ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་གར་གྱི་མི་འབོར་འཕེལ་ཡང་འབྲས་ལྗོངས་ཀྱི་མི་འབོར་ཇེ་ཉུང་། 


༄༅།། ༢༠༢༢་ཀྱི་ལོ་མཇུག་དེར་རྒྱ་གར་གྱི་མི་འབོར་དུང་ཕྱུར་༡༤་དང་བྱེ་བ་༢་ཟིན་གྲབས་ཡོད་ཅིང་། ད་ལྟ་རྒྱ་གར་གྱི་མི་འབོར་ནི་རྒྱ་ནག་ལས་བརྒལ་ཏེ་འཛམ་གླིང་གི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་དེར་གྱུར་ཡོད་སྲིད། སྲིད་བློན་མོ་དྷིའི་གཞུང་གིས་མི་དམངས་ལ་ལས་ཀ་གསར་པ་བཀོད་སྒྲིག་དང་རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་རྒྱུན་འཁྱོངས་ཇི་ལྟར་བྱེད་དགོས་མིན་བསམ་ཞིབ་གཟབ་ནན་བྱ་དགོས་པའི་དུས་སུ་བསླེབས། ཡིན་ནའང་འབྲས་ལྗོངས་ཀྱི་མི་འབོར་འཕེལ་རྒྱས་འགྲོ་མ་ཐུབ་པར་དཀའ་ངལ་འཕྲད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་དང་པོའི་ཚེས་༡༩་ཉིན་རྒྱ་གར་གྱི་ཡིད་ཆེས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འབྲས་ལྗོངས་མངའ་སྡེ་ཧྲིལ་པོར་མི་གྲངས་འབུམ་༧་ལྷག་ལས་མེད་པ་དང་མངའ་སྡེ་དེ་རྒྱ་གར་རྒྱལ་ཡོངས་ཀྱི་ཕྲུ་གུ་སྐྱེ་འཕེལ་དམའ་ཤོས་དེ་ཡིན་ཞིང་། འབྲས་ལྗོངས་ཀྱི་ས་སྐྱེས་རྡོ་སྐྱེས་ཀྱི་ཡུལ་མི་ཚོའི་ངོ་བོ་བརླག་ཉེན་ཆེ། མངའ་སྡེ་གཞུང་གི་འགོ་ཁྲིད་ཚོས་མི་མང་ལ་ཕྲུ་གུ་མང་ཙམ་སྐྱེ་དགོས། ད་ནས་ཁྱིམ་ཚང་རེར་ཕྲུ་གུ་༣་རེ་སྐྱེ་ཐབས་བྱ་དགོས་པའི་ནན་སྐུལ་བྱེད་བཞིན་པའི་གནས་ཚུལ་ཐོན་འདུག

འདས་པའི་ལོ་མང་རིང་འབྲས་ལྗོངས་མངའ་སྡེ་གཞུང་གིས་མི་མང་ལ་ཕྲུ་གུ་གཉིས་ལས་མ་སྐྱེས་ཞེས་ཕ་མ་ཚོར་བཀག་འགོག་བྱས་ནས་མི་འབོར་མ་འཕེལ། འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་དྲུང་ཆེ་ཤན་ཀར་ཌེའོ་དྷ་ཀལ་གྱིས་མངའ་སྡེ་དེའི་ས་སྐྱེས་རྡོ་སྐྱེས་ཀྱི་ཡུལ་མི་རྣམས་རྩ་སྟོང་འགྲོ་སྲིད་པ་དང་རྩ་སྟོང་ཕྱིན་ན་མི་རིགས་དེའི་རིག་གཞུང་ཀྱང་བརླག་པར་འགྱུར། དེ་ནི་གྱོང་གུད་ཆེན་པོ་ཞིག་རེད་ཅེས་བསྟན། འབྲས་ལྗོངས་ཀྱི་མི་འབོར་བརྒྱ་ཆ་༨༠་ཡས་མས་ཤིག་མངའ་སྡེ་དེའི་ས་སྐྱེས་རྡོ་སྐྱེས་ཀྱི་མི་མང་ཡིན་རུང་རིམ་གྱིས་མི་འབོར་འཕེལ་རྒྱས་ཉམས། ཉེ་ཆར་འབྲས་ལྗོངས་མངའ་སྡེ་གཞུང་གིས་ཕྲུ་གུ་སྐྱེས་པའི་ཨ་མ་ཚོར་ལོ་གཅིག་གི་ཕོགས་ཡོད་གུང་སེང་སྤྲོད་རྒྱུ་དང་སྐྱེས་པ་ཚོར་ཟླ་བ་གཅིག་གི་རིང་ཆུང་མར་ཕྲུ་གུ་སྐྱེས་པའི་སྐབས་སུ་ལྟ་སྐྱོང་གི་ཕོགས་ཡོད་གུང་སེང་སྤྲོད་རྒྱུ། བུད་མེད་གང་ཞིག་ལ་མངལ་དུ་ཐིག་ལེ་བཏབ་ནས་ཕྲུ་གུ་སྐྱེ་ཐབས་བྱེད་འདོད་ཡོད་ན་མངའ་སྡེ་གཞུང་གིས་དཔལ་འབྱོར་རོགས་རམ་སྤྲོད་རྒྱུའི་ཐག་བཅད། འབྲས་ལྗོངས་སུ་བོད་པ་དང་བོད་པའི་རིགས་སུ་གཏོགས་པ། བོད་པ་དང་འབར་མའི་མི་རིགས་འདྲེས་མ། བལ་པོ་དང་འབྲས་ལྗོངས་པ་འདྲེས་མ་སོགས་ཚོ་ཤོག་༡༢་ཡོད་འདུག

རྒྱ་གར་གྱི་ཡིད་ཆེས་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། འབྲས་ལྗོངས་ཀྱི་སྤྱི་ཁྱབ་བློན་ཆེན་པ་རེམ་སིང་ཏ་མང་གིས་ང་ཚོས་མི་འབོར་ཉུང་དུ་འགྲོ་བཞིན་པ་ངེས་པར་དུ་འགོག་དགོས་ཀྱི་འདུག བུད་མེད་ཚོར་དགོས་ངེས་ཀྱི་ཁེ་ཕན་སྤྲད་ནས་ཕྲུ་གུ་སྐྱེ་རྒྱུ་མང་དུ་གཏོང་དགོས། འབྲས་ལྗོངས་མངའ་སྡེ་གཞུང་གི་ལས་བྱེད་པ་བུད་མེད་ཚོར་ལོ་གཅིག་གི་སྐྱེད་སྲིང་ཕོགས་ཡོད་གུང་སེང་དང་ཁྱོ་ག་ཚོར་ཟླ་བ་གཅིག་གི་སྐྱེད་སྲིང་ཕོག་ཡོད་གུང་སེང་སྤྲོད་རྒྱུའི་ཐག་གཅོད་བྱས་ཡོད་པར་མ་ཟད། བུད་མེད་ལས་བྱེད་པ་ཚོར་ཕྲུ་གུ་གཉིས་སྐྱེས་ན་གློ་ཕོགས་ཐེངས་གཅིག་སྤར་རྒྱུ་དང་ཕྲུ་གུ་གསུམ་སྐྱེས་ན་གླ་ཕོགས་ཐེངས་གཉིས་སྤར་རྒྱུ་ཡིན། ཉེ་བའི་ལོ་ཤས་ཤིག་ནས་འབྲས་ལྗོངས་ཀྱི་ས་སྐྱེས་རྡོ་སྐྱེས་ཀྱི་ཡུལ་མིའི་རིགས་ཀྱི་བུད་མེད་ཚོར་ཕྲུ་གུ་གཅིག་ལས་སྐྱེ་ཡི་མེད་པས་མི་འབོར་ཧ་ཅང་ཉུང་དུ་འགྲོ་བཞིན་འདུག ཕྲུ་གུ་གཅིག་ལས་མེད་པའི་བུད་མེད་ཚོར་གཞུང་གི་ཁེ་ཕན་རྣམས་སྤྲོད་རྒྱུ་མིན། ཕྲུ་གུ་མང་པོ་སྐྱེས་པའི་བུད་མེད་མི་མང་དཀྱུས་མ་ཚོ་ལའང་མངའ་སྡེ་གཞུང་གིས་རོགས་དངུལ་སྤྲོད་འཆར་ཡོད། ད་སྔ་འབྲས་ལྗོངས་མངའ་སྡེ་ནང་དུ་བུད་མེད་༣༨་ཀྱི་མངལ་ལ་ཐིག་ལེ་བཏབ། བུད་མེད་ཁག་ཅིག་ལ་ཕྲུ་གུ་སྐྱེས་ནས་ཨ་མར་གྱུར་ཡོད་ཅེས་བསྒྲགས།།

འབྲས་ལྗོངས་མངའ་སྡེ་གཞུང་གིས་སྨན་ཁང་ཁག་ཏུ་བུད་མེད་ཀྱི་མངལ་དུ་ཐིག་ལེ་གདབ་འཛུགས་སྡེ་ཚན་ལོགས་སུ་བཙུགས་ཏེ་བུད་མེད་ཁྱོ་ག་མེད་པའམ། ཡང་ན་ཕྲུ་གུ་རང་བཞིན་གྱིས་ཆགས་ཀྱི་མེད་པ་ཚོའི་མངལ་དུ་ཐིག་ལེ་བཏབ་སྟེ་ཕྲུ་གུ་སྐྱེ་ཐུབ་པའི་མཐུན་རྐྱེན་བསྐྲུན། ད་དུང་བུད་མེད་རེར་ཧིན་སྒོར་འབུམ་༣་རེ་རོགས་དངུལ་སྤྲོད་རྒྱུའི་འཆར་འགོད་བྱས་འདུག འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལས་ཐོག་རྟ་མང་གིས་མངའ་སྡེའི་སྲིད་གཞུང་སྔོན་མས་ཁྱིམ་ཚང་ཆུང་དུ་བཏང་སྟེ་བཟའ་ཚོ་རེར་ཕྲུ་གུ་གཅིག་ལས་སྐྱེས་མི་དགོས་པ་བྱོས་ཞེས་བཙན་ཤེད་ཀྱི་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་འབྲས་ལྗོངས་མངའ་སྡེའི་མི་འབོར་འཕེལ་རྒྱས་འགྲོ་མ་ཐུབ་པ་རེད། ད་ལྟའི་འབྲས་ལྗོངས་མངའ་སྡེ་གཞུང་གིས་སྲིད་ཇུས་དེའི་ལྡོག་ཕྱོགས་ཤིག་ལག་ལེན་བསྟར་རྒྱུ་ཡིན། ང་ཚོས་ས་གནས་མི་མང་ལ་ཕྲུ་གུ་གསུམ་རེ་སྐྱེ་དགོས་པའི་སྐུལ་ལྕག་བཏང་སྟེ་ཁྱིམ་ཚང་ཆེ་རུ་གཏོང་འཆར་ཡོད་ཅེས་གནས་ཚུལ་སྤེལ། རྒྱ་གར་གྱི་དབུས་འོས་བསྡུ་ལྷན་ཁང་གི་འགན་འཛིན་ཟུར་པ་ཀུ་རེ་ཤཱིས་མི་འབོར་དང་གཏམ་རྒྱུད། ཁ་ཆེའི་ཆོས་ལུགས་དང་འཆར་ལྡན་བུ་སྐྱེས། རྒྱ་གར་གྱི་སྲིད་ཇུས་ཞེས་ཁ་བྱང་དུ་བཀོད་པའི་དེབ་ཅིག་བྲིས་ཡོད་པ་དེའི་ནང་དུ་རྒྱ་གར་རྒྱལ་ཡོངས་ཀྱི་མི་འབོར་འཕེལ་རྒྱས་འགག་སྲིད་པའི་ཉེན་ཁ་འདུག་ཅེས་འཁོད།།

ཕྱི་ཟླ་དང་པོའི་ཚེས་༡༩་ཉིན་ཨི་སི་ཊི་མོ་ཇཱོ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འབྲས་ལྗོངས་ཀྱི་སྤྱི་ཁྱབ་བློན་ཆེན་གྱིས་རྒྱལ་ས་སྒང་ཐོག་ཏུ་ཕྲུ་གུ་ཞིག་སྐྱེས་ནས་ལོ་གཅིག་སོན་པའི་རྗེས་སུའང་ཕ་མ་ཚོས་ཕྲུ་གུར་ལྟ་རྟོག་བྱ་དགོས་པ་དེ་ལ་མངའ་སྡེ་གཞུང་གིས་བསམ་ཞིབ་བྱས་མི་འདུག མངའ་སྡེའི་གཞུང་གི་ལས་བྱེད་པ་ཚོའི་ཕྲུ་གུ་ལོ་གཅིག་སོན་པ་ཐམས་ཅད་ཀྱི་ཁྱིམ་དུ་ཕྲུ་གུ་ལྟ་མཁན་མ་མ་རེ་གཏོང་རྒྱུ་ཡིན། མ་མའི་ལས་ཀར་ཞུགས་མཁན་རྣམས་མངའ་སྡེའི་གཞུང་གི་ལས་ཀར་ཞུགས་མི་ཐུབ་པ་སྟེ། ལོ་༤༠་ཡན་ཆད་དང་ཡུགས་མོ། དཔལ་འབྱོར་གྱི་གནས་སྟངས་ཞན་པའི་ཁྱིམ་ཚང་ཁག་གི་བུད་མེད་རྣམས་ཡིན་དགོས། བུ་རྫི་མ་མ་དེ་ཚོར་ཟླ་བ་རེར་ཧིན་སྒོར་ཁྲི་ཚོ་༡་རེའི་ཟླ་ཕོགས་ཡོད། སྔོན་ཆད་འབྲས་ལྗོངས་མངའ་སྡེའི་གཞུང་ནས་གཞུང་གི་ལས་ཁུངས་ཁག་ཏུ་བུ་བཅོལ་ཁང་འཛུགས་རྒྱུའི་འཆར་འགོད་བྱས་ཀྱང་དེ་ནི་ལག་ལེན་བསྟར་ཐུབ་པ་ཞིག་མ་རེད། བུད་མེད་གང་ཞིག་ལ་རང་གི་མངལ་དུ་ཐིག་ལེ་བཏབ་ནས་ཕྲུ་གུ་སྐྱེ་འདོད་ཡོད་ན་དེའི་སྨན་བཅོས་ཀྱི་འགྲོ་གྲོན་ཚང་མ་མངའ་སྡེ་གཞུང་གིས་གཏོང་ཆོག་ཅེས་གསལ་བསྒྲགས་སྤེལ། རྒྱ་གར་གྱི་རྒྱལ་ཡོངས་མི་འབོར་འཕེལ་རྒྱས་ཞིབ་འཇུག་ཁང་གིས་༢༠༡༩་ནས་༢༠༢༡་བར་དུ་འབྲས་ལྗོངས་ཀྱི་མི་འབོར་བརྒྱ་ཆ་༡.༡་མ་གཏོགས་འཕར་མི་འདུག འདི་ནི་རྒྱ་གར་རྒྱལ་ཡོངས་ཀྱི་མངའ་སྡེ་ཁག་གི་གྲས་སུ་མི་འབོར་འཕེལ་རྒྱས་ཆེས་ཉུང་ཤོས་ཀྱི་མངའ་སྡེ་དེ་རེད་ཅེས་སྙན་ཐོ་བཏོན་འདུག

XS
SM
MD
LG