ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༧/༡༤

ཡུཀ་རེན་གྱི་དམག་འཁྲུག་དང་ཨ་རིའི་དམག་དོན་རོགས་རམ།


A giant Ukrainian flag is unfurled during an event for Ukrainian Independence Day in the historical Grand Place of Brussels
A giant Ukrainian flag is unfurled during an event for Ukrainian Independence Day in the historical Grand Place of Brussels

༄༅།། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་དམག་འཁྲུག་བསླངས་ནས་ཟླ་བ་༦་སོང་། ད་ཐེངས་ཀྱི་དམག་འཁྲུག་འདི་ནི་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཨུ་རུ་སུར་བྱུང་མྱོང་མེད་པའི་ཕམ་ཉེས་དང་ཆག་སྒོ་ཆེན་པོ་ཞིག་ཏུ་གྱུར། ཕྱི་ཟླ་༨་པའི་ཚེས་༢༤་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་གནས་ཚུལ་འབྱུང་ཁུངས་ཁག་ལུང་འདྲེན་བྱས་ནས་གསར་འགྱུར་སྤེལ་བ་ལྟར་ན། འདས་པའི་ཟླ་བ་༦་གི་རིང་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་མི་ཁྲི་ཚོ་༨་ཡས་མས་ཤིག་བསད། ཡུཀ་རེན་གྱི་དམག་མི་སྟོང་ཕྲག་༩་ལྷག་གི་ཚེ་སྲོག་ཤོར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨུ་རུ་སུས་བཙན་འཛུལ་བྱས་ནས་ཉུང་མཐར་ཡང་ཡུཀ་རེན་གྱི་ཞི་བའི་མི་མང་༥༥༨༧་ལ་སྲོག་སྐྱོན་དང་མི་༧༨༩༠་ལ་རྨས་སྐྱོན་ཕོག་འདུག་ཅེས་སྙན་ཐོ་བཏོན། ཡུཀ་རེན་གྱི་མི་མང་ས་ཡ་མང་པོ་འཛམ་གླིང་ཡུལ་གྲུ་གང་སར་བཙན་བྱོལ་དུ་བྲོས། ཡུཀ་རེན་གྱི་བྷུ་ཆ་དང་མ་རི་ཨུ་པུལ་གྲོང་ཁྱེར་གཉིས་ནི་མི་གསོད་ཁྲག་སྦྱོར་གྱི་འཁོར་བསྐོར་ཡུལ་ལྟར་དུ་གྱུར་པའི་པར་རིས་སོགས་དྲྭ་ལམ་དུ་ཁྱབ། ཨུ་རུ་སུ་རྒྱལ་སྤྱིའི་སྤྱི་ཚོགས་སུ་གྲོགས་མེད་ཁེར་རྐྱང་དུ་ལུས་ཏེ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་ཕོག སྔོན་ཆད་འཛམ་གླིང་ཧྲིལ་པོས་ཨུ་རུ་སུའི་དམག་དཔུང་ལ་འཇིགས་སྣང་བྱས་ཀྱང་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་དཔུང་ལ་ཕམ་ཉེས་ཆེན་པོ་བྱུང་ནས་ཀུན་གྱིས་འཕྱ་སྨོད་བྱ་ཡུལ་དུ་ཟད། ད་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཡི་རྗེས་སུ་ཨུ་རུ་སུ་ནི་ཕྱི་རྫིག་ནང་སྟོང་ཡིན་པ་ངོ་འཕྲོད། ཡིན་ནའང་ཕུ་ཊིན་གྱིས་ཨུ་རུ་སུའི་བཙན་རྒྱལ་སླར་གསོ་བྱེད་དགོས་པའི་ལྟ་སྤྱོད་དང་ཨུ་རུ་སུའི་མི་རིགས་རིང་ལུགས་པ་ཚོས་ཕུ་ཊིན་གྱི་བཙན་འཛུལ་དམག་འཁྲུག་དེར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་ངར་ཤུགས་ལ་སེར་ཀ་ཙམ་ཡང་གས་ཀྱི་མེད་པའི་གནས་ཚུལ་ཐོན། དེ་བཞིན་ཡུཀ་རེན་མི་དམངས་ཀྱིས་ཨུ་རུ་སུ་དགྲ་རུ་འཛིན་པའི་འདུ་ཤེས་དང་བཙན་འཛུལ་གྱི་སྙིང་ནད་རྣམས་མི་རབས་རེ་ཟུང་ལ་སངས་ཐུབ་རྒྱུ་ཁག་པོ་ཡིན་པའི་རྣམ་པ་ཞིག་ཐོན།།

ཨ་རིའི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཕྱིའི་གསར་འགྱུར་རྣམས་བཀག་པ་དང་རྒྱལ་ནང་གི་གསར་འགྱུར་ལས་ཁང་ཁག་ལ་ཞིབ་བཤེར། ཨུ་རུ་སུའི་མང་ཚོགས་ཀྱིས་རང་གི་དམག་དཔུང་ལ་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་རྨས་དང་ཇུས་ཉེས་ཚབས་ཆེན་འབྱུང་གི་ཡོད་པ་ཤེས་རྟོགས་མ་ཐུབ། མི་སུ་ཞིག་གིས་དྲང་བདེན་གྱི་གནས་ཚུལ་སྤེལ་ན་ཨུ་རུ་སུའི་གཞུང་གིས་མི་དེར་གསར་འགྱུར་རྫུན་མ་དང་དཀྲོག་གཏམ་སྤེལ་བའི་ནག་ཉེས་བཙུགས་ཏེ་ལོ་བཅོ་ལྔའི་བཙོན་འཇུག་གི་ཁྲིམས་ཐག་བཅད། ཨུ་རུ་སུའི་རང་བཙན་གྱི་ཚོགས་པ་ཞིག་གིས་ཞིབ་འཇུག་བྱས་ནས་མི་༡༦༣༨༠་ཐམ་པས་དམག་འཁྲུག་ལ་ངོ་རྒོལ་བྱས་པའམ། ཡང་ན་དམག་འཁྲུག་གི་གནས་ཚུལ་ངོ་མ་ཁྱབ་སྤེལ་བྱས་པའི་ནག་ཉེས་འོག་བཙོན་དུ་ཚུད། མི་༧༥་ལ་གསར་འགྱུར་རྫུན་མ་སྤེལ་བའི་ནག་ཉེས་ཐོག་ཏུ་ཁྲིམས་ཞིབ་བྱེད་ཀྱི་འདུག་ཅེས་གནས་ཚུལ་སྤེལ། ཡུཀ་རེན་གྱི་དམག་འཁྲུག་ནང་དུ་ཚེ་སྲོག་གི་འགྲོ་གྲོན་གཏོང་གི་ཡོད་པ་མང་ཆེ་བ་ནི་ཨུ་རུ་སུའི་མི་རིགས་དཀར་པོ་དང་འབྱོར་འབྲིང་གྲལ་རིམ་གྱི་བུ་རབས་ཚ་རྒྱུད་རྣམས་མིན་ཞིང་། ད་ལྟའི་བར་དུ་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོའི་མི་༡༡་དང་རྒྱལ་ས་རྙིང་པ་སན་ཊི་ཕི་ཊར་སི་བྷག་གྲོང་ཁྱེར་གྱི་མི་༣༤་ལས་ཡུཀ་རེན་གྱི་དམག་ས་ཁག་ཏུ་མ་ཤི། འོན་ཀྱང་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་རྨས་འབྱུང་གི་ཡོད་པ་ཕལ་མོ་ཆེ་ནི་ཨུ་རུ་སུའི་མཐའ་འཁོབ་ཀྱི་ས་གནས་ཁག་གི་མི་མང་དབུལ་ཕོངས་ཀྱི་བུ་རབས་ཚ་རྒྱུད་རྣམས་ཡིན་འདུག དཔེར་ན་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཤི་བའི་དམག་མི་མང་ཆེ་བ་ཌ་གྷེ་སི་ཐན་གྱི་ཁ་ཆེ་དང་བྷུ་རི་ཡ། ཐུ་བ་སོགས་ཧོར་རིགས་སུ་གཏོགས་པའི་ནང་པ་ཚོ་རེད་ཅེས་ཨུ་རུ་སུའི་མཱི་ཌི་ཡ་ཟོ་ན་ཞིབ་འཇུག་ཚོགས་པས་གནས་ཚུལས་སྤེལ།།

སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ད་ལྟ་ཟླ་བ་༦་གི་རྗེས་སུའང་ཨུ་རུ་སུ་དང་ཡུཀ་རེན་གྱིས་ཞི་བའི་གྲོས་མོལ་བྱས་ནས་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་རྟགས་མཚན་དབེན། ལྷག་པར་དུ་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་༢༠༡༤་ལོར་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཁེ་རེ་མཱི་ཡ་གླིང་ཟུར་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་མགོ་བརྩམས་པ་རེད། ད་ལྟ་ཁེ་རེ་མཱི་ཡ་ནས་ཨུ་རུ་སུའི་དམག་དཔུང་ཕྱིར་འཐེན་བྱས་ནས་ཨུ་རུ་སུ་དང་ཡུཀ་རེན་གྱི་དམག་འཁྲུག་འདི་མཇུག་བསྒྲིལ་དགོས་ཞེས་གཏམ་བཤད་མཁྲེགས་པོ་བྱས་འདུག དེར་བརྟེན་ཉམས་ཞིབ་པ་མང་པོ་ཞིག་གིས་ཕུ་ཊིན་གྱི་བཙན་འཛུལ་དམག་འཁྲུག་འདིར་ཨུ་རུ་སུའི་མི་དམངས་ཀྱིས་དུས་ཡུན་ཅི་ཙམ་ལ་རྒྱབ་སྐྱོར་བྱས་ནས་རྒྱུན་འཁྱོངས་བྱེད་ཐུབ་རྒྱུ་ཡིན་མིན། ཨུ་རུ་སུ་འཛམ་གླིང་སྤྱིའི་དཔལ་འབྱོར་དང་ཚོང་ལས་ལ་འབྲེལ་བ་མེད་པར་དུས་ཡུན་ཅི་ཙམ་ལ་འཚོ་གནས་ཐུབ་མིན། ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་སྟོང་ཕྲག་མང་པོ་ཨུ་རུ་སུ་ནས་ཕྱིར་འཐེན་བྱས་ཏེ་ཚོང་ལས་སྒོ་བརྒྱབ་པའི་གྱོང་གུད་ལ་ཕུ་ཊིན་གྱིས་གདོང་ལེན་བྱེད་ཐུབ་ཀྱི་ཡོད་མེད། ཨུ་རུ་སུའི་བཟོ་ལས་ཁག་ལ་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་འཕྲུལ་རིག་གི་མ་ལག་དང་འཕྲུལ་ཆས་ཀྱི་ལྷུ་ལག་རྣམས་མེད་པར་ཁུངས་འཁྱོལ་རྒྱུ་ཡིན་མིན། ཨ་མི་རི་ཀ་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་དུས་ཡུན་ཅི་ཙམ་ལ་དཔལ་འབྱོར་དང་མཚོན་ཆ་སོགས་ཀྱི་རོགས་རམ་སྤྲད་ནས་ཡུཀ་རེན་ལ་རྒྱབ་སྐྱོར་བྱེད་ཐུབ་རྒྱུ་ཡིན་མིན། དགུན་གྱི་གྲང་ངར་དུས་སུ་ཡུ་རོབ་རྒྱལ་ཁབ་ཁག་ལ་ཨུ་རུ་སུའི་རྡོ་སྣུམ་དང་རང་བྱུང་སོལ་རླངས་མེད་པར་འཁྱག་སྒོམ་བྱས་ནས་འཚོ་གནས་ཐུབ་རྒྱུ་ཡིན་བཅས་ལ་གྲོས་སྡུར་བྱེད་ཀྱི་ཡོད་པར་མ་ཟད། ད་སྔ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་སོགས་ཀྱིས་ཨུ་རུ་སུར་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་མེད་ཀྱང་ཉམས་ཞིབ་པ་ཕལ་ཆེ་བས་ཨུ་རུ་སུར་རང་ཁ་རང་གསོ་བྱེད་ཐུབ་པའི་རྨང་གཞིའི་མཐུན་རྐྱེན་ཁག་མི་འདུག་ཅེས་བསྟན།།

