ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༧/༡༥

མོན་ཡུལ་གྱི་མཐའ་མཚམས་གྲོང་གསེབ་པ་ཚོར་དོ་སྣང་བྱ་དགོས་པའི་ནན་སྐུལ། 


Wangki Lowang Hon'ble Minister Public Health Engineering & Water Supply, Department of Tirap, Changlang and Longding information Technology
Wangki Lowang Hon'ble Minister Public Health Engineering & Water Supply, Department of Tirap, Changlang and Longding information Technology

༄༅།། རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་དམངས་འཕྲོད་བསྟེན་དང་འཕྲུལ་རིག་བློན་ཆེན་དབང་སྐྱིད་བློ་དབང་ཉིན་གསུམ་ལ་མོན་རྟ་དབང་ཁུལ་དུ་གཟིགས་ཞིབ་ཏུ་ཕེབས་ཤིང་། གཟའ་ཟླ་བའི་ཕྱི་དྲོར་བློན་ཆེན་བློ་དབང་གིས་མཐའ་མཚམས་ཀྱི་ས་གནས་ཁག་ཅིག་ལ་གཟིགས་ཞིབ་གནང་འདུག ཕྱི་ཟླ་༦་པའི་ཚེས་༦་ཉིན་ཨ་རུ་ན་ཅལ་རྟོག་ཞིབ་གསར་ཁང་གིས་གནས་ཚུལ་སྤེལ་ལྟར་བ་ལྟར་ན། བློན་ཆེན་བློ་དབང་ནས་རྟ་དབང་ཁུལ་གྱི་འགོ་ཁྲིད་ཚོར་ང་ལ་རྟ་དབང་ཁུལ་དུ་གཟིགས་རྟོག་བྱ་དགོས་པའི་འགན་ཁུར་ཡོད། མཁར་མང་ནུབ་དང་མཁར་མང་ཤར་གྱི་ས་གནས་འཐུས་མི་ཚོས་འཛུགས་སྐྲུན་གྱི་ལས་དོན་ཁག་ཡར་རྒྱས་གཏོང་རྒྱུ་དེར་རྒྱབ་སྐྱོར་བྱ་དགོས་ཞེས་བཀའ་མོལ་གནང་བའི་གནས་ཚུལ་ཐོན་འདུག

ཁོང་གིས་ས་གནས་ཀྱི་འགོ་ཁྲིད་ཚོས་ལྷག་བསམ་དང་གཞན་ཕན་སྒྲུབ་ཀྱི་ཡོད་པར་མངོན་པར་བསྟོད། རྟ་དབང་ནི་དམག་དོན་འཐབ་ཇུས་ལ་གནད་འགག་ཆེན་པོ་ཡིན་པ་དང་ཨ་རུ་ན་ཅལ་མངའ་སྡེའི་གཞུང་གིས་མཐའ་མཚམས་ཀྱི་གྲོང་གསེབ་པ་ཚོར་དམིགས་བསལ་གྱི་གཟིགས་སྐྱོང་གནང་དགོས། རྣམ་པ་ཚོ་ཚང་མས་ཕྱོགས་ཀུན་ལ་འབད་བརྩོན་བྱ་དགོས། རྟ་དབང་གི་རྒྱ་ལམ་རྣམས་ཀྱག་ཀྱོག་རེད། རྒྱ་ལམ་དེ་ཚོ་བསྐྱར་གསོ་ཞིག་བྱས་ན་ཕན་ཐོག་ཆེན་པོ་ཡོང་ས་རེད། རྟ་དབང་ནི་ཨུ་རུ་ན་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་པ་འགྲོ་ས་ཨང་དང་པོ་ཡིན་ཞིང་། ང་ཚོས་ཆེད་ལས་པ་སྐྱེད་སྲིང་བྱས་ནས་ཡུལ་སྐོར་སྤྲོ་འཆམ་གྱི་གོ་སྐབས་དང་ཁེ་ཕན་རྣམས་ལོངས་སུ་སྤྱོད་ཐུབ་པ་ཞིག་བྱ་དགོས་ཞེས་གཏམ་བཤད་གནང་འདུག

ཨ་རུ་ན་ཅལ་མངའ་སྡེའི་སྤྱི་དམངས་འཕྲོད་བསྟེན་དང་འཕྲུལ་རིག་བློན་ཆེན་བློ་དབང་གིས་མོན་ཡུལ་གྱི་ཐུན་མོང་མ་ཡིན་པའི་ཟས་རིགས་དང་ཡུལ་སྲོལ་གོམས་གཤིས་རྣམས་ཁྲོམ་བསྒྲགས་བྱས་ནས་ས་གནས་མང་ཚོགས་ཀྱི་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་རྒྱུ་གལ་གནད་ཆེ། མཁར་མང་ཤར་ནུབ་གཉིས་ཀྱི་མི་མང་གིས་ཡུལ་སྐོར་སྤྲོ་འཆམ་པ་བསུ་བའི་ཉིན་མང་གི་དུས་སྟོན་ཚུགས་ཏེ་མཉམ་འབྲེལ་དམ་ཟབ་བྱ་དགོས་པའི་འབོད་སྐུལ་ཞུས། ཁོང་གིས་འགྱིག་དམ་དང་གད་སྙིགས་གཞན་རྣམས་འཐག་སྟེ་རྒྱ་ལམ་འཛུགས་སྐྲུན་གྱི་རྒྱུ་ཆའི་ནང་དུ་བསྲེས་སྦྱོར་བྱ་དགོས། གད་སྙིགས་ཀྱང་བསྐྱར་དུ་བཀོལ་སྤྱོད་བྱས་ནས་དངོས་ཟོག་གཞན་པ་བཟོ་སྐྲུན་བྱས་ཚེ། གད་སྙིགས་ཀྱང་རྒྱུ་དངོས་སུ་འགྱུར་ཐུབ་ཅེས་ལམ་སྟོན་བྱས་པའི་གནས་ཚུལ་ཐོན་འདུག

རྒྱ་གར་གྱི་གསར་འགྱུར་ལས་ཁུངས་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟེ་ལའི་ཕུག་ལམ་གྲུབ་པའི་རྗེས་སུ་མོན་ཡུལ་དུ་འགྲིམ་འགྲུལ་བྱ་རྒྱུ་སྟབས་བདེ་རུ་འགྲོ་རྒྱུ་ཡིན་ཞིང་། ༢༠༢༣་ལོའི་ཕྱི་ཟླ་༧་ནང་དུ་ཟེ་ལའི་ཕུག་ལམ་ལེགས་འགྲུབ་འབྱུང་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པར་མ་ཟད། རྒྱ་གར་གྱི་དམག་དཔུང་ཡང་དབྱར་དགུན་སྟོན་དཔྱིད་མེད་པར་ཧིན་བོད་ས་མཚམས་སུ་འབྱོར་ཐུབ། ད་སྔ་མི་དམངས་དཀྱུས་མ་དང་རྒྱ་གར་གྱི་དམག་མི་རྣམས་བྷ་ལི་པ་ར་ཆ་རི་དྷུ་འར་རྒྱ་ལམ་བརྒྱུད་ནས་རྟ་དབང་ཁུལ་དུ་བསྐྱོད་དགོས། དགུན་གྱི་དུས་སུ་ཁ་བ་བབས་ཏེ་ཟེ་ལའི་རྒྱ་ལམ་འགགས། ཟེ་ལའི་ཕུག་ལམ་འགྲུབ་པའི་རྗེས་སུ་ནམ་ཟླ་བཞི་ལ་འགྲིམ་འགྲུལ་འགག་མི་ཐུབ་པའི་ཕན་ཐོགས་འབྱུང་གི་རེད་ཅེས་གནས་ཚུལ་སྤེལ་འདུག

ཕྱི་ཟླ་༤་པའི་ཚེས་༤་ཉིན་རྒྱ་གར་གྱི་དུས་བབ་རྒྱུ་དངོས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ས་བབ་མཐོ་བ་དང་གནམ་གཤིས་གྲང་བ་སོགས་ཀྱི་དཀའ་ངལ་ཕྲད་ཀྱང་ལོ་འདིའི་ཕྱི་ཟླ་༧་པའི་ནང་དུ་ཟེ་ལའི་ཕུག་ལམ་གྲུབ་སྟེ་སྒོ་ཕྱེ། དེ་ནས་ཉིན་ལྟར་སྒེར་འཁོར་ཆུང་བ་༣༠༠༠་རེ་དང་དོས་སྐྱེས་རླངས་འཁོར་༢༠༠༠་རེ་ཟེ་ལའི་ཕུག་ལམ་བརྒྱུད་ནས་མོན་ཡུལ་དུ་བསྐྱོད་ཐུབ། ཟེ་ལའི་ཕུག་ལམ་ལ་ཕར་སྐྱོད་ཕུག་ལམ་ཉིས་ཤུར་ཅན་ཞིག་དང་ཚུར་འོང་ཕུག་ལམ་ཉིས་ཤུར་ཅན་ཞིག་བཅས་ཁྱོན་བསྡོམས་ཕུག་ལམ་གཉིས་དང་ཤུར་ཐིག་བཞི་ཡོད་པ་ཞིག་ཡིན་འདུག ཕུག་ལམ་དེར་གནམ་གྲུའི་རླུང་འཁོར་གྱི་དབུགས་གཏོང་མཐུན་རྐྱེན་དང་མེ་གསོད་མཐུན་རྐྱེན། ཕུག་ལམ་ཁོག་གི་འགྲིམ་འགྲུལ་འཚང་ཁ་སོགས་ལ་གློག་མིག་གིས་རྟོག་ཞིབ་བྱེད་ཐུབ་པའི་མཐུན་རྐྱེན་རྣམས་བཙུགས་ཡོད་པའི་གནས་ཚུལ་ཐོན།།

འདས་པའི་ལོ་ཤས་རིང་རྒྱ་གར་གཞུང་གིས་ཧིན་སྒོར་དུང་ཕྱུར་༦༨༧་འགྲོ་གྲོན་བཏང་ནས་ཟེ་ལའི་ཕུག་ལམ་འཛུགས་སྐྲུན་བྱ་རྒྱུ་མགོ་བརྩམས། སྐྱེལ་འདྲེན་གྱི་མཐུན་རྐྱེན་སྟབས་བདེར་གྱུར་ན་ཨ་རུ་ན་ཅལ་མངའ་སྡེའི་གཞུང་གིས་རྟ་དབང་དང་པོ་དང་རྟ་དབང་གཉིས་པ་ཞེས་ཆུ་ཤུགས་གློག་ཁང་གཉིས་འཛུགས་སྐྲུན་བྱ་རྒྱུ། ཨ་རུ་ན་ཅལ་མངའ་སྡེའི་སྤྱི་དམངས་འཕྲོད་བསྟེན་དང་འཕྲུལ་རིག་བློན་ཆེན་བློ་དབང་གིས་རྟ་དབང་ཁུལ་དུ་ཡུལ་སྐོར་སྤྲོ་འཆམ་་དར་སྤེལ་དང་ཚོང་ལས་ཡར་རྒྱས་གཏོང་དགོས་ཞེས་ནན་སྐུལ་བྱས་པ་ལྟར་ས་གནས་གང་ཞིག་ལ་གློག་གི་མཐུན་རྐྱེན་དང་འགྲིམ་འགྲུལ། སྐྱེལ་འདྲེན་སོགས་ཀྱི་མཐུན་རྐྱེན་སྟབས་བདེ་ཡོད་ན་ས་ཁུལ་དེར་ཡུལ་སྐོར་སྤྲོ་འཆམ་དང་ཚོང་ལས་དར་འཕེལ་འགྲོ་རྒྱུ་བརྗོད་ཅི་དགོས།།

ཐོག་མར་༢༠༡༠་ལོར་རྒྱ་གར་གྱི་དམག་དོན་ཆེད་དུ་ཟེ་ལ་དང་བུམ་དྷི་ལ། ནེ་ཆི་ཕུ་གསུམ་ལ་ཕུག་ལམ་འཛུགས་སྐྲུན་དང་ས་གནས་མི་མང་གི་འཚོ་བ་ཡར་རྒྱས་གཏོང་བའི་རོགས་སྐྱོར་ལས་གཞི་གཉེར་རྒྱུའི་གྲོས་སྡུར་བྱུང་། ཁོ་ཚོས་ཞིབ་འཇུག་བྱས་པའི་སྐབས་སུ་ཟེ་ལ་ནི་ལོ་གཅིག་གི་ཟླ་བ་༨་ལ་ཁ་བས་མནན་ཡོད་པས་ཟེ་ལའི་ཕུག་ལམ་སྔོན་ལ་འཛུགས་སྐྲུན་བྱ་རྒྱུའི་ཐག་བཅད། དེང་སྐབས་ལོ་རེ་བཞིན་རྟ་དབང་དགོན་པ་དང་མོན་ཡུལ་ཧྲིལ་པོ། ལ་དྭགས་དང་འབྲས་ལྗོངས། ཧི་མ་ཅལ་མངའ་སྡེའི་ཁོངས་ཀྱི་གར་ཞ་དང་སྤི་ཏི། ཁུ་ནུ་སོགས་ནི་དབྱར་གྱི་ཚད་པའི་དུས་སུ་རྒྱ་གར་བ་ཚོ་ཚ་གཡོལ་དང་ཡུལ་སྐོར་སྤྲོ་འཆམ་དུ་འགྲོ་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG