ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སི་ལོ་ཝེ་ཎི་ཡས་ཐེ་ཝན་ལ་སྐུ་ཚབ་དོན་གཅོད་ཁང་འཛུགས་འཆར། 


༄༅།། སྔ་ལོ་ཡུ་རོབ་རྒྱལ་ཁབ་ལི་ཐུ་ཝེ་ཎི་ཡའི་གཞུང་གིས་རང་གི་ས་ཐོག་ཏུ་ཐེ་ཝན་པའི་སྐུ་ཚབ་དོན་གཅོད་ཁང་ཞེས་ལས་ཁུངས་ཤིག་སྒོ་འབྱེད་དུ་བཅུག་པའི་རྗེས་སུ་རྒྱ་ནག་གིས་ལི་ཐུ་ཝེ་ཎི་ཡར་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཅད། བདུན་ཕྲག་འདིའི་གཟའ་མིག་དམར་ཉིན་རྒྱ་གར་གྱི་རྡུར་དྷར་ཤན་གསར་འགྱུར་ལས་ཁང་གིས་ཡུ་རོབ་རྒྱལ་ཁབ་སི་ལོ་ཝེ་ཎི་ཡའི་སྲིད་བློན་ལ་བཅར་འདྲི་ཞུས། སྲིད་བློན་ཡ་ནེ་ཛི་ཡན་ཤཱས་རྒྱ་ནག་གིས་ལི་ཐུ་ཝེ་ཎི་ཡར་དཔལ་འབྱོར་གྱི་གནོན་ཤུགས་སྤྲོད་ཀྱི་ཡོད་པར་སྐྱོན་བརྗོད་བྱས་ཤིང་། ཁོང་གིས་སི་ལོ་ཝེ་ཎི་ཡའི་གཞུང་གིས་ཐེ་ཝན་ལ་འབྲེལ་བ་སྲ་བརྟན་གཏོང་རྒྱུ་ཡིན། ཐེ་ཝན་ནི་རྒྱལ་སྤྱིའི་ཁྲིམས་དང་རྒྱལ་སྤྱིའི་དམས་གཙོའི་ལམ་ལུགས་ལ་བརྩི་འཇོག་བྱེད་པའི་རྒྱལ་ཁབ་ཅིག་རེད། སི་ལོ་ཝེ་ཎི་ཡ་དང་ཐེ་ཝན་གཉིས་ཀྱིས་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་གྲོས་སྡུར་བྱེད་བཞིན་ཡོད། འདི་ནི་གཞུང་ཚབ་འཛུགས་རེས་ཀྱི་འབྲེལ་བ་ཞིག་མིན་པར་ཡུ་རོབ་མཉམ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཁག་གིས་ཐེ་ཝན་ལ་བཟུང་ཡོད་པའི་འབྲེལ་བ་དེའི་གནས་རིམ་དང་གཅིག་མཚུངས་ཡིན། ངས་ཐེ་ཝན་ལ་ཚོང་འབྲེལ་བཟུང་ཡོད་པའི་ཚོང་པ་ཚོར་ཁ་བརྡ་བྱས་པ་ཡིན། ཁོ་ཚོས་ཐེ་ཝན་ལ་ཚོང་འབྲེལ་འཛིན་གྱི་ཡོད། ཐེ་ཝན་གྱི་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་ནག་ལ་ཚོང་འབྲེལ་འཛིན་གྱི་འདུག རྒྱ་ནག་དང་ཐེ་ཝན་གཉིས་ཀྱིས་ཚོང་རྒྱག་གི་འདུག་ཟེར་བྱུང་། རྒྱ་ནག་དང་ཐེ་ཝན་གཉིས་ཀྱིས་འབྲེལ་འཛིན་གྱི་ཡོད་ན་རྒྱལ་ཁབ་གཞན་གྱིས་ཐེ་ཝན་ལ་ཚོང་འབྲེལ་འཛིན་མི་ཆོག་ཟེར་གྱི་ཡོད་པ་ནི་གཏམ་རྣ་བར་མི་འགྲོ་བ་ཞིག་རེད། ང་ཚོས་ལི་ཐུ་ཝེ་ཎི་ཡར་མིག་དཔེ་བལྟས་ནས་ཐེ་ཝན་གྱི་རྒྱལ་སར་ཚོང་དོན་ལས་ཁུངས་ཤིག་སྒོ་འབྱེད་རྒྱུའི་འཆར་གཞི་ཡོད། རྒྱ་ནག་གིས་དམངས་གཙོའི་ལམ་ལུགས་དར་ཡོད་པའི་ཐེ་ཝན་མཚོ་གླིང་དང་དེའི་མཐུན་གྲོགས་གསར་པ་ཚོར་བཙན་དྲག་བཀོལ་རྒྱུ་ཐལ་དྲགས་ན་ཡུ་རོབ་མཉམ་འབྲེལ་གྱིས་དེ་ལ་ལན་པ་སློག་གི་རེད་ཅེས་ཉེན་བརྡ་བཏང་འདུག

ཡུ་རོབ་རྒྱལ་ཁབ་སི་ལོ་ཝེ་ཎི་ཡའི་སྲིད་བློན་ཡ་ནེ་ཛི་ཡན་ཤཱ།
ཡུ་རོབ་རྒྱལ་ཁབ་སི་ལོ་ཝེ་ཎི་ཡའི་སྲིད་བློན་ཡ་ནེ་ཛི་ཡན་ཤཱ།

ཐེ་པེ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པར་གཞིགས་ན། སི་ལོ་ཝེ་ཎི་ཡའི་སྲིད་བློན་ཡ་ནེ་ཛི་ཡན་ཤཱས་ཐེ་ཝན་གྱི་རྒྱལ་སར་སྐུ་ཚབ་དོན་གཅོད་ཁང་འཛུགས་འཆར་ཡོད་ཅེས་ཁྱབ་བསྒྲགས་བྱས་པའི་རྗེས་སུ་ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གིས་སི་ལོ་ཝེ་ཎི་ཡའི་གཞུང་གི་འཆར་གཞི་དེར་དགའ་བསུ་ཡོད་ཅེས་གསལ་བསྒྲགས་སྤེལ། ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཆུའི་ཅང་ཨན་གྱིས་སྲིད་བློན་ཡ་ནེ་ཛི་ཡན་ཤཱ་ནི་ཐེ་ཝན་གྱི་གྲོགས་པོ་ཡག་པོ་ཞིག་ཡིན། ཁོང་ཐེ་ཝན་ལ་ཐེངས་འགའ་ཞིག་ཕེབས་མྱོང་ཡོད། ཁོང་གིས་རྒྱལ་སྤྱིའི་གནད་དོན་ཐོག་ཏུ་བདེན་གཏམ་གསུངས་པར་བཀའ་དྲིན་ཆེ། སྲིད་བློན་ཡན་ཤཱས་ཡང་དག་པའི་ལྟ་བ་ཞིག་བཟུང་ཡོད་པར་རྗེས་སུ་ཡི་རང་ཞུ། ཐེ་ཝན་དང་སི་ལོ་ཝེ་ཎི་ཡ་གཉིས་ལ་དཔལ་འབྱོར་དང་ཚོང་ལས་ཀྱི་འབྲེལ་བ་དམ་ཟབ་ཡོད། ང་ཚོའི་འཕྲོད་བསྟེན་བློན་ཆེན་གཉིས་ཀྱིས་དྲྭ་ལམ་བརྒྱུད་ནས་ཏོག་དབྱིབས་ནད་དུག་སྔོན་འགོག་བྱེད་ཕྱོགས་ལ་ཉམས་མྱོང་བརྗེ་རེས་བྱས་མྱོང་། ཐེ་ཝན་གཞུང་གིས་སི་ལོ་ཝེ་ཎི་ཡ་དང་དམངས་གཙོའི་ཟླ་གྲོགས་རྒྱལ་ཁབ་ཁག་ལ་གཉིས་ཕན་དང་སྡུག་རུས་ཀྱི་འགྱུར་འབྲེལ་བ་དེ་སྲ་བརྟན་བཏང་སྟེ་རྒྱུན་འཁྱོངས་བྱེད་ཀྱི་ཡོད་ཅེས་གསར་འགོད་ལྷན་ཚོགས་ཐོག་ཏུ་གསལ་བསྒྲགས་སྤེལ། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ལི་སི་ལོ་ཝེ་ཎི་ཡའི་སྲིད་བློན་གྱི་གླེང་མོལ་དེར་ཧང་སང་སོང་། སི་ལོ་ཝེ་ཎི་ཡའི་གཞུང་གིས་ཐེ་ཝན་ལ་འབྲེལ་བ་འཛུགས་འཆར་ཡོད་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད། སྲིད་བློན་ཡ་ནེ་ཛི་ཡན་ཤཱའི་བཀའ་མོལ་དེ་ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་སྐད་ཆ་ཚབས་ཆེན་ཞིག་རེད་ཅེས་གསར་འགོད་ལྷན་ཁང་ཐོག་ཏུ་སྐྱོན་བརྗོད་དྲག་པོ་བྱས་ཤིང་། རྒྱལ་ཁབ་གང་ཞིག་གིས་ཐེ་ཝན་ལ་འབྲེལ་བ་བཙུགས་ན་རྒྱ་ནག་གིས་རྟག་ཏུ་རྒྱལ་ཁབ་དེར་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད།།

སི་ལོ་ཝེ་ཎི་ཡའི་སྲིད་བློན་གྱིས་མུ་མཐུད་དུ་རྡུར་དྷར་ཤན་གསར་འགྱུར་ལས་ཁང་ལ་བཤད་པ་ལྟར་ན། ལི་ཐུ་ཝེ་ཎི་ཡའི་གཞུང་གིས་རང་གི་ས་ཐོག་ཏུ་ཐེ་ཝན་པའི་སྐུ་ཚབ་དོན་གཅོད་ཁང་ཞེས་མིང་བྱང་བཀོད་པའི་ལས་ཁུངས་ཤིག་སྒོ་འབྱེད་དུ་བཅུག་པར་ཡུ་རོབ་མཉམ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཁག་ཅིག་གིས་སྐྱོན་བརྗོད་བྱས་སོང་། ངས་ནི་དེ་སྐྱོན་ཞིག་རེད་བསམ་གྱི་མི་འདུག དེ་ནི་ལུ་ཐུ་ཝེ་ཎི་ཡས་གཞན་དང་མ་འདྲ་བ་ཞིག་བསྒྲུབས་པ་མ་རེད། དོན་གཅོད་ཁང་ལ་མིང་བྱང་འགོད་སྟངས་དེར་མི་འདྲ་བའི་ཁྱད་པར་ཅུང་ཟད་རེ་འབྱུང་གི་ཡོད་ཀྱང་གནད་འགག་ཆེན་པོ་མ་རེད། ལི་ཐུ་ཝེ་ཎི་ཡ་དང་ཡུ་རོབ་རྒྱལ་ཁབ་གང་ཁག་ལ་གནོན་ཤུགས་རིགས་གང་འདྲ་ཞིག་སྤྲད་ཀྱང་རྒྱ་ནག་ལ་ཁེ་ཕན་འཐོབ་མི་སྲིད། ཚོང་འབྲེལ་ཡག་པོ་ཞིག་བཙུགས་ན་ཀུན་ལ་ཕན་ཐོགས་ཆེ། ཐེ་ཝན་གྱིས་ཏོག་དབྱིབས་ནད་དུག་སྔོན་འགོག་ནུས་པ་ཐོན་པ་ཞིག་བྱས་པ་མཐོང་བའི་རྗེས་སུ་ངས་ཐེ་ཝན་གྱི་འཕྲོད་བསྟེན་བློན་ཆེན་ཁྲེན་ཧྲི་ཀྲུང་ལ་ཐད་ཀར་དྲྭ་ལམ་དུ་ཐུག་འཕྲད་བྱས་ནས་ཉམས་མྱོང་བླངས་པ་ཡིན། དོན་དངོས་སུ་ང་ཚོས་ཐེ་ཝན་ལ་རྒྱུན་ལྡན་གྱི་འབྲེལ་བ་ཞིག་བཟུང་ཡོད་པ་དང་ང་ཐེ་ཝན་ལ་ཐེངས་བཞི་ལྔ་ཞིག་ཕྱིན་མྱོང་། ཐེ་ཝན་ལ་རང་གི་མདུན་ལམ་རང་གིས་ཐག་གཅོད་བྱེད་ཆོག་པའི་ཐོབ་ཐང་ཡོད་དགོས་ཀྱི་རེད། ཐེ་ཝན་ལ་དམག་གིས་བཙན་འཛུལ་བྱ་རྒྱུའི་འཇིགས་སྐུལ་དང་བཙན་དྲག་མེད་པ། ཧོང་ཀོང་ལ་གཡོ་ཁྲམ་བྱས་པ་ལྟར་མ་ཡིན་པར་ཐེ་ཝན་མི་དམས་ལ་རང་མོས་ཐོག་ཏུ་རྒྱ་ནག་ལ་ཟླ་སྒྲིལ་བྱ་འདོད་ཡོད་པ་ཡིན་ན་དེ་ནི་ཐེ་ཝན་གྱི་རང་དབང་རེད། ངས་ཀྱང་དེ་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། གལ་སྲིད་ཐེ་ཝན་མི་དམངས་ལ་རང་བཙན་བྱས་ནས་འདུག་འདོད་ཡོད་ན་ང་ཚོས་ཐེ་ཝན་གྱི་ལངས་ཕྱོགས་དེར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཀྲལ།།

ཐེ་ཝན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུ་དེར་སྲིད་བློན་ཡ་ནེ་ཛི་ཡན་ཤཱས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་མ་ཟད། ཁོང་གིས་རྒྱ་ནག་ལ་ཐེ་ཝན་ལྟ་བུའི་ཁྱིམ་མཚེས་རྒྱལ་ཁབ་ཅིག་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཁོངས་སུ་ཡོད་ན་དགེ་མཚན་ཆེ། རྒྱ་གར་ནི་མངའ་ཁུལ་དེའི་སྟོབས་ཤུགས་ཆ་མཉམ་གྱི་གྲུབ་ཆ་གཙོ་བ་ཞིག་རེད། རྒྱ་གར་གྱི་སྟོབས་ཤུགས་ལ་བརྟེན་ནས་ཞི་བའི་ཐབས་ལམ་ཞིག་རྙེད་སྲིད། དྲང་པོར་བཤད་ན་ལི་ཐུ་ཝེ་ཎི་ཡ་གཅིག་པུ་མིན་པར་ཡུ་རོབ་མཉམ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཕལ་མོ་ཆེས་རྣམ་པ་འདྲ་མིན་གྱི་ཐོག་ཏུ་ཐེ་ཝན་ལ་འབྲེལ་བ་བཙུགས་ནས་སྐུ་ཚབ་དོན་གཅོད་ཁང་སྒོ་ཕྱེ་ཡོད་པ་རེད། རྒྱ་ནག་གིས་ཐད་ཀར་ལུ་ཐུ་ཝེ་ཎི་ཡར་དཔལ་འབྱོར་དང་ཚོང་འབྲེལ་བཅད་ནས་ལན་པ་སློག་གི་ཡོད་པ་ནི་ཧང་སང་དགོས་པ་ཞིག་རེད། རྒྱལ་ཁབ་ཁག་གི་འབྲེལ་བར་རྒྱལ་ཁབ་གཞན་ཞིག་གིས་གཏོར་བརླག་གཏོང་ཐབས་བྱེད་ན་གནས་སྐབས་ཀྱི་ཁེ་ཕན་ཞིག་འཐོབ་སྲིད་ཀྱང་ཕུགས་སུ་ང་ཚོ་ཚང་མར་གྱོང་རག་གི་རེད་ཅེས་བཤད། ཡུ་རོབ་མཉམ་འབྲེལ་གྱིས་ཀྱང་ལུ་ཐུ་ཝེ་ཎི་ཡས་ཐེ་ཝན་ལ་འབྲེལ་བ་བཙུགས་པ་ནི་རྒྱ་ནག་གཅིག་གི་རྩ་དོན་ལ་འགལ་འཛོལ་བྱུང་མི་འདུག ཡུ་རོབ་མཉམ་འབྲེལ་གྱི་རྒྱལ་ཁབ་ཁག་གིས་ཐེ་ཝན་ལ་ཚོང་ལས་དང་རིག་གཞུང་གི་འབྲེལ་བ་བཙུགས་པ་དེས་ཐེ་ཝན་རྒྱལ་ཁབ་ཅིག་ཡིན་པའི་ངོས་འཛིན་བྱས་པ་མཚོན་ཐུབ་ཀྱི་མི་འདུག་ཅེས་རྒྱ་ནག་གི་སྐྱོན་འཛུགས་ལ་དགག་པ་བརྒྱབ། སྲིད་དོན་ཉམས་ཞིབ་པ་ཚོས་ཨ་རིའི་གཟའ་འཁོར་གསར་འགྱུར་དུས་དེབ་ཀྱི་གསར་འགོད་པ་ཚོར་བཤད་པ་ལྟར་ན། སི་ལོ་ཝེ་ཎི་ཡའི་སྲིད་བློན་ཡ་ནེ་ཛི་ཡན་ཤཱའི་བཀའ་མོལ་དེ་འཛམ་གླིང་རྒྱལ་ཁབ་གཞན་ཁག་གི་འགོ་ཁྲིད་ཚོས་གཟབ་ནན་དང་རྒྱ་ནག་ལ་འཕོག་ཐུག་གཏོང་སྲིད་པར་འཛེམ་ཟོན་བྱས་ནས་སྐད་ཆ་བཤད་སྲོལ་ཡོད་པ་དང་མ་འདྲ་བ་ཞིག་རེད་ཅེས་བསྟན།།

རྒྱ་ནག་གིས་ལི་ཐུ་ཝེ་ཎི་ཡར་ཚོང་ལས་བཀག་པ་དང་དཔལ་འབྱོར་གྱི་གནོན་ཤུགས་སྤྲད་པའི་རྗེས་སུ་ཐེ་ཝན་གཞུང་གིས་ལི་ཐུ་ཝེ་ཎི་ཡའི་ས་ཐོག་ཏུ་ཨ་སྒོར་དུང་ཕྱུར་༢་མ་རྩ་བཙུགས་ནས་དཔལ་འབྱོར་སླར་གསོ་བྱ་རྒྱུ། ལི་ཐུ་ཝེ་ཎི་ཡ་དང་ཐེ་ཝན་གྱི་ས་ཐོག་ཏུ་གཉེར་འཆར་ཡོད་པའི་ལི་ཐུ་ཝེ་ཎི་ཡའི་ལས་གཞི་ཁག་ལ་ཐེ་ཝན་གྱིས་ཨ་སྒོར་དུང་ཕྱུར་བཅུའི་མ་རྩ་བསྐྱི་རྒྱུའི་ཐག་བཅད། སྲིད་བློན་ཡ་ནེ་ཛི་ཡན་ཤཱས་རྒྱ་ནག་གིས་ལི་ཐུ་ཝེ་ཎི་ཡའི་གཞུང་ཚབ་པ་ཕྱིར་འབུད་དང་གཞུང་ཚབ་ཁང་སྒོ་རྒྱག་ཏུ་བཅུག་པའི་སྤྱོད་པ་དེར་སི་ལོ་ཝེ་ཎི་ཡ་སྐྲག་གི་མེད། སི་ལོ་ཝེ་ཎི་ཡར་མཉམ་སྐྱོང་སྲིད་གཞུང་བརྟན་པོ་ཞིག་ཚུགས་ཐུབ་ཡོད་ན་སྔ་མོ་ནས་ཐེ་ཝན་གྱི་ས་ཐོག་ཏུ་ཚོང་དོན་སྐུ་ཚབ་དོན་གཅོད་ཁང་ཞིག་སྒོ་ཕྱེ་ཟིན་ཡོད་ངེས་རེད་ཅེས་བཤད། འོན་ཀྱང་ཐེ་ཝན་དང་སི་ལོ་ཝེ་ཎི་ཡ་གཉིས་ཀས་དུས་ནམ་ཞིག་དང་ཕྱོགས་གཉིས་ཀྱི་ཚོང་དོན་ལས་ཁུངས་དེ་དག་ལ་མིང་བྱང་གང་འདྲ་ཞིག་འགོད་འཆར་ཡོད་མེད་སོགས་ངེས་གཏན་མ་བྱུང་། ན་ནིང་ཕྱི་ཟླ་༡༡་པའི་ནང་དུ་ལི་ཐུ་ཝེ་ཎི་ཡར་ཐེ་ཝན་པའི་སྐུ་ཚབ་དོན་གཅོད་ཁང་ཞེས་ལས་ཁུངས་བཙུགས། ད་ལོ་ཐེ་ཝན་གྱི་རྒྱལ་སར་ལི་ཐུ་ཝེ་ཎི་ཡའི་དོན་གཅོད་ཁང་སྒོ་འབྱེད་འཆར་ཡོད་ཅིང་། གལ་སྲིད་ཐེ་ཝན་གྱིས་སི་ལོ་ཝེ་ཎི་ཡའི་ས་ཐོག་ཏུ་ཐེ་ཝན་པའི་སྐུ་ཚབ་དོན་གཅོད་ཁང་ངམ། ཡང་ན་ཐེ་ཝན་གྱི་སྐུ་ཚབ་དོན་གཅོད་ཁང་ཞེས་ལས་ཁུངས་ཤིག་སྒོ་འབྱེད་ཐུབ་ན་དེ་ནི་ཡུ་རོབ་གླིང་དུ་ཐེ་ཝན་པའི་སྐུ་ཚབ་དོན་གཅོད་ཁང་ཞེས་ལས་ཁུངས་སྒོ་ཕྱེ་པ་ཐེངས་གཉིས་པར་འགྱུར་རྒྱུ་ཡིན་ཞིང་། དེ་ནི་ཐེ་ཝན་ལ་ཕྱི་འབྲེལ་གྱི་རྒྱལ་ཁ་ཆེན་པོ་ཞིག་ཏུ་འགྱུར་རྒྱུའི་ངོས་འཛིན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཨ་རི་སོགས་རྒྱལ་ཁབ་ཕལ་ཆེ་བར་བཅའ་སྡོད་ཐེ་ཝན་གྱི་གཞུང་ཚབ་ཁང་དེ་དག་ལ་ཐེ་པེའི་ཚོང་དོན་ལས་ཁུངས་དང་རྒྱ་ནག་པའི་ཐེ་པེའི་དཔལ་འབྱོར་ལས་ཁུངས། ཐེ་པེའི་དཔལ་འབྱོར་དང་རིག་གཞུང་ལས་ཁུངས་ཞེས་མིང་བྱང་བཀོད་ཡོད་པ་ལས་ཐེ་ཝན་དང་ཐེ་ཝན་པའི་སྐུ་ཚབ་དོན་གཅོད་ཁང་ཞེས་མིང་བྱང་འགོད་དུ་བཅུག་མེད་པ་རེད།།

XS
SM
MD
LG