ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཉེ་དུས་ཞི་ཅིན་ཕིང་གིས་བོད་སྐོར་ལ་སྤེལ་བའི་གཏམ་བརྗོད་ལ་དཔྱད་ཞིབ།


སྤྱི་ཟླ་༥ པའི་ཚེས་༢༣ ཉིན་པེ་ཅིང་དུ་སྐོང་འཚོགས་བྱས་ཡོད་པའི་དུས་རབས་གསར་པ། བོད་གསར་པ། ལམ་ཁ་གསར་པ་ཞེས་བརྗོད་གཞིར་བྱས་པའི་༢༠༢༣ ལོའི་“ཀྲུང་གོའི་བོད་ལྗོངས་”འཕེལ་རྒྱས་གླེང་སྟེགས་ཞེས་པའི་ཐོག རྒྱ་ནག་དམར་ཤོག་འགོ་ཁྲིད་ཞི་ཅིན་ཕིང་གིས་འཚམས་འདྲིའི་ཡི་གེ་ཞིག་བསྐུར་ཡོད་པའི་ནང་། འགྲོ་བ་མིའི་ཐོབ་ཐང་གི་ཚད་མཐོ་ཤོས་ནི་མི་དམངས་ལ་བདེ་སྐྱིད་ཡོད་པ་དེ་རེད། དེང་སང་གི་བོད་ནི་ལོ་ངོ་སྟོང་ཕྲག་རིང་གི་དབུལ་ཕུངས་ཀྱི་ལྕགས་སྒྲོག་ལས་ཐར་ཏེ་ཡར་རྒྱས་གོང་འཕེལ་ལ་འགྲོ་བཞིན་པ་དང་། མ་འོངས་པར་གོང་ནས་གོང་དུ་འཕེལ་ནས་མི་དམངས་ཚོ་ལ་སྔར་ལས་ལྷག་པའི་སྟོབས་འབྱོར་དང་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་ཐུབ་རྒྱུའི་རེ་བ་ཡོད་ཅེས་འཁོད་འདུག

སྲིད་དོན་དབྱེ་ཞིབ་པ་ཚོས་ཞི་ཅིན་ཕིང་གི་བྱེད་སྟངས་དེ་ནི་དེ་སྔར་བཟོ་ལས་འབྱོར་ལྡན་རྒྱལ་ཁབ་བདུན་གྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་དོ་སྣང་དང་བློ་འཚབ་ཡོད་ཅེས་བརྗོད་པ་དེ་ལ་དགག་ལན་སློག་སྟངས་ཤིག་ལ་ངོས་འཛིན་བྱེད་བཞིན་འདུག དོན་དངོས་ཐོག་བོད་པ་ཚོས་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཀྱི་འབྲས་བུ་ལོངས་སུ་སྤྱོད་ཐུབ་མེད་པ་དང་། བོད་ནང་གི་རྒྱ་མི་དཔོན་རིགས་ཚོའི་ལྐོག་ཟ་རུལ་སུངས་ཀྱི་ལམ་ལུགས་ལ་བཟང་ཕྱོགས་ཀྱི་འགྱུར་ལྡོག་རྩ་བ་ནས་ཕྱིན་མེད་ཐོག ཉེ་བའི་ལོ་ཤས་རིང་ཕྱི་རྒྱལ་བ་ཚོ་བོད་ནང་འགྲོ་རྒྱུར་ཚད་བཀག་ཇེ་ཆེ་དང་བོད་ནང་གི་བོད་པ་ཚོ་ལ་ཆབ་སྲིད་ཀྱི་དམ་དྲག་ཆེ་རུ་ཕྱིན་ཡོད་པ་རེད།

བཟོ་ལས་འབྱོར་ལྡན་རྒྱལ་ཁབ་བདུན་ལ་དགག་ལན་སློག་པ།

ཐེ་ཝན་དུ་བཅའ་སྡོད་བོད་ཀྱི་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ནས་གསུངས་དོན། བོད་པ་ཚོའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དུས་རྒྱུན་རྒྱ་ནག་ལ་སྐྱོན་བརྗོད་བྱེད་ས་ཞིག་ཆགས་ཡོད་སྟབས། ད་ལན་པེ་ཅིང་གིས་ཚོགས་འདུ་འདི་འདྲ་ཞིག་གོ་སྒྲིག་བྱས་པ་དེ་ཡང་གཙོ་བོ་རྒྱལ་སྤྱིའི་སྒང་གི་སྐྱོན་བརྗོད་ལ་དགག་ལན་སློག་སྟངས་ཤིག་རེད། ཕྱོགས་གཞན་ཞིག་ནས་ཞི་ཅིང་ཕིང་གིས་འགྲོ་བ་མིའི་ཐོབ་ཐང་ཞེས་པའི་ཚིག་བེད་སྤྱོད་བཏང་ནས་ཐ་སྙད་དེའི་ནང་དོན་ངོ་མ་ལ་ལོག་འགྲེལ་དང་འཁྱོག་བརྗོད་བྱེད་པའི་དྲིལ་བསྒྲགས་སྤེལ་སྟངས་ཤིག་རེད། བོད་ནང་གི་བོད་པ་ཚོ་ལ་བདེ་སྐྱིད་གང་ཡང་མེད་པ་དེ་འཛམ་བུ་གླིང་མི་དམངས་ཀྱིས་མཁྱེན་གསལ་རེད་ཅེས་འགྲེལ་བརྗོད་གནང་འདུག

ཐེ་ཝན་དུ་བཅའ་སྡོད་བོད་ཀྱི་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས།
ཐེ་ཝན་དུ་བཅའ་སྡོད་བོད་ཀྱི་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས།

“ཀྲུང་གོའི་བོད་ལྗོངས”འཕེལ་རྒྱས་གླེང་སྟེགས་ཞེས་པ་ནི་རྒྱ་ནག་དབུས་གཞུང་གི་གསར་འགྱུར་གཞུང་ལས་ཁང་གིས་གཙོ་སྐྱོང་འོག་༢༠༠༧ ལོ་ནས་འཚོགས་འགོ་ཚུགས་ཏེ། གཙོ་བོ་རྒྱ་ནག་དམར་ཤོག་གིས་འཛམ་གླིང་ལ་བོད་ནང་ཡར་རྒྱས་གོང་འཕེལ་ཕྱིན་རབས་སྐོར་གྱི་ཆབ་སྲིད་ཀྱི་དྲིལ་བསྒྲགས་ལ་དམིགས་པ་ཞིག་རེད། གླེང་སྟེགས་དེ་༢༠༡༩ ལོའི་སྤྱི་ཟླ་༦ པའི་ནང་འཚོགས་རྗེས་ནད་ཡམས་སྐབས་ཀྱི་ལོ་གསུམ་རིང་ལ་འཚོགས་ཐུབ་མེད་པ་རེད།

ཀྲེ་ཅང་བཟོ་ཚོང་སློབ་ཆེན་གྱི་ཨེ་ཤེ་ཡ་ཤར་མའི་ཞིབ་འཇུག་གླིང་གི་ཉམས་ཞིབ་པ་ཨ་ཏེ་ཧམ་སའེ་དབྱི་ཏེAdham Sayed ལགས་ཀྱིས་འབར་བ་སྐལ་བཟང་རྒྱལ་མཚན་ལགས་ལ་མོས་མཐུན་མེད་དེ། ཁོང་གིས་མི་དམངས་ཉིན་རེའི་ཚགས་ཤོག་སྟེང་སྤེལ་བའི་བོད་ནང་ཡར་རྒྱས་ཕྱིན་ཡོད་ཚུལ་དང་མི་དམངས་ཚོ་བདེ་སྐྱིད་ཀྱི་དཔལ་ལ་རོལ་བཞིན་པའི་འཚོ་བ་དེ་དང་། ནུབ་ཕྱོགས་གསར་ཁང་ཚོས་བཤད་པའི་བོད་ནང་གི་གནས་ཚུལ་གཉིས་རྦད་དེ་ཐ་དད་ཆགས་ཡོད། “ཀྲུང་གོའི་བོད་ལྗོངས་”སུ་བོད་ཀྱི་རིག་གནས་དང་། སྐད་ཡིག ཆོས་ལུགས། ཆོས་དད་རང་དབང་ལ་སྲུང་སྐྱོབ་དང་བརྩི་བཀུར་ལེགས་པོ་བྱེད་བཞིན་ཡོད་ཅེས་བརྗོད་འདུག

རྒྱ་གཞུང་གིས་བོད་པ་ཚོའི་ཆོས་དད་རང་དབང་ལ་སྔར་བཞིན་དམ་དྲག་ཆེན་པོ་བྱེད་བཞིན་ཡོད།

དབྱིན་ཇིའི་ནཱ་ཏིང་ཧན་Nottingham གཙུག་ལག་སློབ་ཆེན་གྱི་ཆབ་སྲིད་དང་རྒྱལ་སྤྱིའི་འབྲེལ་ལམ་རིག་པ་སྐོར་གྱི་དགེ་རྒན་ཆེན་མོ་ལའེ་ཧུང་དབྱི་ལགས་ནས་གསུངས་དོན་ལ། ཉེ་བའི་ལོ་ཤས་རིང་རྒྱ་ནག་དང་ནུབ་ཕྱོགས་རྒྱལ་ཁབ་ཚོའི་བར་གྱི་འབྲེལ་ལམ་ཛ་དྲག་ཆགས་ཡོད་པ་དང་བསྟུན་ནས། རྒྱ་ནག་མཚོ་འགྲམ་གྱི་གྲོང་ཁྱེར་ཚོའི་དཔལ་འབྱོར་ལ་ཤུགས་རྐྱེན་ངན་པ་ཐེབས་ཡོད། འོན་ཏེ་རྒྱ་ནག་དབུས་གཞུང་དང་རྒྱ་ནག་གཞུང་འབྲེལ་ཁེ་ལས་ཚོའི་སྐུལ་འདེད་འོག་ཏུ། བོད་ནང་དུ་དེ་ཙམ་གྱི་ཤུགས་རྐྱེན་ཐེབས་མེད་སྟབས། ཞི་ཅིན་ཕིང་གིས་བོད་ནང་དཔལ་འབྱོར་ཡར་རྒྱས་ཕྱིན་ཡོད་པའི་གྲུབ་འབྲས་དེ་གཞན་ལ་ངོམ་སོ་བྱས་ནས་རྒྱལ་སྤྱིའི་ཐོག་རྒྱ་ནག་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་ཁ་རྡུང་ལ་དགག་ལན་སློག་གི་ཡོད་པ་རེད་ཅེས་དང་། བོད་ནང་དབུལ་ཕུངས་ཀྱི་ཚད་ཉུང་དུ་ཕྱིན་པའི་གྲུབ་འབྲས་དེ་ཡང་ས་གནས་བོད་པ་ཚོ་དང་འབྲེལ་བ་ཆེན་པོ་ཆགས་ཐུབ་མེད། བོད་ནང་གི་དཔལ་འབྱོར་གོང་འཕེལ་ཕྱིན་ཡོད་པ་དེ་ཡང་དོ་སྙོམས་པོ་ཞིག་ཡོང་ཐུབ་མེད། ཆབ་སྲིད་ཀྱི་དབང་ཆ་དང་མ་རྩ་ཡོད་མཁན་ཚོས་དེའི་ནང་ནས་སྒེར་གྱི་ཁེ་ཕན་བསྒྲུབ་ཐུབ་ཀྱི་ཡོད་རེད་མ་གཏོགས་མི་སེར་མང་ཆེ་བ་དང་འབྲེལ་བ་གཏན་ནས་ཆགས་མེད། རྒྱལ་སྤྱིའི་ཐོག་ནས་ཀྱང་གཙོ་བོ་བོད་ནང་གི་ཆོས་ལུགས་དད་མོས་རང་དབང་ལོངས་སུ་སྤྱོད་ཐུབ་ཀྱི་མེད་པ་དང་། བོད་པ་ཚོས་སྲིད་ཀྱི་སྡིངས་ཆ་ཐོག་འབུད་རྒྱུའི་གོ་སྐབས་རྙེད་ཀྱི་མེད་པ། བོད་པ་ཡིན་པ་ཙམ་གྱིས་གཞན་ལས་གང་ཅིའི་ཐད་ནས་དམ་དྲག་ཆེན་པོ་ཡོད་པའི་གནས་སྟངས་ལ་དོ་སྣང་སླེབས་བཞིན་ཡོད་པ་རེད་ཅེས་གསུངས་འདུག

དབྱིན་ཇིའི་ནཱ་ཏིང་ཧན་Nottingham གཙུག་ལག་སློབ་ཆེན་གྱི་ཆབ་སྲིད་དང་རྒྱལ་སྤྱིའི་འབྲེལ་ལམ་རིག་པ་སྐོར་གྱི་དགེ་རྒན་ཆེན་མོ་ལའེ་ཧུང་དབྱི་།
དབྱིན་ཇིའི་ནཱ་ཏིང་ཧན་Nottingham གཙུག་ལག་སློབ་ཆེན་གྱི་ཆབ་སྲིད་དང་རྒྱལ་སྤྱིའི་འབྲེལ་ལམ་རིག་པ་སྐོར་གྱི་དགེ་རྒན་ཆེན་མོ་ལའེ་ཧུང་དབྱི་།

རྒྱ་ནག་གཞུང་འབྲེལ་གསར་ཁང་ཤིན་ཧྭ་གསར་འགྱུར་ལས་ཁུངས་ཀྱིས་ན་ནིང་ལོའི་སྤྱི་ཟླ་༡༠ པའི་ནང་དབྱིན་ཡིག་ཐོག་ནས་གསར་འགྱུར་ཞིག་སྤེལ་ཡོད་པ་ལས། ༢༠༡༢ ལོ་ནས་༢༠༢༡ ལོའི་བར་བོད་ལྗོངས་ཀྱིས་ལོ་རེར་རྒྱ་ནག་རྒྱལ་ཡོངས་ཐོན་སྐྱེད་སྡོམ་འབོར་གྱི་བརྒྱ་ཆའི་༩.༥ ཟིན་ཡོད་པ་དང་དེ་ནི་རྒྱ་ནག་གི་ས་ཁུལ་གཞན་ཚོ་དང་བསྡུར་ན་ཆ་སྙོམས་བརྒྱ་ཆའི་༢.༩ ཙམ་མཐོ་བ་ཆགས་ཡོད་ཅེས་སྤེལ་འདུག

འོན་ཏེ་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཟླ་བ་འདིའི་ཚེས་༡༥ ཉིན་སྤེལ་བའི་༢༠༢༢ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྐོར་གྱི་སྙན་ཐོ་ལས། རྒྱ་ནག་དམར་ཤོག་གཞུང་གིས་བོད་བརྒྱུད་ནང་བསྟན་དང་བོད་ཀྱི་བླ་སྤྲུལ་རྣམས་ལ་དམ་དྲག་དང་། སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་བཀག་སྡོམ་བྱས་པར་མ་ཟད། དགོན་སྡེ་ཁག་གི་ནང་གོང་ས་མཆོག་གི་སྐུ་པར་ཀྱི་ཚབ་ལ་བཙན་དབང་གི་ཐོག་ནས་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་མའོ་ཙེ་ཏུང་དང་ཞི་ཅིན་ཕིང་གི་པར་བཀེལ་བཅུག་པ། བོད་པ་ཚོའི་འགྲོ་འདུག་ལ་ལྟ་སྐུལ་ནན་མོ་བྱེད་བཞིན་པ་དང་། ལྷག་པར་དུ་ཆབ་སྲིད་དང་ཆོས་ལུགས་ཀྱི་དུས་ཆེན། དེ་བཞིན་གོང་ས་མཆོག་གི་འཁྲུངས་སྐར་ཉིན་མོ་སོགས་ལ་དམིགས་གསལ་དམ་དྲག་ནན་མོ་བྱེད་བཞིན་ཡོད་པ་བཀོད་འདུག

ལས་གནས་ནས་ཕྱིར་འབུད་བཏང་བའི་བོད་པ་དཔོན་རིགས་ཇེ་མང་འགྲོ་བཞིན་པ།

དགེ་རྒན་ཆེན་མོ་ལའེ་ཧུང་དབྱི་ལགས་ནས་གསུངས་དོན། ༢༠༡༩ ལོའི་“ཀྲུང་གོའི་བོད་ལྗོངས་”འཕེལ་རྒྱས་གླེང་སྟེགས་ཞེས་པའི་ཐོག་ཏུ། ཞི་ཅིན་ཕིང་གིས་འདི་ལྟ་བུའི་འཚམས་འདྲིའི་ཡི་གེ་ཞིག་བསྐུར་ཏེ་བོད་པ་ཚོ་བདེ་སྐྱིད་ཀྱི་འཚོ་བ་ལ་རོལ་བཞིན་པའི་“བོད་ལྗོངས་”གསར་པ་ཞེས་སྤེལ་མྱོང་ཡོད་པ་རེད། འདས་པའི་ལོ་ཤས་རིང་པེ་ཅིང་གཞུང་གིས་བོད་ནང་གི་དཔོན་རིགས་ཚོ་ལ་ལྐོག་ཟ་རུལ་སུངས་ཐད་ནས་རྡུང་རྡེག་གཏོང་བ་ཤུགས་ཆེ་རུ་ཕྱིན་ཡོད་པ་ཙམ་ལས་སྤྱི་ཡོངས་ཀྱི་ཐོག་ནས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་ལྡོག་ཆེན་པོ་ཕྱིན་མེད་པ་ཤེས་ཐུབ། བོད་ནང་དཔལ་འབྱོར་ཡར་རྒྱས་ཕྱིན་པ་དང་བསྟུན་ནས་དཔོན་རིགས་ཚོ་ལ་ལྐོག་ས་རུལ་སུངས་བྱེད་པའི་གོ་སྐབས་ཀྱང་མང་བ་ཡོད་པས། རྒྱ་ནག་གཞུང་གིས་རྡུང་རྡེག་བྱེད་ཤུགས་ཀྱང་ས་ཆ་གཞན་ཚོ་ལས་ཆེ་བ་ཡོད་པ་དེ་ལ་ཡ་མཚན་རྒྱུ་གང་ཡང་མེད་ཅེས་གསུངས་འདུག

འདས་པའི་ལོ་གཅིག་ལྷག་གི་རིང་། བོད་ནང་གི་དཔོན་རིགས་མང་པོ་ཞིག་སྔ་རྗེས་སུ་ལས་གནས་ནས་ཕྱིར་འབུད་བཏང་ཡོད་པའི་ཐད། ཐེ་ཝན་ནང་ཁེ་གཉེར་མིན་པའི་རྒྱ་མི་དམངས་གཙོའི་མཐུན་ཚོགས་ཀྱི་འགན་འཛིན་ཙེན་ཅན་ཡོན་གྱིས་ཞི་ཅིན་ཕིང་གིས་དཔོན་རིགས་རུལ་སུངས་ཅན་དེ་ཚོ་ལ་རྡུང་རྡེག་ག་ཚོད་བཏང་རུང་ལམ་ལུགས་ཐོག་ནས་རུལ་སུངས་ཆགས་ཡོད་པའི་ནད་དེ་རྩ་བ་ནས་བཅོས་ཐབས་མེད་པ་རེད། དམར་ཤོག་ཚོགས་པས་གཅིག་སྡུད་ཀྱི་སྲིད་དབང་ལམ་ལུགས་དེའི་འོག བོད་པ་ཚོས་རང་དབང་ཐོག་ནས་སྲིད་ཀྱི་སྡིངས་ཆ་དང་གཞུང་གི་དཔོན་རིགས་ཀྱི་ལས་གནས་ལ་བསྐོ་བཞག་བྱེད་ས་འགྲོ་ཡི་མ་རེད། ད་ལྟ་དཔོན་རིགས་ནང་ཁུལ་ལ་ཁེ་ཕན་ཚོགས་པ་ཞིག་ཆགས་ཚར་བ་རེད། དེ་བས་དཔོན་རིགས་རེ་ཟུང་ལས་གནས་ནས་ཕྱིར་འབུད་བཏང་བ་ཙམ་གྱིས་གནད་དོན་ངོ་མ་ཐག་གཅོད་བྱེད་ཐུབ་ཀྱི་མ་རེད་ཅེས་བརྗོད་འདུག

བོད་ནང་འགྲོ་བསྐྱོད་བྱ་རྒྱུར་དམ་དྲག་ཇེ་ཆེར་ཕྱིན་ཡོད་པ།

རྒྱ་ནག་དམར་ཤོག་གཞུང་གིས་བོད་ནང་གི་དཔོན་རིགས་ཚོ་ལ་ཞིབ་བཤེར་ནན་མོ་བྱེད་བཞིན་པ་དང་དུས་མཚུངས། ཕྱི་རྒྱལ་བ་ཚོ་བོད་ནང་འགྲོ་བསྐྱོད་བྱ་རྒྱུར་དམ་དྲག་ཇེ་ཆེར་ཕྱིན་ཡོད་པ་རེད། བལ་ཡུལ་གྱི་རྒྱལ་ས་ལ་ཡོད་པའི་ཡུལ་སྐོར་ལས་རིགས་གཉེར་མཁན་ཚོས་བརྗོད་དོན་ལྟར་ན། ད་ལྟ་བལ་ཡུལ་ནས་བོད་ལ་འགྲོ་མཁན་ཕྱི་རྒྱལ་བ་ཚོས་ཐོངས་མཆན་མ་ཞུ་སྔོན་ལ་བདུན་ཕྲག་གཅིག་གི་གོང་ནས་རྒྱ་ནག་གཞུང་ཚབ་ཁང་ཡོད་ས་ལ་སླེབས་དགོས་པ་དང་། མི་སྒེར་གྱི་ཆ་འཕྲིན་དང་བོད་ནང་འགྲོ་བའི་འཆར་གཞི་སོགས་གནས་ཚུལ་ཞིབ་ཕྲ་མཁོ་སྤྲོད་བྱ་དགོས་པ་དང་། དེ་ནས་རྒྱབ་ལྗོངས་ལ་ཞིབ་བཤེར་ཉིན་ལྔ་བྱས་རྗེས་མི་བཞི་ཡན་གྱིས་ཚོགས་པ་ལ་མ་གཏོགས་ཐོངས་མཆན་སྤྲད་ཀྱི་མེད་པ་རེད་འདུག དེ་སྔོན་ཡིན་ན་རྒྱ་ནག་གི་ཐོངས་མཆན་ཞུ་མཁན་གྱི་ཕྱི་རྒྱལ་བ་ཚོ་ཡིན་གཅིག་མིན་གཉིས་རྒྱ་ནག་གཞུང་ཚབ་ཁང་ནང་འགྲོ་དགོས་ཀྱི་མེད་ལ་ཚོགས་པའི་ཐོངས་མཆན་དེ་ཡང་ཉིན་གཉིས་ནང་ཚུད་ལ་རག་གི་ཡོད་པ་རེད།

དབྱིན་ཇིའི་ནཱ་ཏིང་ཧན་Nottingham གཙུག་ལག་སློབ་ཆེན་གྱི་ཆབ་སྲིད་དང་རྒྱལ་སྤྱིའི་འབྲེལ་ལམ་རིག་པ་སྐོར་གྱི་དགེ་རྒན་ཆེན་མོ་ལའེ་ཧུང་དབྱི་ལགས་ནས་གསུངས་དོན་ལ། རྒྱ་ནག་དམར་ཤོག་གཞུང་གིས་ལག་ལེན་བསྟར་བཞིན་པའི་ཐོངས་མཆན་སྐོར་གྱི་སྲིད་ཇུས་གསར་པ་དེས་རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་ཇེ་ཆེར་འགྲོ་བཞིན་ཡོད་པ་གསལ་པོ་མངོན་ཡོད། རྒྱ་ནག་གིས་ཕྱི་རྒྱལ་ནས་ཡོང་མཁན་ཚོས་བོད་ནང་དུ་ཟིང་ཆ་ལངས་རྒྱུར་དོགས་ཟོན་བྱེད་བཞིན་ཡོད་པ་རེད། དེ་བཞིན་རྒྱ་ནག་གཞུང་གིས་ཕྱི་རྒྱལ་བ་ཚོའི་མི་སྒེར་གྱི་ཆ་འཕྲིན་མང་པོ་བསྡུ་རུབ་བྱེད་བཞིན་པའི་འཕེལ་ཕྱོགས་དེར་མི་མང་པོས་བློ་འཚབ་ཡོང་གི་ཡོད་པ་རེད་ཅེས་གསུངས་འདུག

XS
SM
MD
LG