ཕྱི་ཟླ་༨་པའི་ཚེས་༢༣་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་མི་རི་ཀས་སླར་ཡང་ཡུཀ་རེན་ལ་ཨ་སྒོར་དུང་ཕྱུར་༣༠་ཐམ་པའི་དམག་དོན་རོགས་རམ་སྤྲོད་རྒྱུའི་ཐག་བཅད། ཨ་རིའི་རོགས་དངུལ་དེ་དག་གིས་ཁ་ལོ་བ་མེད་པའི་འཕུར་གྲུ་དང་མཚོན་ཆ། མ་འོངས་པའི་ལོ་ངོ་རེ་ཟུང་ལ་ཡུཀ་རེན་གྱི་དམག་ས་ཁག་ཏུ་མཁོ་བའི་མཚོན་ཆ་རྣམས་ཉོ་སྒྲུབ་བྱ་རྒྱུ། ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་རྒྱག་གི་ཡོད་པ་མཚམས་ཆད་ཀྱི་མེད་པས་ཨ་མི་རི་ཀས་ཀྱང་ཡུཀ་རེན་ལ་ཡུན་རིང་གི་རོགས་སྐྱོར་སྤྲོད་རྒྱུ། ད་དུང་ཨ་རིའི་དམག་དཔུང་རྣམས་ཡུ་རོབ་རྒྱལ་ཁབ་ཁག་གི་ས་ཐོག་ཏུ་ཡུན་རིང་འཇོག་རྒྱུའི་འཐབ་ཇུས་ཤིག་འཆར་འགོད་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། ཨ་རིའི་གཞུང་གིས་ཡུཀ་རེན་ལ་སྤྲད་པའི་རོགས་དངུལ་སྔོན་མ་རྣམས་སྨན་བཅོས་དང་བཙན་བྱོལ་བ་ཚོར་སྐྱོབ་གསོ་རོགས་རམ། ཡུཀ་རེན་གྱི་དམག་མིའི་ཟླ་ཕོགས་སོགས་ལ་འགྲོ་གྲོན་བཏང་ཡང་ཐེངས་འདིའི་ཨ་སྒོར་དུང་ཕྱུར་༣༠་ཐམ་པའི་རོགས་དངུལ་རྣམས་ཡུཀ་རེན་གྱི་དམག་དཔུང་ལ་སྦྱོང་བརྡར་དང་མཚོན་ཆ་མཁོ་སྒྲུབ། མ་མཐར་ཡང་འབྱུང་འགྱུར་གྱི་ལོ་གཉིས་ཡས་མས་ཤིག་ལ་ཨུ་རུ་སུར་ཁ་གཏད་གཅོག་ཐུབ་པའི་དམག་དོན་ཐོག་ཏུ་འགྲོ་གྲོན་གཏོང་རྒྱུ་ཡིན་འདུག ཟླ་བ་༦་གི་དམག་འཁྲུག་རྗེས་སུ་ཨུ་རུ་སུའི་དམག་དཔུང་གིས་ཡུཀ་རེན་རྒྱལ་ཡོངས་ལེན་ཐུབ་མེད་པ་ལྟར་ཡུཀ་རེན་གྱི་དམག་དཔུང་གིས་ཀྱང་རྒྱལ་ཁབ་དེའི་ཤར་ཕྱོགས་དང་ལྷོ་ཕྱོགས་ཀྱི་ས་གནས་ཁག་ནས་ཨུ་རུ་སུའི་དམག་དཔུང་མཐར་སྐྲོད་གཏོང་མ་ཐུབ། ཡུཀ་རེན་ལ་རྒྱབ་སྐྱོར་བྱ་རྒྱུ་ནི་ཨ་མི་རི་ཀ་དང་ཡུ་རོབ་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་འབྲེལ་བ་དམ་ཟབ་ཡོད་པས་ཡུ་རོབ་མཉམ་འབྲེལ་དང་ཨ་རི་སོགས་ཀྱིས་དུས་ནས་དུས་སུ་ཡུཀ་རེན་ལ་རྒྱབ་སྐྱོར་བྱེད་ཕྱོགས་ཀྱི་གྲོས་མོལ་ཚོགས་འདུ་འཚོགས་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཁ་སང་གཟའ་མིག་དམར་ཉིན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སི་ཊོལ་ཊེན་བྷག་གིས་དགུན་ཁ་སླེབས་ཀྱི་འདུག ང་ཚོས་དཀའ་ངལ་ཆེན་པོ་ཞིག་འཕྲད་རྒྱུ་ཡིན་པའང་ཤེས་ཡོད། ཕ་རོལ་པོས་ཡུཀ་རེན་སྟོབས་ཟད་ནུས་མེད་དུ་གཏོང་རྒྱུའི་འཐབ་ཇུས་ཤིག་འཛིན་གྱི་འདུག ཡུཀ་རེན་གྱི་དམག་འཁྲུག་འདི་སྙིང་སྟོབས་དང་འཐབ་ཇུས་ལ་འབྲེལ་བ་ཆེན་པོ་ཡོད། དེས་ན་ང་ཚོས་ངེས་པར་དུ་ཡུཀ་རེན་ལ་ཡུན་རིང་གི་རྒྱབ་སྐྱོར་བྱེད་རྒྱུའི་ལས་དོན་ཁག་རྒྱུན་འཁྱོངས་བྱ་དགོས། དེ་ནས་ཡུཀ་རེན་བདག་དབང་ལྡན་པ་དང་རང་བཙན་གྱི་རྒྱལ་ཁབ་ཅིག་ལ་གྱུར་ཏེ་རྒྱལ་ཁ་འཐོབ་ངེས་རེད་ཅེས་གཏམ་བཤད་བྱས་ཤིང་། ༢༠༢༡་ལོའི་ཕྱི་ཟླ་༨་པ་ཚུན་ཆད་ནས་ཨ་མི་རི་ཀའི་སྲིད་འཛིན་ཇཱོ་བྷ་ཌན་གྱི་གཞུང་གིས་ཡུཀ་རེན་ལ་སྔ་རྗེས་སུ་ཨ་སྒོར་དུང་ཕྱུར་༡༠༠་དང་བྱེ་བ་༦་དཔལ་འབྱོར་རོགས་རམ་སྤྲད། ལོ་ཕྱེད་ཀའི་དམག་འཁྲུག་རྗེས་སུ་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་དཔུང་འཇུག་བྱ་རྒྱུ་མཚམས་ཆད་ཀྱང་རྒྱང་སྙོབ་འཕུར་མདེལ་སོགས་ཀྱིས་གཏོར་རྒོལ་བྱ་རྒྱུ་མཚམས་མི་ཆད། རྒྱལ་ཁབ་དེའི་ཤར་ཕྱོགས་དང་ལྷོ་ཕྱོགས་ཀྱི་ས་གནས་ཁག་ཨུ་རུ་སུའི་དམག་གིས་བླངས་པ་རྣམས་བརྟན་པོར་འཛིན་ཐུབ་རྒྱུའི་ཐབས་སུ་འབད། ཡུཀ་རེན་གྱི་དམག་གིས་ཁེ་རེ་མཱི་ཡ་གླིང་ཟུར་དུ་ཆགས་པའི་ཨུ་རུ་སུའི་དམག་སྒར་ཁག་དང་གོ་མཛོད་ཁག་ལ་གཏོར་རྒོལ། ཡུཀ་རེན་གྱི་ཤར་ཕྱོགས་ས་གནས་ཁག་ཏུ་མཐུད་ཡོད་པའི་ཟམ་ཆེན་རྣམས་གཏོར་ནས་ཨུ་རུ་སུའི་དམག་དཔུང་ལ་མཚོན་ཆ་དང་མདེའུ། སྨན་དང་བཟའ་ཆས། རྒྱབ་གནོན་དམག་དཔུང་སོགས་སྐྱེལ་འདྲེན་མི་ཐུབ་པ། ཌོན་བྷ་སི་མངའ་ཁུལ་དང་ཡུཀ་རེན་གྱི་ལྷོ་ཕྱོགས་སུ་བཀྲམ་ཡོད་པའི་ཨུ་རུ་སུའི་དམག་དཔུང་རྣམས་ལྟག་ཆུ་ཆད་པའི་རྫིང་བུ་ལྟར་འགྱུར་དུ་འཇུག་རྒྱུའི་འཐབ་ཇུས་ཤིག་འཛིན་གྱི་ཡོད་པའི་གནས་ཚུལ་ཐོན། ཐོག་མར་༢༠༡༤་ལོར་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཁེ་རེ་མཱི་ཡ་གླིང་ཟུར་ཕྲོགས་ནས་བཟུང་། ཨ་མི་རི་ཀ་དང་དབྱིན་ཇི། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་གྱི་དམག་ལ་སྦྱོང་བརྡར་སྤྲད། ད་ལོའི་དམག་འཁྲུག་སྐབས་སུ་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་གྱི་དམག་ལ་སྦྱོང་བརྡར་སྤྲད་པར་གྲུབ་འབྲས་ཐོན་ནས་དཔའ་རྟགས་བཞག་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG