ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༥/༠༣

ཡུཀ་རེན་གྱི་ཕར་རྒོལ་འགོ་ཚུགས་པ་དང་ཨ་རིའི་དངངས་འཚབ། 


༄༅།། ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་ལོ་༡་དང་ཟླ་བ་༤་སོང་། ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་ཨ་སྒོར་དུང་ཕྱུར་མང་པོའི་མཚོན་ཆ་དང་དམག་དོན་རོགས་རམ་སྤྲད། ད་ལྟ་ཡུཀ་རེན་གྱིས་ཨུ་རུ་སུའི་བཙན་འཛུལ་དམག་ལ་ཕར་རྒོལ་བྱ་རྒྱུ་འགོ་ཚུགས། ཕྱི་ཟླ་༦་པའི་ཚེས་༡༤་ཉིན་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཡུཀ་རེན་གྱི་དཔུང་འཇུག་འདིར་རྒྱལ་ཁ་འཐོབ་རྒྱུ་ཡིན་མིན་ལ་ཨ་མི་རི་ཀ་དངངས་འཚབ་ལངས། ཡུ་རོབ་རྒྱལ་ཁབ་ཁག་གིས་ཡུཀ་རེན་གྱི་ས་ཆ་ཤོར ཟིན་པ་རྣམས་ཕྱིར་ལེན་ཐུབ་རྒྱུའི་རེ་ལྟོས་འཆང་གི་ཡོད་པའི་གནས་ཚུལ་ཐོན་འདུག ད་ལོ་གཅིག་པུར་ཡུཀ་རེན་ལ་ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་གི་དེང་རབས་ཅན་གྱི་མཚོན་ཆ་རོགས་རམ་ཧ་ཅང་མང་པོ་ཐོབ། ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཨོ་སི་ཊོན་གྱིས་མི་ཚང་མས་ཡུཀ་རེན་ལ་རྒྱལ་ཁ་འཐོབ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པ་ནི་རྒྱལ་ཁབ་དེའི་དམག་གི་ཕར་རྒོལ་ལ་གྲུབ་འབྲས་ཐོན་ཡོད་པའི་རྟགས་མཚན་རེད། འདི་ནི་དོན་དངོས་ལ་མཐུན་པའི་ལྟ་ཚུལ་ཞིག་རེད་ཅེས་བཤད་འདུག

ཡུཀ་རེན་གྱིས་ཕར་རྒོལ་དེའི་འཐབ་ཇུས་རྣམས་གསང་བ་བྱས་ནས་ཕྱི་རུ་སྒྲོགས་ཀྱི་མེད་པས་ཕར་རྒོལ་འདིའི་མཐར་ཐུག་གི་དམིགས་འབེན་ཅི་ཡིན་ཤེས་དཀའ། ཡིན་ནའང་ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་ལས་སྣེ་ཚོས་ཡུཀ་རེན་གྱི་དམག་ལ་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ལྕགས་ཁྲབ་འཁོར་ལོ་སྤྲད་པ་བཀོལ་སྤྱོད་དང་དམག་སྦྱོང་སྤྲད་པ་ལག་ལེན་བསྟར་ནས་ཡུཀ་རེན་གྱི་ལྷོ་ཕྱོགས་དང་ཤར་ཕྱོགས་ཀྱི་བར་མཚམས་གཅོད་པའམ། ཡང་ན་ཁེ་རེ་མཱི་ཡ་གླིང་ཟུར་དུ་བསྐྱོད་པའི་ས་ལམ་དང་མཚོ་ལམ་གཉིས་ལེན་རྒྱུའི་དམག་འཁྲུག་རྒྱག་སྲིད། གལ་སྲིད་ཡུཀ་རེན་གྱིས་དེ་ལྟར་སྒྲུབ་ཐུབ་ན་འཐབ་འཁྲུག་དེ་རྟིང་ཐག་མ་ཆོད་པར་ལུས་ཡོད་པར་འགྱུར་བ་ཐེབས་ཐུབ། ད་ལྟའི་ཡུཀ་རེན་གྱི་དམག་འཐབ་སྲིད་ཇུས་ལ་འགྱུར་བ་གཏོང་དགོས་ཞེས་གླེང་སློང་བྱེད་ཀྱི་ཡོད་པ་འཇམ་ཐུབ། ཨ་རིའི་གཞུང་གིས་ཡུཀ་རེན་ལ་རྒྱལ་ཁ་གང་འདྲ་ཞིག་ཐོབ་དགོས་མིན་བཤད་ཀྱི་མེད་ཀྱང་སྲིད་འཛིན་བྷ་ཌན་ལ་ཕྱོགས་གང་ཐད་ནས་གནད་འགག་ཅིག་ཏུ་གྱུར་ཡོད་པའི་གནས་ཚུལ་སྤེལ་འདུག

༢༠༢༤་ལོར་ཨ་མི་རི་ཀར་སྲིད་འཛིན་འོས་འདེམས་བྱེད་ཀྱི་ཡོད་པ་དང་བྷ་ཌན་ལ་ཡུཀ་རེན་གྱི་ཕར་རྒོལ་དེར་རྒྱལ་ཁ་ཆེན་པོ་ཐོབ་པའི་གྲུབ་འབྲས་ཤིག་་སྟོན་རྒྱུ་དགོས་པར་མ་ཟད། ཨ་མི་རི་ཀས་ཡུཀ་རེན་ལ་རྒྱབ་སྐྱོར་བྱས་ནས་རྒྱལ་སྤྱིའི་ཐོག་ཏུ་ཨ་རིའི་འགོ་ཁྲིད་ཀྱི་ནུས་སྟོབས་རྒྱས། ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀྱི་རྒྱབ་སྐྱོར་ཐོབ་པའི་ཕྱི་སྲིད་དང་ཨ་རིའི་དམག་གི་སྟོབས་ཤུགས་ཕྱི་ལ་རྒྱ་བསྐྱེད་ན་དགེ་མཚན་ཡོད་པ་སྟོན་དགོས་ཤིང་། ནུབ་ཆིངས་དང་མཐུན་གྲོགས་རྒྱལ་ཁབ་ཚང་མས་སྲིད་འཛིན་བྷ་ཌན་གྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པ་སྟེ། དབྱིན་ཇིའི་སྲིད་བློན་རི་ཤི་སུ་ནག་(Rishi Sunag)་གིས་ཨ་མི་རི་ཀའི་འགོ་ཁྲིད་ཀྱི་ནུས་པར་སུ་གཅིག་གིས་དོགས་སློང་བྱེད་དགོས་དོན་མེད་ཅེས་བསྟན། བྷ་ཌན་དང་སུ་ནག་སོགས་རྒྱལ་ཁབ་༥༠་ལྷག་གི་འགོ་ཁྲིད་ཚོས་ཡུཀ་རེན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ནི་དམངས་གཙོའི་མདུན་ལམ་དང་རྒྱལ་སྤྱིའི་ཁྲིམས་འཛིན་ལམ་ལུགས་སྲུང་སྐྱོབ། བཙན་དབང་རིང་ལུགས་ལ་འཐབ་རྒོལ་བྱེད་ཀྱི་ཡོད་པ་ཞིག་ཡིན་པས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཕམ་དུ་འཇུག་ཉན་པ་ཞིག་གཏན་ནས་མིན་པའི་གནས་ཚུལ་ཐོན་འདུག

ཝ་ཤིང་ཊོན་གྱི་ཡིག་ཟམ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། བདུན་ཕྲག་སྔོན་མར་དབྱིན་ཇིའི་སྲིད་བློན་རི་ཤི་སུ་ནག་གི་ལྷན་དུ་སྲིད་འཛིན་བྷ་ཌན་གྱིས་ངས་མི་ཚོར་ང་ཚོས་ཡུཀ་རེན་ལ་རྒྱབ་སྐྱོར་མ་བྱས་ན་ཅི་ཞིག་འབྱུང་རྒྱུ་རེད་། ཨུ་རུ་སུས་ཡུཀ་རེན་བླངས་པའི་རྗེས་སུ་མཚམས་འཇོག་གི་རེད་དམ་ཞེས་དྲིས་མྱོང་། ངས་བལྟས་ན་མཚམས་འཇོག་གི་མ་རེད། ཨུ་རུ་སུའི་ཟླ་གྲོགས་རྒྱ་ནག་གིས་ཀྱང་འཛམ་གླིང་དབང་དུ་བསྡུ་རྒྱུའི་ཧམ་སེམས་འཆང་ཡོད་པ་དང་ཡུཀ་རེན་གྱི་དམག་འཁྲུག་ལ་བལྟས་ནས་བསྡད་ཡོད་པ་རེད་ཅེས་ཉེན་བརྡ་བཏང་བ་ཡིན་ཟེར། ཡུཀ་རེན་གྱི་དམག་འཁྲུག་འདི་ཨུ་ཡུཀ་གཉིས་ཀྱི་དམག་འཁྲུག་ཅིག་མིན་པར་འཛམ་གླིང་ཞི་བདེ་དང་རྒྱལ་སྤྱིའི་ཁྲིམས། དམངས་གཙོའི་རང་དབང་ལམ་ལུགས་དང་སྲིད་དབང་སྒེར་གཅོད་ཀྱི་བཙན་དབང་རིང་ལུགས་ཀྱི་འཐབ་རྩོད་ཅིག་ཡིན་པ་ཤིན་ཏུ་གསལ། གལ་སྲིད་ཡུཀ་རེན་ལ་ཕམ་ཉེས་བྱུང་ནས་ཨུ་རུ་སུར་དམག་འཁྲུག་གི་རྒྱལ་ཁབ་ཐོབ་པའི་དབང་དུ་བཏང་ཚེ། རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ནས་ཨ་མི་རི་ཀ་མཚོ་འགག་ཕྱོགས་གཉིས་ཀྱི་འཐབ་འཁྲུག་ནང་དུ་ཚུད་རྒྱུ་ལྡོག་ཐབས་བྲལ།།

ཨ་མི་རི་ཀའི་རྒྱལ་ནང་དུ་མི་ཁག་ཅིག་གིས་སོ་སོའི་དཔལ་འབྱོར་ཡག་པོ་མེད་པའི་སྒང་དེར་ཡུཀ་རེན་ལ་ཨ་སྒོར་ཐེར་འབུམ་མང་པོ་རོགས་སྐྱོར་སྤྲོད་ཀྱི་ཡོད་པ་ཐལ་དྲགས་པ་རེད་ཅེས་སྐྱོན་བཙུགས། འགའ་ཤས་ཀྱིས་ཨ་མི་རི་ཀས་ཡུཀ་རེན་ལ་རྒྱང་སྙོབ་འཕུར་མདེལ་དང་འཐབ་འཛིང་གནམ་གྲུ་སྤྲོད་དགོས། ཡུཀ་རེན་ལ་དམག་དོན་རོགས་རམ་མྱུར་དུ་སྤྲོད་ཀྱི་མེད་པ་ནོར་འཁྲལ་རེད། ཁོ་ཚོར་རྒྱང་སྙོབ་འཕུར་མདེལ་དང་འཐབ་འཛིང་གནམ་གྲུ་མེད་པར་རྒྱལ་ཁ་འཐོབ་མི་ཐུབ་ཅེས་གཤེས། ཡུཀ་རེན་ལ་རོགས་སྐྱོར་སྟེར་རྒྱུ་མང་དྲགས་པ་དང་ཉུང་དྲགས་པ་ཅི་ཞིག་ཡིན་རུང་ཕར་རྒོལ་འདིར་ལམ་ལྷོངས་མ་བྱུང་ན་སྲིད་འཛིན་བྷ་ཌན་ལ་ཕྱོགས་གཉིས་ཀས་སྡིགས་མོ་བྱེད་ཆོག་པ་ཞིག་ཏུ་འགྱུར་ཡིན་འདུག དེ་བཞིན་ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གི་ནང་ཁུལ་དུའང་ཡུཀ་རེན་ལ་རྒྱབ་སྐྱོར་བྱ་རྒྱུ་ཐལ་དྲགས་ཀྱི་འདུག་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་ཅིང་། དེས་ན་ཡུ་རོབ་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་ས་ཆ་ཤོར་ཟིན་པ་བློས་བཏང་སྟེ་ཨུ་རུ་སུར་ཞི་བའི་གྲོས་མོལ་བྱ་དགོས་པའི་གནོན་ཤུག་སྤྲོད་རྒྱུ་ཤུགས་ཆེ་རུ་འགྲོ་སྲིད་པའི་གནས་ཚུལ་ཐོན་འདུག

ཡུཀ་རེན་གྱི་ལྐོག་ཟ་བཀག་སྡོམ་ཁང་གི་སྤྱི་ཁྱབ་འགན་འཛིན་ཌ་རི་ཡ་ཀ་ལི་ནུག་(Daria Kaleniuk)་གིས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཐུང་མོང་གི་དགོས་འདུན་ཅི་ཡིན་ངེས་པར་དུ་ཐག་གཅོད་བྱ་དགོས། ཡུཀ་རེན་ལ་ཅི་ཞིག་དགོས་པ་ནི་གསལ་པོ་ཡིན། ཡུཀ་རེན་གྱི་དགོས་འདུན་ནི་༢༠༡༤་ལོར་ཤོར་བའི་ས་ཆ་དང་༢༠༢༢་ལོར་ཤོར་བའི་ས་ཆ་ཚང་མ་ཕྱིར་ལེན། ཨུ་རུ་སུའི་བཙན་འཛུལ་དམག་མཐར་སྤྲོད་བཏང་སྟེ་ཡུཀ་རེན་གྱི་བདེ་འཇགས་ལ་གཏན་དུ་འགན་ལེན་འཐོབ་པར་ནུབ་ཆིངས་ཁོངས་སུ་འཇུག་དགོས། ཡུཀ་རེན་ནུབ་ཆིངས་ཁོངས་སུ་མ་བཅུག་ན་རྒྱལ་ཁབ་དེ་འཚོ་ཐུབ་པའི་གོ་སྐབས་ནམ་ཡང་འཐོབ་མི་སྲིད་ཅེས་འབོད་སྐུལ་ཞུས། ཟླ་བ་རྗེས་མར་ལི་ཐུ་ཝེ་ཎི་ཡའི་རྒྱལ་སར་ནུབ་ཆིངས་ཀྱི་ཚོགས་འདུ་ཚོགས། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་གྱི་བདག་དབང་དང་མངའ་ཁོངས་གོང་བུ་གཅིག་གྱུར་ལ་རྒྱབ་སྐྱོར། ཨུ་རུ་སུའི་བཙན་འཛུལ་ལ་ངོ་རྒོལ་བྱེད་ཀྱི་ཡོད་ཀྱང་ཡུཀ་རེན་ནུབ་ཆིངས་ཁོངས་སུ་འཇུག་རྒྱུ་ཡིན་མིན་དང་ནམ་འཇུག་རྒྱུ་ཡིན་མིན་བཅས་ལ་ལྟ་ཚུལ་ཐ་དད་ཡིན་འདུག

ཕྱི་ཟླ་༦་པའི་ཚེས་༡༣་ཉིན་ནེའུ་ཡོཀ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། བདུན་ཕྲག་སྔོན་མ་ནས་འགོ་བཙུགས་པའི་ཡུཀ་རེན་གྱི་ཕར་རྒོལ་ལ་གྲུབ་འབྲས་འཐོན་རྒྱུ་ཡིན་མིན་དང་ཨུ་རུ་སུར་འགོག་རྒོལ་གྱི་སྟོབས་ཤུགས་ཅི་ཡོད། ཡུཀ་རེན་གྱིས་གང་དུ་གཏོར་རྒོལ་ཤུགས་ཆེ་བ་བྱ་རྒྱུ་དང་ཨུ་རུ་སུའི་འགོག་ར་རྣམས་ཅི་ཙམ་བརྟན་མིན། ཌོན་བྷ་སི་མངའ་ཁུལ་ནས་ཁེ་རེ་མཱི་ཡ་གླིང་ཟུར་བར་དུ་ཨུ་རུ་སུར་ས་ཐོག་ནས་སྐྱེལ་འདྲེན་གྱི་རྒྱ་ལམ་མཐུད་ཡོད་པ་བར་མཚམས་གཅོད་ཐུབ་རྒྱུ་ཡིན་མིན་སོགས་འཕྲལ་དུ་བཤད་ཐུབ་པ་ཞིག་མིན་མོད། འོན་ཀྱང་ཡུཀ་རེན་བ་ཚོས་རང་ལ་ཕམ་ཉེས་འབྱུང་དུ་འཇུག་རྒྱུ་མིན་པ་དང་ཁོ་ཚོའི་རྒྱལ་ཁབ་དེ་ཨུ་རུ་སུའི་མངའ་འོག་ཏུ་བསྡུ་རུ་མི་འཇུག་པ། རྒྱལ་ས་ཀིབ་ཏུ་མོ་སི་ཀོར་བློ་ཁ་ཕྱོགས་པ་དང་ཡུཀ་རེན་ཨུ་རུ་སུའི་མངའ་སྡེ་ལྟ་བུ་ཞིག་ལ་འགྱུར་དུ་འཇུག་སྲིད་དོགས་མེད། ཡུཀ་རེན་གྱི་བདེ་འཇགས་ལ་འགན་ལེན་བྱེད་ཐུབ་པའི་ཐབས་ལམ་འབའ་ཞིག་ནི་ནུབ་ཆིངས་ཁོངས་སུ་འཇུག་རྒྱུ་དེ་རེད། ཡུཀ་རེན་ནུབ་ཆིངས་ཁོངས་སུ་བཅུག་ན་ཕུ་ཊིན་གྱིས་དམག་དོན་སྒྲིག་འཛུགས་དེར་ཉམས་ཚོད་ལེན་པར་དམག་རྒྱག་མི་ཕོད་ཅེས་གནས་ཚུལ་སྤེལ་འདུག

ཕྱི་ཟླ་༦་པའི་ཚེས་༡༣་ཉིན་ཨ་རིའི་ཞི་བདེ་ཞིབ་འཇུག་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྔོན་ཆད་ཡུཀ་རེན་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་པ་ཟུར་པ་ཝི་ལིམ་ཊེ་ལར་(William Taylor)་གྱིས་ང་ལ་ཡུཀ་རེན་གྱི་དམག་སར་བསྐྱོད་པའི་དམག་མི་ཞིག་གིས་ཝཱ་ཚཱབ་བརྒྱུད་ནས་ཁ་པར་བཏང་བྱུང་། ཁོ་པས་ང་ཚོར་དམག་ས་ནས་ཨུ་རུ་སུའི་དམག་མི་རྣམས་རྒྱང་ཐག་མི་ཊར་༦༠༠་ཐམ་པར་ཕར་འདེད་བྱོས་ཞེས་བཀའ་ཕབ་སོང་། ཨུ་རུ་སུའི་དམག་མི་རྣམས་བྲོས་ཏེ་འགོག་རྒོལ་དྲག་པོ་ཞིག་བྱས་མ་བྱུང་། ང་ཚོས་སྤྱི་ལེ་༦་ལ་ཕར་འདེད་བྱས་པ་ཡིན་ཟེར་བྱུང་། ང་ཚོས་རྒྱུ་མཚན་གཉིས་པ་ཞིག་གི་ཐོག་ནས་བལྟས་ན་ཡུཀ་རེན་མི་དམངས་ཀྱིས་ཨུ་རུ་སུར་འཐབ་རྒོལ་བྱ་རྒྱུ་དང་ཨུ་རུ་སུའི་དབང་བསྒྱུར་འོག་ཏུ་སྡོད་འདོད་མེད་པ་ནི་སྔ་ལོ་ལས་ཀྱང་སེམས་ཐག་གཙང་བཅད་ཡིན་པ་ར་འཕྲོད། རྒྱུ་མཚན་གསུམ་པ་དེར་ལོ་གཅིག་ལྷག་གི་དམག་འཁྲུག་ནང་དུ་ཡུཀ་རེན་བ་ཚོར་ཨུ་རུ་སུའི་ཤུགས་རྐྱེན་ཤུལ་མེད་གཏོང་རྒྱུའི་ཡོངས་ཁྱབ་ཀྱི་འདུ་ཤེས་ཤིག་སྐྱེས་ཡོད་པའི་རྩོམ་ཡིག་བྲིས་འདུག

XS
SM
MD
LG