ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

མོན་པའི་ན་གཞོན་ཞིག་རྒྱ་དམག་གིས་བཙན་ཁྲིད།


༄༅།། ཕྱི་ཟླ་༤་པའི་ཚེས་༦་ཉིན་རྒྱ་གར་གྱི་ཡིད་ཆེས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རུ་ན་ཅལ་མངའ་སྡེའི་ཉེན་རྟོག་ལས་ཁང་གིས་ཕྱི་ཟླ་༣་པའི་ཚེས་༡༩་ཉིན་མངའ་སྡེའི་ན་གཞོན་ལོ་ན་༢༡་ལ་སོན་པ་ཞིགརྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་མཐའ་མཚམས་སྲུང་དམག་གིས་བཙན་ཁྲིད་བྱས་ཡོད་ཅིང་། ཨ་རུ་ན་ཅལ་གྱི་ན་གཞོན་དེ་བཙན་ཁྲིད་བྱ་ཡུལ་ནི་༡༩༡༤་ལོར་རྒྱ་གར་ལ་དབྱིན་ཇིས་དབང་སྒྱུར་དུས་ཀྱི་རི་གྲོང་རྒྱལ་ས་སིམ་ལར་དབྱིན་བོད་རྒྱ་གསུམ་གྱི་ཆིངས་ཡིག་བཞག་པའི་རྗེས་སུ་བོད་དང་རྒྱ་གར་གྱི་ས་མཚམས་སུ་ཐག་ཆོད་བྱུང་བའི་མེཀ་མ་ཧོང་ས་ཐིག་སྟེ། སུ་བྷན་སི་རི་རྫོང་གི་སྟོད་ཕྱོགས་ཀྱི་ཨ་ས་པི་ལི་ས་ཁུལ་ཡིན་མོདའདས་པའི་བདུན་ཕྲག་འགའ་ཞིག་གི་རིང་དེར་རྒྱ་གར་གྱི་སྤྱི་དམངས་སུ་གཏོགས་པའི་ཨ་རུ་ན་ཅལ་མངའ་སྡེའི་ན་གཞོན་དེ་རྒྱ་ནག་གི་མཐའ་མཚམས་སྲུང་དམག་གིས་གང་དུ་ཁྲིད་ཡོད་མེད་དང་བདེ་ཐང་ཡིན་མིན། ཁོ་པའི་གནས་སྟངས་ཅི་ཡིན་སོགས་ཤེས་རྟོགས་ཐུབ་ཀྱི་མི་འདུག ཨ་རུ་ན་ཅལ་མངའ་སྡེ་གཞུང་གིས་གནད་དོན་དེ་ལྡི་ལི་གསར་པའི་ཕྱི་སྲིད་ལྷན་ཁང་ལ་འབྲེལ་བ་ཡོད་པ་ཞིག་མཐོང་གི་འདུག དེར་བརྟེན་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གིས་གནད་དོན་དེར་དོ་ཁུར་ལེན་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ ཉེན་རྟོག་སྤྱི་ཁྱབ་འགོ་ཁྲིད་ཆུ་ཁུ་ཨ་པས་བཤདའདུག

ཨ་རུ་ན་ཅལ་མངའ་སྡེའི་ཁོངས་སུ་སྨོན་རྟ་དབང་སོགས་སྔོན་ཆད་གཞུང་ས་དགའ་ལྡན་ཕོ་བྲང་གི་མངའ་ཁོངས་སུ་གཏོགས་པའི་མངའ་རིས་ས་ཁུལ་རྣམས་ཚུད། རྒྱ་གར་གྱི་ཡིད་ཆེས་གསར་ཁང་གིས་ཀ་ལི་ཀ་ཏ་གྲོང་ཁྱེར་དུ་ཚུགས་པའི་རྒྱ་གར་གྱི་ཤར་ཕྱོགས་ཀྱི་དབུས་དམག་དོན་སྤྱི་ཁྱབ་ཁང་ལ་འདྲི་རྩད་བྱས་ཀྱང་གནད་དོན་དེར་ཅི་ཞིག་བྱ་འཆར་ཡོད་མེད་ཀྱི་ལན་འདེབས་གསལ་པོ་ཞིག་བྱས་མེད་པ་རེད། ཕྱི་ཟླ་༣་པའི་ཚེས་༢༧་ཉིན་ཏ་གྷིན་རིག་གཞུང་ཚོགས་པས་མངའ་སྡེའི་སྤྱི་ཁྱབ་ལ་སྙན་ཞུ་ཕུལ་བ་དེར་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་མཐའ་མཚམས་སྲུང་དམག་གིས་བཙན་ཁྲིད་བྱས་པའི་ཨ་རུ་ན་ཅལ་གྱི་ན་གཞོན་ཐོགས་ལེགས་སིང་ཁམ་དང་ཁོ་པའི་གྲོགས་པོ་གྷམ་ཤི་ཆ་དྷར། རོ་ཎི་ཡ་ན་ཌེ་བཅས་མི་གསུམ་གྱིས་ཉ་བཟུང་ནས་རྣམ་གཡེང་དུ་སོང་ཡོད་པའི་སྐབས་སུ་རྒྱ་ནག་མི་དམངས་བཅིང་འགྲོལ་དམག་གིས་འཇབ་རྒོལ་བྱས་འདུག གྲོགས་པོ་གཉིས་བྲོས་ཐར་ཀྱང་ཐོགས་ལེགས་སིང་ཁམ་གྱི་སྟེང་དུ་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་མེ་མདའ་ཁ་གཏད་ནས་བཙན་ཁྲིད་བྱས་སོང་ཞེས་འཁོད་ཡོད་པ་རེད།།

ཕྱི་ཟླ་༣་པའི་ཚེས་༢༣་ཉིན་ཐོགས་ལེགས་སིང་ཁམ་གྱི་བཟའ་མི་ཚོས་ན་ཆོ་ཉེན་རྟོག་ལས་ཁང་ལ་ཞུ་གཏུག་བྱས་འདུག མངའ་སྡེའི་སྤྱི་ཁྱབ་ལས་ཁུངས་ཀྱིས་ཀྱང་ཞུ་གཏུག་གི་སྙན་ཞུ་འབྱོར་བྱུང་། ཞུ་གཏུག་སྙན་ཞུ་དེར་སིང་ཁམ་རང་གི་ཕ་མེས་ཀྱི་ཁྱིམ་རྒྱུད་ལ་གཏོགས་པའི་ས་གནས་ཤིག་ཏུ་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་བཙན་ཁྲིད་བྱས་པ་རེད། ཁྱིམ་ཚང་དེའི་ས་ཆ་ནི་རྒྱ་གར་གྱི་མངའ་ཁོངས་ནང་ཚུད་དུ་ཡོད་ཅེས་བཀོད་ཡོད་པ་ངེས་གཏན་བྱས་ཀྱང་རྒྱ་ནག་གིས་མེཀ་མ་ཧོང་ས་ཐིག་དེ་རྒྱ་གར་དང་བོད་རང་སྐྱོང་ལྗོངས་ཀྱི་ས་མཚམས་ཡིན་པར་ངོས་ལེན་བྱེད་ཀྱི་མེད་པར་མ་ཟད། ཨ་རུ་ན་ཅལ་མངའ་སྡེ་ཧྲིལ་པོ་རྒྱ་ནག་གི་མངའ་ཁོངས་སུ་གཏོགས་ཀྱི་ཡོད་པའི་འཐབ་རྩོད་བྱེད་ཀྱི་ཡོད་པ་རེད་ཅེས་གནས་ཚུལ་སྤེལ་འདུག མེཀ་མ་ཧོང་ས་ཐིག་དེར་རྒྱ་གར་ཕྱོགས་སུ་ཨར་འདམ་གྱི་ཀ་བ་ཞིག་བསླངས་ཡོད་པས་རྟག་ཏུ་རྩྭ་འཇག་དཀྱིལ་དུ་འཐིམས་ནས་གསལ་པོ་ཞིག་མཐོང་གི་མེད་པ་རེད།

འདི་ཙམ་ན་མོན་རྟ་དབང་ཁུལ་གྱི་ཚོགས་པ་དང་སྒེར་པ་མང་པོ་ཞིག་གིས་མངའ་སྡེ་གཞུང་ལ་ན་གཞོན་དེའི་བདེ་སྡུག་རྒྱ་གར་དབུས་གཞུང་ལ་ཞུ་དགོས། རྒྱ་གར་དབུས་གཞུང་གིས་རྒྱ་ནག་ལ་ཐད་ཀར་འབྲེལ་བ་བྱས་ནས་ན་གཞོན་དེ་རང་ཡུལ་ལ་ཕྱིར་སློག་བྱེད་དུ་འཇུག་དགོས་ཞེས་ནན་བརྗོད་བྱེད་ཀྱི་ཡོད་ཅིང་། གལ་སྲིད་རྒྱ་གར་གཞུང་གིས་གནད་དོན་དེ་གང་མགྱོགས་ཐག་གཅོད་བྱས་ནས་ཐོགས་ལེགས་སིང་ཁམ་བདེ་བླག་ཏུ་རང་ཡུལ་ལ་གློད་གྲོལ་གཏོང་དུ་མ་བཅུག་ན་མངའ་སྡེ་དེའི་སློབ་ཕྲུག་གི་མཐུན་ཚོགས་ཀྱིས་དམངས་གཙོའི་ལས་འགུལ་སྤེལ་ནས་ངོ་རྒོལ་ཆེན་པོ་ཞིག་སློང་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ་འདུག

XS
SM
MD
LG