ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༣/༠༢/༠༦

རྒྱ་ནག་ནང་འཕྲོད་བསྟེན་གྱི་དཀའ་ངལ་དང་མི་ཚོའི་བློ་འཚབ་ཇེ་ཆེར།


དེང་སྐབས་རྒྱ་ནག་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་མཁན་དང་ནད་དུག་གི་རྐྱེན་པས་འདས་གྲོངས་སུ་ཕྱིན་མཁན་གྱི་མི་འབོར་ཇེ་མང་ཕྱིན་ཡོད་ལ། ལྷག་པར་དུ་པེ་ཅིང་དང་ཧྲང་ཧའེ། ཁྲུང་ཆིང་སོགས་གྲོང་ཁྱེར་ཆེ་ཁག་གི་སྨན་ཁང་ཚོའི་ནང་འགོག་སྨན་བཞེས་མེད་མཁན་གྱི་རྒན་ཁོག་མང་པོ་འཚང་ཁ་བརྒྱབ་སྟེ། རྒྱ་ནག་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་མ་ལག་ལ་གནོན་ཤུགས་ཆེན་པོ་འཕྲད་བཞིན་ཡོད་པ་རེད།

རྒྱ་ནག་གཞུང་གིས་རིང་མིན་སྤྱི་ཟླ་དང་པོའི་ཚེས་༨ ཉིན་ནས་བཟུང་རྒྱལ་སྤྱིའི་འགྲུལ་པ་ཚོ་ལ་ཟུར་བཀག་བྱེད་མི་དགོས་པའི་གསལ་བསྒྲགས་བྱས་ཡོད་ཅིང་། དེ་བཞིན་ཧོང་ཀོང་གཞུང་གིས་ཀྱང་གཟའ་ལྷག་པའི་ཉིན་ནད་དུག་འགོག་སྲུང་གི་སྲིད་ཇུས་ཡོད་ཚད་ཕྱིར་བསྡུ་བྱ་རྒྱུ་ཡིན་པར་བརྗོད་འདུག ད་ལྟ་ནང་རྒྱ་ནག་ནང་ཉི་ཧོང་དང་ཐའེ་ལན་ཌི། ལྷོ་ཀོ་རི་ཡ་སོགས་རྒྱལ་ཁབ་གཞན་གྱི་ནང་ཡུལ་སྐོར་འགྲོ་བསམ་མཁན་ཇེ་མང་ཕྱིན་ཡོད་ཀྱང་། རྒྱལ་སྤྱིའི་འགྲུལ་སྐྱོད་རྒྱུན་ལྡན་ཆགས་རྒྱུར་ད་དུང་ཉུང་མཐར་ཡང་ཟླ་བ་འགའ་ཤས་འགོར་གྱི་ཡོད་པ་མི་ཚོས་ཚོད་དཔག་བྱེད་བཞིན་འདུག

རྒྱ་ནག་གིས་རྒྱལ་སྤྱིའི་འགྲུལ་པ་ཚོ་ལ་ནད་དུག་བརྟག་དཔྱད་བྱ་རྒྱུ་ཕྱིར་འཐེན་བྱ་རྒྱུའི་གསལ་བསྒྲགས་བྱས་པ་དང་བསྟུན་ནས། ཉེ་ཆར་ཨ་མེ་རི་ཁ་དང་ཉི་ཧོང་། རྒྱ་གར། ཐེ་ཝན་སོགས་ཀྱིས་རྒྱ་ནག་ནས་ཡོང་མཁན་འགྲུལ་པ་ཚོས་ངེས་པར་དུ་ནད་དུག་འགོས་མེད་པའི་བདེན་དཔང་བསྟན་དགོས་པའི་བཀོད་ཁྱབ་བཏང་འདུག རེས་གཟའ་ལྷག་པའི་ཉིན་ཨ་མེ་རི་ཁའི་རིམས་ནད་འགོག་སྲུང་ལྟེ་གནས་ཁང་གིས་སྤྱི་ཟླ་དང་པོའི་ཚེས་༥ ཉིན་བཟུང་ཧོང་ཀོང་དང་མ་ཁའོ་ཚུད་པའི་རྒྱ་ནག་ནས་ཡོང་མཁན་ཕྲུ་གུ་ལོ་གཉིས་དང་ལོ་གཉིས་ཡན་ཆད་ཀྱི་འགྲུལ་པ་ཚང་མས་གནམ་གྲུ་མ་བསྡད་གོང་གི་ཆུ་ཚོད་༤༨ རིང་ལ་ནད་དུག་འགོས་མེད་པའི་བདེན་དཔང་བསྟན་དགོས་པ་གཏན་འབེབས་བྱས་འདུག ཉི་ཧོང་གིས་ཀྱང་གལ་སྲིད་ནད་དུག་འགོས་ཡོད་ན་བདུན་ཕྲག་གཅིག་རིང་ལ་ཟུར་བཀག་བྱེད་དགོས་པ་མ་ཟད། ཉི་ཧོང་ནས་རྒྱ་ནག་ཏུ་འགྲུལ་སྐྱོད་བྱེད་མཁན་གྱི་གནམ་གྲུའི་གྲངས་འབོར་ལ་ཚོད་འཛིན་བྱ་རྒྱུ་གཏན་འབེབས་བྱས་འདུག གནས་ཚུལ་ཐོན་པ་ལྟར་ན་རིང་མིན་ཧྥེ་ལི་ཕིང་སི་རྒྱལ་ཁབ་ཀྱིས་ཀྱང་རྒྱ་ནག་ནས་ཡོང་མཁན་འགྲུལ་པ་ཚོ་ལ་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱ་འཆར་རེད་འདུག

རྒྱ་ནག་གཞུང་གིས་འདས་པའི་ལོ་གསུམ་ཙམ་གྱི་རིང་ལ་ལག་ལེན་བསྟར་ཡོད་པའི་ནད་དུག་གཙང་སེལ་ཞེས་པའི་སྲིད་ཇུས་ཐལ་ཆ་ཆེ་བ་དེ་སྤྱི་ཟླ་༡༢པའི་ཚེས་༧ཉིན་ལ་སྔོན་བརྡ་དང་གྲ་སྒྲིག་སོགས་གང་ཡང་མེད་པའི་ཐོག་གློ་བུར་དུ་ཕྱིར་འཐེན་བྱས་ཏེ། རྒྱ་ནག་རྒྱལ་ཡོངས་སུ་ནད་དུག་འགོས་མཁན་དང་ནད་དུག་གི་རྐྱེན་པས་འདས་གྲོངས་སུ་ཕྱིན་པའི་མི་འབོར་ཧ་ལས་པ་་མང་པོ་ཆགས་ཡོད་ཀྱང་། རྒྱ་ནག་གཞུང་གིས་འདས་པའི་བདུན་ཕྲག་གཉིས་ཀྱི་རིང་ཏོག་དབྱིབས་ནད་པ་བདུན་མ་གཏོགས་འདས་གྲོངས་སུ་ཕྱིན་མེད་ཚུལ་ཕྱིར་བསྒྲགས་བྱས་ཡོད་པ་རེད། གྲངས་འབོར་དེ་དང་རྒྱ་ནག་གྲོང་ཁྱེར་ཆེ་ཁག་གི་པུར་བཞུས་ཁང་གི་ཕྱིར་བསྒྲགས་བྱས་པའི་གྲངས་འབོར་གཉིས་བར་ཧེ་བག་ཆེན་པོ་ཤོར་ཡོད། རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཐོག་ལ་མི་ཚོས་སོ་སོའི་ནང་མི་སྤུན་མཆེད་ཚོ་ནད་དུག་གི་རྐྱེན་པས་འདས་གྲོངས་སུ་ཕྱིན་ཡོད་པའི་གནས་ཚུལ་མང་པོ་བརྒྱུད་སྤེལ་བྱེད་བཞིན་ཡོད་པ་དང་། དེ་བཞིན་ཧྲང་ཧེ་ལུང་ཧཱ་པུར་བཞུས་ཁང་གི་ནང་ཕུང་པོ་བསྲེག་རྒྱུར་མིང་ཐོ་འགོད་མཁན་ཇེ་མང་ཕྱིན་ཡོད་ལ། ཁྲུང་ཆིང་ཉེ་འཁོར་གྱི་པུར་བཞུས་ཁང་གི་ནང་ཕུང་པོ་ཁུར་སའི་མོ་དྲ་འཇོག་ས་མི་རག་བའི་དཀའ་ངལ་འཕྲད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

རེ་ཊྲེ་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ། ཁྲེང་ཏུའུ་ལ་རྟེན་གཞི་བྱས་ཡོད་པའི་ཧཱ་ཞི་སྨན་ཁང་གི་ལས་མི་ཚོས་ནད་དུག་འགོས་མཁན་གྱི་ནད་པ་མང་དྲགས་ནས་ཁོ་ཚོ་བྲེལ་བ་ཆེན་པོ་ནང་ཚུད་ཡོད་པ་བརྗོད་ཡོད། ད་ལྟ་རྒྱ་ནག་གི་སྨན་ཁང་མང་པོ་ཞིག་གི་ནང་ནད་དུག་འགོས་ཡོད་པའི་སྨན་པ་དང་ལས་མི་ཚོ་ལ་ཡང་ལས་ཀ་ལས་བཅུག་གི་ཡོད་པ་དང་། གཞན་དེ་སྔར་རྒན་གཡོལ་བྱས་ཟིན་པའི་གྲོང་གསེབ་ཀྱི་སྨན་པ་དང་སྨན་ཞབས་པ་ཚོ་བསྐྱར་དུ་ལས་གནས་སུ་ལོག་བཅུག་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་འདུག

དེང་སང་མི་ཚོ་ལ་བློ་འཚབ་ཆེ་ཤོས་ནི་རྒྱ་ནག་ནང་ནད་དུག་ཁྱབ་གདལ་ཤུགས་ཆེ་འགྲོ་བཞིན་པའི་བརྒྱུད་རིམ་ནང་ནད་དུག་གི་ངོ་བོ་གཞན་དུ་འགྱུར་འགྲོ་རྒྱུ་དེ་དང་། གཞན་འགྱུར་བྱུང་བའི་ནད་དུག་རིགས་གསར་པའི་ཉེན་ཁ། འཛམ་གླིང་ཡོངས་ལ་ནད་ཡམས་ཁྱབ་གདལ་རིམ་པ་གསར་པ་ཞིག་འགྲོ་རྒྱུ་ཡིན་མིན་སྐོར་ལ་ཆགས་ཡོད། རྒྱ་ནག་གཞུང་འབྲེལ་གསར་ཁང་གིས་ཉེ་ཆར་ཏོག་དབྱིབས་ནད་པའི་གློ་བ་ལ་དཀར་ཐིག་ཕོག་ཡོད་པའི་བརྙན་པར་ཕྱིར་སྤེལ་བྱས་ཏེ། དེ་ནི་དེ་སྔར་ཝུ་ཧན་ནང་དང་ཐོག་བྱུང་བའི་ནད་དུག་དེ་རིགས་དེ་འགོས་ནས་ནད་རྟགས་ལྗི་མོ་ཚོ་ལ་བྱུང་བ་ཞིག་ལས་ཨོ་མི་ཁེ་རུང་ནད་དུག་འགོས་ནས་བྱུང་བ་ཞིག་མ་རེད་ཅེས་སྤེལ་ཡོད་པས་དེང་སང་གློ་བ་དཀར་པོར་ཆགས་པའི་ནད་རྟགས་དེ་ལ་མི་མང་པོས་ཞེད་སྣང་སྐྱེ་བཞིན་པ་རེད།

ཡིན་ན་ཡང་རྒྱ་ནག་གཞུང་གིས་ད་ལྟ་དཔལ་འབྱོར་བསྐྱར་གསོ་ཡོང་ཐབས་སུ་རིག་པ་རྩེ་གཅིག་ཏུ་སྒྲིམ་ནས་ནད་དུག་ཁྱབ་གདལ་འགྲོ་མིན་ལ་མ་བལྟོས་པར་གྲོང་ཁྱེར་འགའ་ཤས་ནང་ནད་རྟགས་ཡོད་མཁན་གྱི་བཟོ་པ་ཚོ་ཡང་ལས་གནས་སུ་ལོག་བཅུག་གི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG