག་གི་འདུག་ཅེས་ཇཱོན་སི་ཧོབ་ཀིན་སི་སློབ་གྲྭ་ཆེན་མོའི་གཞི་གྲངས་སུ་བཀོད། ཨ་རིའི་ནད་རིགས་སྔོན་འགོག་དང་བཀག་སྡོམ་ལྟེ་གནས་ཁང་གིས་འགོག་ཁབ་བརྒྱབ་མེད་པའི་ཨ་རི་བ་ཚོས་འགོག་ཁབ་མ་བརྒྱབ་ན་ལོ་རྗེས་མའི་ཕྱི་ཟླ་དང་པོའི་མཚམས་སུ་ཨ་མི་རི་ཀར་སླར་ཡང་ཉིན་ལྟར་ནད་པ་འབུམ་འགའ་ཤས་འཐོན་རྒྱུའི་ཉེན་ཁ་འདུག་ཅེས་བསྟན། སྔོན་ཆད་འགོག་ཁབ་ལ་ངོ་རྒོལ་བྱས་པའི་མངའ་སྡེ་ཁག་གི་སྤྱི་མཐུན་ཚོགས་པའི་སྤྱི་ཁྱབ་ཚོས་མི་དམངས་ལ་འགོག་ཁབ་བརྒྱབ་སྟེ་ཁ་རས་གྱོན་དགོས། ཟླ་ཤས་གོང་དུ་སྨན་ཁབ་རྒྱག་དགོས་པ་དང་ཁ་རས་གྱོན་དགོས་པའི་ཁྲིམས་ལ་ངོ་རྒོལ་བྱས་པ་ནོར་འཁྲུལ་རེད་འདུག་ཅེས་ནན་སྐུལ་བྱེད་ཀྱི་ཡོད་པར་མ་ཟད། ནད་དུག་གིས་འཆི་སྐྱོན་འཕོག་གི་ཡོད་པའི་ནད་པ་ཚབས་ཆེན་ཚོས་ཀྱང་མ་ཤི་གོང་དུ་བརྙན་འཕྲིན་བརྒྱབ་སྟེ་མི་དམངས་ལ་སྨན་ཁབ་རྒྱག་དགོས། ཁྱོད་ཚོ་ང་ལྟར་མ་འགྱུར་བར་བྱ་དགོས་ཞེས་ཁ་ཆེམས་བཞག་ནས་འགོག་ཁབ་རྒྱག་གི་མེད་མཁན་ཚོར་འབོད་སྐུལ་ཞུ་བཞིན་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG