ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་དཀར་ནག་དང་པ་ཀི་སི་ཐན་གྱིས་ཨབ་གྷ་ཎི་སི་ཐན་ཐོག་ཏུ་འགྲན་རྩོད།


༄༅།། དུས་རབས་༡༩་པའི་ནང་དུ་དབྱིན་ཇི་བཙན་རྒྱལ་དང་ཨུ་རུ་སུའི་གོང་མའི་གཞུང་གིས་ཨབ་གྷ་ཎི་སི་ཐན་བརྩད་ནས་འཐབ་འཁྲུག་བརྒྱབ། དུས་རབས་༢༠་པའི་ནང་དུ་ཨ་མི་རི་ཀ་དང་ཨུ་རུ་སུ་དམར་ཤོག་རྒྱལ་ཁབ་གཉིས་ཀྱིས་ཨབ་གྷ་ཎི་སི་ཐན་བརྩད་ནས་འཐབ་རྩོད་བྱུང་། ད་ལྟ་ཏ་ལི་བྷན་ཤོག་ཁག་གིས་ཨབ་གྷ་ཎི་སི་ཐན་ལ་སླར་ཡང་དབང་སྒྱུར་བྱེད་ཡོད་པས་རྒྱ་དཀར་ནག་གཉིས་དང་པ་ཀི་སི་ཐན་བཅས་ཀྱིས་ཨབ་གྷ་ཎི་སི་ཐན་ལ་ཤུགས་རྐྱེན་ཐེབས་ཐབས་ཀྱི་འགྲན་རྩོད་གསར་པ་ཞིག་མགོ་བརྩམས། ཕྱི་ཟླ་༨་པའི་ཚེས་༢༣་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། པ་ཀི་སི་ཐན་དང་རྒྱ་ནག་གཉིས་ཁ་མཐུན་བྱས་ནས་ཨབ་གྷ་ཎི་སི་ཐན་ལ་ཤུགས་རྐྱེན་ཐེབས་ཐབས་ཀྱི་འགྲན་རྩོད་གསར་པར་ཞུགས། འདས་པའི་ལོ་༢༠་ལྷག་ལ་རྒྱ་གར་དང་ཨབ་གྷ་ཎི་སི་ཐན་གྱི་འབྲེལ་བ་ཡར་རྒྱས་བཏང་མོད། འོན་ཀྱང་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཐོག་མ་ནས་སྡང་དགྲར་གྱུར་ཡོད་པར་མ་ཟད། ན་ནིང་ནས་ཧིན་བོད་ས་མཚམས་སུ་དམག་འཁྲུག་གི་ཉེན་ཁ་བྱུང་སྟེ་རྒྱ་དཀར་ནག་གི་འབྲེལ་བ་སྡུག་ཏུ་སོང་། ཉེ་ཆར་པ་ཀི་སི་ཐན་གྱི་མཐུན་གྲོགས་ཏ་ལི་བྷན་ཤོག་ཁག་གིས་རྒྱ་གར་ལ་འབྲེལ་བ་བཟང་པོ་ཡོད་པའི་ཨབ་གྷ་ཎི་སི་ཐན་གྱི་དམངས་གཙོའི་སྲིད་གཞུང་མགོ་རྟིང་བསློགས། དེར་བརྟེན་ཨབ་གྷ་ཎི་སི་ཐན་གྱི་ཏ་ལི་བྷན་ཤོག་ཁག་པ་ཀི་སི་ཐན་དང་རྒྱ་ནག་གི་ཕྱོགས་གཏོགས་སུ་གྱུར་ནས་རྒྱ་གར་གྱི་དགྲ་རུ་འགྱུར་སྲིད་པའི་རྣམ་པ་ཞིག་མངོན། ལྡི་ལི་གསར་པའི་དབང་འཛིན་པ་ཚོས་ཏ་ལི་བྷན་ཤོག་ཁག་ལ་འཇིགས་སྣང་དང་དོགས་ཟོན་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག

པ་ཀི་སི་ཐན་གྱི་རྒྱབ་སྐྱོར་འོག་༡༩༩༦་ལོར་ཏ་ལི་བྷན་ཤོག་ཁག་གིས་ཨབ་གྷ་ཎི་སི་ཐན་གྱི་སྲིད་དབང་བཟུང་། ༢༠༠༡་ལོར་ཨ་མི་རི་ཀས་དམག་བརྒྱབ་ནས་ཏ་ལི་བྷན་ཤོག་ཁག་ཕམ་ཉེས་བྱུང་། བདུན་ཕྲག་སྔོན་མར་ཏ་ལི་བྷན་ཤོག་ཁག་གིས་ཨབ་གྷ་ཎི་སི་ཐན་གྱི་རྒྱལ་ས་ཀ་བྷུལ་གྲོང་ཁྱེར་བཙན་བཟུང་བྱས་པའི་རྗེས་སུ་པ་ཀི་སི་ཐན་གྱི་སྲིད་བློན་ཨིམ་རན་ཁན་གྱིས་ཨབ་ཧན་མི་དམངས་རྣམས་བྲན་གཡོག་གི་འཆིང་སྒྲོག་འོག་ནས་གྲོལ་བ་རེད་ཅེས་བསྒྲགས། ཏ་ལི་བྷན་ཤོག་ཁག་གིས་སྲིད་གཞུང་གསར་པ་ཞིག་འཛུགས་ཐབས་སུ་གྲོས་སྡུར་བྱེད་བཞིན་དེར་པ་ཀི་སི་ཐན་གྱི་གཞུང་འབྲེལ་མི་སྣ་ཁག་གིས་ཐེ་གཏོགས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། པ་ཀི་སི་ཐན་གྱི་ཕྱི་སྲིད་ལྷན་ཁང་གིས་ང་ཚོས་ཨབ་གྷ་ཎི་སི་ཐན་གྱི་ཤོག་ཁག་ཚང་མ་འདུས་པའི་སྲིད་གཞུང་ཞིག་འཛུགས་ཐུབ་རྒྱུ་དང་མངའ་ཁུལ་དེར་ཞི་བདེ་བརྟན་ལྷིང་ཚུགས་ཐུབ་པའི་རེ་བ་འཆང་ཡོད། ཡིན་ནའང་མཐར་ཐུག་གི་ཐག་གཅོད་ནི་ཨབ་ཧན་མི་དམངས་ཀྱི་ལག་ཏུ་ཡོད་ཅེས་གསལ་བསྒྲགས་སྤེལ། སྔོན་ཆད་རྒྱ་ནག་ཨབ་གྷ་ཎི་སི་ཐན་གྱི་འཐབ་རྩོད་ཁག་ལ་འབྲེལ་བ་བྱུང་མྱོང་མེད་མོད། འོན་ཀྱང་རྒྱ་ནག་གིས་ཞིན་ཅང་གི་བདེ་འཇགས་དང་རྒྱ་གར་ལ་གནོན་ཤུགས་སྤྲོད་ཐབས། རྒྱ་ནག་ནི་པ་ཀི་སི་ཐན་གྱི་མཐུན་གྲོགས་གཙོ་བོ་ཡིན་པ་དང་ཨབ་གྷ་ཎི་སི་ཐན་གྱི་རང་བྱུང་གཏེར་ཁ་རྣམས་རྒྱ་ནག་གིས་སྔོག་འདོན་བྱ་རྒྱུ་བཅས་ལ་དམིགས་ནས་ཉེ་སྔོན་ཕྱི་སྲིད་བློན་ཆེན་ཝང་དབྱིས་ཏ་ལི་བྷན་ཤོག་ཁག་གི་མཐོ་རིམ་འགོ་ཁྲིད་ཚོར་ཐུག་འཕྲད་བྱས་ནས་ཏ་ལི་བྷན་གྱི་སྲིད་གཞུང་ངོས་ལེན་བྱ་རྒྱུ། རྒྱ་ནག་གིས་ཨབ་གྷ་ཎི་སི་ཐན་ལ་དཔལ་འབྱོར་རོགས་རམ་སྤྲད་ནས་ཨ་མི་རི་ཀའི་ཤུགས་རྐྱེན་མེད་པར་གཏོང་རྒྱུའི་རྣམ་འགྱུར་སྟོན་འགོ་ཚུགས།།

རྒྱ་ནག་གི་སི་ཁྲོན་སློབ་གྲྭ་ཆེན་མོའི་ལྷོ་ཨེ་ཤི་ཡའི་གནད་དོན་དབྱེ་ཞིབ་པ་སློབ་དཔོན་ཀྲང་ལིས་གསར་འགོད་པར་བཤད་པ་ལྟར་ན། པེ་ཅིང་གི་དབང་འཛིན་པ་ཚོས་ཨབ་གྷ་ཎི་སི་ཐན་ལ་འབྲེལ་བ་འཛུགས་ཀྱི་ཡོད་པ་ནི་རྒྱ་གར་ལ་ཁ་གཏད་གཅོག་པའི་ཆེད་དུ་རེད་ཅེས་གླེང་སློང་བྱེད་ཀྱི་ཡོད་པ་མཐའ་གཅིག་ཏུ་བདེན་པ་ཡིན་པའི་ངེས་པ་མེད། རྒྱ་ནག་གིས་དོ་ཁུར་བྱེད་དོན་གཙོ་བོ་ཞིག་ཨབ་གྷ་ཎི་སི་ཐན་གྱི་ཤོག་ཁག་ཚང་མ་འདུས་པའི་བཏང་སྙོམས་ཀྱི་སྲིད་གཞུང་ཞིག་འཛུགས་རྒྱུ། ཞིན་ཅང་དང་དེའི་ཉེ་འཁོར་གྱི་མངའ་ཁུལ་ཁག་ལ་ཤར་ཏུར་ཀི་སི་ཐན་ཁ་ཆེ་ལས་འགུལ་ཚོགས་པའི་འཇིགས་སྐུལ་རིང་ལུགས་པ་རྣམས་སིམ་འཛུལ་བྱེད་མི་ཐུབ་པ་ཞིག་འབྱུང་ཐབས་ཁོ་ན་རེད། རྒྱ་ནག་ལ་དེ་ལས་ལྷག་པའི་དམིགས་ཡུལ་ཡོད་མེད་ནི་ཕྱིས་སུ་བལྟ་དགོས་པ་ཞིག་རེད་ཅེས་བཀྲལ། ཨ་མི་རི་ཀའི་གཞུང་གིས་ཤར་ཏུར་ཀི་སི་ཐན་ཁ་ཆེ་ལས་འགུལ་ཚོགས་པ་ཞེས་དོན་དམ་གྱི་སྒྲིག་འཛུགས་ཤིག་མི་འདུག དེ་ནི་རྒྱ་ནག་གཞུང་གིས་འཇིགས་སྐུལ་རིང་ལུགས་ཀྱི་ཉེས་མིང་བཏགས་ནས་ཞིན་ཅང་གི་ཡུ་གུར་མི་རིགས་ལ་དྲག་གནོན་བྱེད་པའི་ཐབས་ཇུས་ཤིག་རེད་ཅེས་སྐྱོན་བཙུགས། རྒྱ་ནག་གིས་ཨ་མི་རི་ཀའི་སྐྱོན་འཛུགས་དེར་ངོས་ལེན་མེད་ཅེས་དགག་པ་བརྒྱབ། རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་སྲིད་ཇུས་ཉམས་ཞིབ་ཁང་གི་འཐབ་ཇུས་ཉམས་ཞིབ་སློབ་དཔོན་བྷ་རཱ་མ་ཅེ་ལ་ནེས་བརྗོད་དོན་ལྟར་ན། རྒྱ་ནག་གཞུང་གིས་ཏ་ལི་བྷན་གྱི་གཞུང་དེར་ཕྱི་འབྲེལ་བཙུགས་ནས་ངོས་ལེན་འཐོབ་རྒྱུ་དང་ཨབ་གྷ་ཎི་སི་ཐན་གྱི་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན། རྒྱལ་ཁབ་དེའི་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་བཅས་ཏ་ལི་བྷན་ཤོག་ཁག་ལ་དགོས་ངེས་ཀྱི་ལས་དོན་ཁག་གསུམ་ཡོད་པ་རྒྱ་ནག་གིས་སྒྲུབ་ཐུབ། རྒྱ་ནག་ལའང་ཨབ་གྷ་ཎི་སི་ཐན་གྱི་རང་བྱུང་གཏེར་ཁ་རྣམས་སྔོག་འདོན་བྱེད་ཐུབ་པའི་གོ་སྐབས་དང་ཨབ་གྷ་ཎི་སི་ཐན་བརྒྱུད་ནས་པ་ཀི་སི་ཐན་དང་ཨི་རན། དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ཚོང་ལམ་འཛུགས་སྐྲུན་བྱ་རྒྱུ་ཤུགས་ཆེ་རུ་གཏོང་ཐུབ་པའི་ཁེ་ཕན་འཐོབ་རྒྱུ་རེད་ཅེས་བསྟན།།

ཨ་རིའི་ནེའུ་ཡོཀ་མངའ་སྡེའི་ཨི་ཐ་ཀ་མཐོ་སློབ་ཀྱི་སྲིད་དོན་དཔྱད་ཞིབ་པ་རུ་མཱིས་བཤད་པ་ལྟར་ན། ༡༩༤༧་ནས་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀྱིས་དམག་འཁྲུག་ཐེངས་གསུམ་བརྒྱབ་པ་རེད། པ་ཀི་སི་ཐན་གྱི་བརྙན་འཕྲིན་དང་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཏ་ལི་བྷན་ཤོག་ཁག་གིས་བསྐྱར་དུ་སྲིད་དབང་སྲིད་བཟུང་བར་དགའ་བསུ་ཆེན་པོ་ཞུ་བཞིན་འདུག དགའ་བསུ་ཞུ་དོན་ནི་ཨབ་གྷ་ཎི་སི་ཐན་ལ་རྒྱ་གར་གྱིས་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་མེད་པར་གྱུར་པ་དང་། ལྷག་པར་དུ་ཨབ་གྷ་ཎི་སི་ཐན་གྱི་སྲིད་འཛིན་ཨ་ཤི་རབ་གྷ་ཎིས་རྒྱ་གར་ལ་འབྲེལ་བ་དམ་ཟབ་བཟུང་སྟེ་པ་ཀི་སི་ཐན་གྱི་བདེ་འཇགས་ལ་ཉེན་ཁ་ཕྲད་པར་ཐུག་འདུག་ཅེས་བཤད། ༡༩༦༦་ནས་༢༠༠༡་བར་དུ་ཏ་ལི་བྷན་ཤོག་ཁག་གིས་སྲིད་དབང་བཟུང་བའི་རིང་དེར་པ་ཀི་སི་ཐན་ལ་འབྲེལ་བ་དམ་ཟབ་བྱུང་ཞིང་། ༡༩༩༩་ལོར་རྒྱ་གར་གྱི་འགྲུལ་སྐྱེལ་གནམ་གྲུ་ཞིག་བཙན་ཁྲིད་བྱས་ནས་ཨབ་གྷ་ཎི་སི་ཐན་གྱི་ལྷོ་ཕྱོགས་སུ་ཆགས་པའི་ཁན་དྷ་ཧར་གྲོང་ཁྱེར་དུ་བབས། རྒྱ་གར་གཞུང་གིས་བཙོན་ཁང་དུ་བཅུག་ཡོད་པའི་པ་ཀི་སི་ཐན་གྱི་འཇིགས་སྐུལ་རིང་ལུགས་པ་ཁག་ཅིག་གློད་གྲོལ་བཏང་ནས་འགྲུལ་སྐྱེལ་གནམ་གྲུ་དང་གནམ་གྲུའི་ནང་གི་འགྲུལ་པ་རྣམས་སྐྱོབ་དགོས་བྱུང་ཡོད། ༢༠༠༡་ལོའི་ཕྱི་ཟླ་༩་པའི་ཚེས་༡༡་ཉིན་འཇིགས་སྐུལ་རིང་ལུགས་པ་ཚོས་ཨ་མི་རི་ཀར་གཏོར་རྒོལ་བྱས་པ་དང་ཨ་མི་རི་ཀས་ཨབ་གྷ་ཎི་སི་ཐན་ལ་དམག་བརྒྱབ་ནས་འཇིགས་སྐུལ་རིང་ལུགས་པ་རྣམས་རྩ་མེད། ཏ་ལི་བྷན་ཤོག་ཁག་གི་སྲིད་དབང་མགོ་རྟིག་བསློགས། རྒྱ་གར་ལ་ཨབ་གྷ་ཎི་སི་ཐན་གྱི་དམངས་གཙོའི་སྲིད་གཞུང་དེར་འབྲེལ་བ་ཡར་རྒྱས་གཏོང་བའི་གོ་སྐབས་ཐོབ།།

ཨབ་གྷ་ཎི་སི་ཐན་དུ་བཅའ་སྡོད་རྒྱ་གར་གྱི་གཞུང་ཚབ་པ་ཟུར་པ་ཇཱ་ཡན་ཏ་པྲ་ས་ཏས་ང་ཚོས་དངོས་ཡོད་གནས་སྟངས་ལ་གཞིགས་ནས་རང་གི་ལངས་ཕྱོགས་དེར་བཅོས་སྒྲིག་བྱ་དགོས། ང་ཚོས་ཨབ་གྷ་ཎི་སི་ཐན་ལ་དམིགས་ནས་ཡུན་རིང་གི་འཐབ་རྩོད་ཅིག་བྱ་དགོས། རྒྱ་གར་དང་ཨབ་གྷ་ཎི་སི་ཐན་གཉིས་ས་མཚམས་འདྲེས་མེད་ཀྱང་རྒྱ་གར་ལ་ཁེ་ཕན་ཆེན་པོ་ཞིག་ལེན་རྒྱུ་ཡོད་ཅེས་བཤད། སྔ་ལོ་ཨ་མི་རི་ཀའི་གཞུང་གིས་ཏ་ལི་བྷན་ཤོག་ཁག་ལ་གྲོས་མོལ་བྱས་པ་དང་རྒྱ་གར་གྱི་ཕྱི་འབྲེལ་མི་སྣ་ཚོས་ཀྱང་ཏ་ལི་བྷན་ཤོག་གི་ལས་སྣེ་ཚོར་འབྲེལ་བ་བཙུགས་པའི་གནས་ཚུལ་ཐོན། ཡིན་ནའང་དེང་སྐབས་རྒྱ་གར་རྒྱལ་ནང་དུ་ལྡི་ལི་གསར་པས་ཨ་ཤི་རབ་གྷ་ཎིའི་སྲིད་གཞུང་འབའ་ཞིག་ལ་འབྲེལ་བ་བཙུགས་པ་ནི་ནོར་འཁྲུལ་རེད། ཨ་མི་རི་ཀས་ཏ་ལི་བྷན་ཤོག་ཁག་ལ་གྲོས་མོལ་བྱེད་ཀྱི་ཡོད་ཀྱང་རྒྱ་གར་མགོ་འཐོམས་ནས་བསྡད་པ་རེད་ཅེས་བསྡིགས། རྒྱ་གར་གྱི་ཕྱི་འབྲེལ་མི་སྣ་ཚོས་ཨབ་གྷ་ཎི་སི་ཐན་གྱི་འབྲེལ་ཡོད་ཤོག་ཁག་ཚང་མར་གྲོས་མོལ་བྱེད་ཀྱི་ཡོད་ཅེས་བཤད་ཀྱང་ཤོག་ཁག་གང་གང་ལ་འབྲེལ་བ་བྱེད་ཀྱི་ཡོད་པ་གསལ་བཀྲོལ་བྱས་མེད་པ་རེད།།

ད་ལྟ་ཉམས་ཞིབ་པ་ཕལ་ཆེ་བས་ཨབ་གྷ་ཎི་སི་ཐན་གྱི་ཏ་ལི་བྷན་ཤོག་ཁག་ནི་ལོ་༢༠་ཐམ་པའི་སྔོན་གྱི་ཏ་ལི་བྷན་ཤོག་ཁག་དེ་མ་རེད། རྒྱ་གར་ཀྱང་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་དང་ལྷོ་ཨེ་ཤི་ཡའི་སྟོབས་འབྱོར་གཉིས་ལྡན་གྱི་རྒྱལ་ཁབ་ཆེན་པོ་ཞིག་རེད། ཨབ་གྷ་ཎི་སི་ཐན་གྱི་རྒྱལ་ཡོངས་གྲོས་ཚོགས་ཁང་ཚུད་པའི་རྒྱ་གར་གྱིས་ཨབ་གྷ་ཎི་སི་ཐན་ལ་ཞིང་ཆེན་༣༤་ཡོད་པ་དེ་དག་གི་ནང་དུ་འཛུགས་སྐྲུན་ལས་གཞི་རེ་གཉེར་གྱི་ཡོད་པ་རེད་ཅེས་གླེང་། རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གི་གསར་འགོད་པ་ཟུར་པ་དང་ལྷོ་ཨེ་ཤི་ཡའི་ཉམས་ཞིབ་དཔེ་དེབ་གསུམ་གྱི་རྩོམ་པ་པོ་མེཀ་ཌོ་ནལ་གྱིས་བཤད་པ་ལྟར་ན། བདུན་ཕྲག་སྔོན་མར་ཏ་ལི་བྷན་ཤོག་ཁག་གིས་སྲིད་དབང་བཟུང་བ་རྒྱ་གར་ལ་གནས་སྐབས་ཀྱི་ཕམ་གྱོང་ཞིག་ཡིན་སྲིད། ཡིན་ནའང་ལྡི་ལི་གསར་པར་རྦད་དེ་ཕམ་ཉེས་བྱུང་བ་ཞིག་ག་ལ་ཡིན། ཏ་ལི་བྷན་ཤོག་ཁག་ཀྱང་སྔོན་མའི་གནས་སྟངས་དེར་བསྐྱར་ལོག་བྱེད་ཐབས་བྲལ། ཨབ་གྷ་ཎི་སི་ཐན་སྔར་བཞིན་ཁ་ཆེའི་འཇིགས་སྐུལ་རིང་ལུགས་པའི་གནས་ཚང་ཞིག་ལ་འགྱུར་ཐུབ་རྒྱུ་ཁག་པོ་རེད། རྒྱ་གར་ནི་པ་ཀི་སི་ཐན་ལས་ཀྱང་དཔལ་འབྱོར་དང་ཚོང་ལས་སོགས་ཀྱི་སྟོབས་ཆེན་རྒྱལ་ཁབ་ཅིག་རེད་ཅེས་བཤད། ཏ་ལི་བྷན་གྱི་མཐོ་རིམ་འགོ་ཁྲིད་ཅིག་གིས་ང་ཚོར་ཨ་མི་རི་ཀ་དང་ཨུ་རུ་སུ། ཨི་རན་སོགས་ཚུད་པའི་རྒྱལ་ཁབ་ཚང་མས་རོགས་སྐྱོར་བྱ་དགོས། ཨབ་གྷ་ཎི་སི་ཐན་གྱི་ཚོང་ལས་དང་གཏེར་ཁ་སྔོན་འདོན། རྒྱལ་ཁབ་ཀྱི་འཕྲོད་བསྟེན་ལས་རིགས་ཁག་ལ་ཕྱིའི་རྒྱལ་ཁབ་ཁག་གིས་མ་རྩ་འཛུགས་རྒྱུའི་རེ་ལྟོས་འཆང་ཡོད་ཅེས་འབོད་སྐུལ་ཞུས་འདུག

XS
SM
MD
LG