ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

སྒྱུ་རྩལ་བར་འཇམ་པོའི་སྟོབས་ཤུགས་ཡོད་ཅེས་བརྗོད་བྱུང་།


ཡོ་རོབ་སུད་སིར་གནས་སྡོད་བྱེད་མཁན་རྣམ་གླིང་བློ་བརྟན།
ཡོ་རོབ་སུད་སིར་གནས་སྡོད་བྱེད་མཁན་རྣམ་གླིང་བློ་བརྟན།

སྒྱུ་རྩལ་བ་ཚོ་དང་བླ་མ་ཚོར་དགའ་མོས་བྱེད་དེ་རྗེས་འབྲངས་བྱེད་མཁན་མང་པོ་ཡོད་པ་འདི་དབང་ཐང་ཆེན་པོ་རེད་ལ། འདི་ནི་འཇམ་པོའི་སྟོབས་ཤུགས་ཆེན་པོ་ཞིག་ཡིན་པས། བཙན་བྱོལ་གྱི་སྒྱུ་རྩལ་བ་དང་བླ་མ་ཚོས་མི་གཅིག་ཡིན་ཡང་བོད་ཕྱོགས་ལ་འཁོར་ཐབས་བྱེད་རྒྱུར་གཡོལ་དུ་མེད་པའི་ལས་འགན་ཡོད་ཅེས་བོད་ཀྱི་གླུ་གཞས་སྒྱུ་རྩལ་བ་ཞིག་གིས་བརྗོད་སོང་།

ཡོ་རོབ་སུད་སིར་གནས་སྡོད་བྱེད་མཁན་རྣམ་གླིང་བློ་བརྟན།
ཡོ་རོབ་སུད་སིར་གནས་སྡོད་བྱེད་མཁན་རྣམ་གླིང་བློ་བརྟན།

ཡོ་རོབ་སུད་སིར་གནས་སྡོད་བྱེད་མཁན་རྣམ་གླིང་བློ་བརྟན་ལགས་ནི་བཙན་བྱོལ་དུ་བོད་ཀྱི་གླུ་གཞས་པའི་ནང་དུ་བོད་དོན་དྲིལ་བསྒྲགས་པ་དམིགས་བསལ་གྱིས་ནུས་པ་འདོན་མཁན་ཞིག་ཡིན་ཞིང་། སྤྱི་ལོ་༢༠༠༨་ལོར་བོད་ནང་དུ་ས་ཞི་ལོའི་ཞི་རྒོལ་བྱུང་བའི་སྐབས་ཡིན་ན་འདྲ་ལ། དེའི་རྗེས་བོད་ནང་དུ་རིམ་པས་རང་སྲེག་ངོ་རྒོལ་གྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱུང་བའི་སྐབས་ཡིན་ན་འདྲ། ཡང་བོད་དུ་སློབ་མ་ཚོས་སྐད་ཡིག་བཀོལ་སྤྱོད་ལ་རང་དབང་དང་ཐོབ་ཐང་དགོས་པའི་ལས་འགུལ་སྤེལ་བའི་སྐབས་ཡིན་ན་འདྲ། སྐབས་ཐོག་སོ་སོར་ཞི་བའི་གོམ་བགྲོད་དང་འཁྲབ་སྟོན་སོགས་ཀྱི་ལམ་ནས་བོད་ནང་གི་བོད་མིར་འཕྲད་བཞིན་པའི་དཀའ་ངལ་རྣམས་མི་རིགས་གཞན་ལ་བོད་དོན་གོ་རྟོགས་སྤེལ་བར་མི་སྒེར་ལས་འགུལ་རབ་དང་རིམ་པ་སྤེལ་ཡོད་པ་རེད།

པཎ་ཆེན་རིན་པོ་ཆེ་སྐུ་ན་ཆུང་དུས་ནས་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱེད་པའི་སྐོར་དང་། གཞིས་བྱེས་གཉིས་སུ་བོད་མི་༡༦༠་ལྷག་གིས་རང་ལུས་མེར་སྲེག་གནང་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་པའི་སྐོར་བཅས་གནད་དོན་འདི་གཉིས་ཡོ་རོབ་དམངས་ཁྲོད་དུ་གོ་རྟོགས་སྤེལ་རྒྱུ་ནི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བཞིན་པ་སྒྱུ་རྩལ་བ་རྣམ་གླིང་བློ་བརྟན་ལགས་ཀྱིས་བརྗོད་བྱུང་།

ཉེ་ཆར་རྣམ་གླིང་བློ་བསྟན་ལགས་ལ་འདི་ཀ་ཨ་རིའི་རླུང་འཕྲིན་ཁང་གི་བརྙན་ལེན་ཁང་དུ་ཕེབས་ཏེ་བཙན་བྱོལ་བོད་མི་སྒྱུ་རྩལ་བའི་ལས་འགན་དང་དཀའ་ངལ་གྱི་སྐོར་ལ་བཅར་འདྲི་དང་ལེན་སྐབས་སུ་བརྗོད་རྒྱུར། ང་ཚོའི་བོད་པའི་ནང་དུ་པཎ་ཆེན་རིན་པོ་ཆེ་སུ་ཡིན་པ་བོད་མི་ཕལ་མོ་ཆེ་ཡིས་ཤེས་ཀྱི་རེད་དེ། ཕྱི་རྒྱལ་མི་རིགས་ཁོངས་སུ་བོད་དོན་ལ་འབྲེལ་བ་མེད་མཁན་ཚོས་པཎ་ཆེན་རིན་པོ་ཆེ་སུ་ཡིན་ཤེས་ཀྱིན་མི་འདུག ད་དུང་བོད་མི་རང་སྲེག་ངོ་རྒོལ་གནང་མཁན་ཚོའི་སྐོར་ལ་ཡང་ཤེས་རྟོགས་མེད་པ་མ་ཟད། གོ་ནོར་ཐེབས་རྒྱུའི་ཉེན་ཁ་འདུག ངས་འདི་ཚོའི་ཐད་ལ་ཆེད་དུ་དབྱིན་སྐད་དུ་གླུ་གཞས་བཟོས་ཏེ་འཇར་མན་གྱི་རོལ་ཚོགས་ཤིག་དང་མཉམ་དུ་ཡོ་རོབ་གྲོང་ཁྱེར་ལྔར་གླུ་གཞས་དགོང་ཚོགས་འཚོགས་ཡོད་ཅེས་ངོ་སྤྲོད་གནང་བྱུང་ལ། སྤྱིར་བོད་དོན་གོ་དོན་སྤེལ་བའི་གཞས་ཀྱི་རྣམ་པ་དེ་ཡང་(Rock Music) འམ་ཁོང་གིས་དེ་ལ་(རྩམ་པའི་རྡོ་བྲག་)ཅེས་བསྒྱུར་ཏེ་དྲག་དཀྲོལ་རོལ་མོའི་ལམ་ནས་བོད་རང་བཙན་རྩོད་མཁན་གྱི་རེ་མདུན་ཤུགས་དྲགས་སྟོན་ཞོར། བོད་དོན་གོ་རྟོགས་སྤེལ་ཡོད་འདུག་མོད། འོན་ཀྱང་ཁོང་རང་བློ་ཕམ་བྱུང་བའི་གནས་ཚུལ་ཞིག་ལ། རྒྱ་ནག་གཞུང་གིས་ཡུན་རིང་ལ་མི་རྒྱུ་གཉིས་ཀྱི་འགྲོ་གྲོན་བཏང་ནས་ནུབ་ཕྱོགས་སུ་བོད་ནང་གི་གནས་ཚུལ་འགེབས་ཐབས་བྱེད་པར་བརྟེན་ནས། ད་ལྟའི་ལོ་ན་༡༥་ནས་༢༥་ཡན་གྱི་ཕྱི་རྒྱལ་གྱི་ན་གཞོན་ཚོའི་གྲས་སུ་བོད་ནང་གི་གནས་སྟངས་ཅི་ཡིན་གང་ཡང་ཤེས་རྟོགས་མེད་མཁན་མང་པོ་ཡོད་པ་མཐོང་ཡོད་པ་རེད། གླུ་གཞས་འདུ་འཛོམས་ཀྱི་དགོང་ཚོགས་ཐོག་ཏུ་༼ཁྱེད་ཚོས་བོད་ཀྱི་སྐོར་ཤེས་སམ་༽ཞེས་དྲིས་ཚེ་གཅིག་གཉིས་ཤིག་གིས་༼ཤེས་ཀྱི་ཡོད་༽ཅེས་པ་ཙམ་ལས། ཕྱི་རྒྱལ་གྱི་དམངས་ཁྲོད་དུ་བོད་དོན་གོ་རྟོགས་ཡོད་མཁན་ཇེ་ཉུང་ལ་སོང་འདུག་ཅེས་བརྗོད་པ་དང་སྦྲགས་རང་རེའི་ཆབ་སྲིད་པ་ཚོས་འདིའི་ཐད་ལ་དོ་སྣང་གནང་དགོས་སྐོར་འབོད་སྐུལ་ཞུས་སོང་།

ཡོ་རོབ་སུད་སིར་གནས་སྡོད་བྱེད་མཁན་རྣམ་གླིང་བློ་བརྟན་
ཡོ་རོབ་སུད་སིར་གནས་སྡོད་བྱེད་མཁན་རྣམ་གླིང་བློ་བརྟན་

ཡང་བློ་བརྟན་ལགས་ཀྱིས་རང་ཉིད་ནི་བཙན་བྱོལ་སྤྱི་ཚོགས་སུ་འཚར་ལོངས་བྱུང་བའི་བོད་མི་ཞིག་ཡིན་ཞིང་། བཙན་བྱོལ་བ་ཚོར་གཡོལ་ཐབས་མེད་པའི་ལས་འགན་ལྕི་ཁོག་ཅན་ཡོད་པར་ངོས་འཛིན་གནང་གིན་འདུག འདིའི་ཐད་ལ་ཁོང་གིས་བརྗོད་རྒྱུར། ང་ཚོའི་སྤྱི་ཚོགས་སུ་ང་ལ་སྐྱོན་བརྗོད་བྱེད་མཁན་དེ་འདྲ་ཡིས། བློ་བརྟན་ཁྱེད་རང་གཞས་བཏང་ནས་འདུག་རོགས། ཆབ་སྲིད་མང་པོ་མ་བཤད་ཟེར་ནས་སྐད་ཆ་བཤད་མཁན་འདུག འདི་ནི་ཧ་ལས་པའི་ཐབས་སྐྱོ་བོ་རེད། ང་ཚོའི་གཞས་གཏོང་མཁན་ཚོར་འཇམ་པོའི་སྟོབས་ཤུགས་ཡོད། དབང་ཐང་ཆེན་པོ་ཡོད། ང་ཚོར་དགའ་མཁན་མང་པོ་ཡོད། དེར་བརྟེན་ང་ཚོའི་ཁ་འགོག་ཆེད་རྒྱ་ནག་གིས་མིས་ཆེད་གཏོང་བྱེད་དེ་ང་ཚོའི་སྒྱུ་རྩལ་བའི་ནུས་པ་ཉམས་རྨས་གཏོང་ཐབས་བྱེད་ཀྱིན་ཡོད། ཡིན་ན་ཡང་ད་ལྟ་ང་ཚོར་ལས་འགན་སྔར་ལས་ལྷག་པ་ཡོད། ལྷག་པར་དུ་༧རྒྱལ་བ་རིན་པོ་ཆེ་སྔོན་ལྟར་འཛམ་གླིང་ཡུལ་གྲུ་གང་སར་ཆིབས་བསྒྱུར་མཛད་འཕྲིན་སྐྱོང་ཐུབ་ཀི་མེད་ཀྱང་། བོད་མི་སྒྱུ་རྩལ་བ་དང་བླ་མ་ཚོར་རྗེས་འབྲངས་པ་མང་པོ་ཡོད་པས། མི་གཅིག་ཡིན་ཡང་མི་སེམས་བོད་ལ་འཁོར་ཐབས་བྱེད་དགོས་པ་གལ་ཆེ་ལ། ང་ཚོས་བོད་ནང་གི་བོད་མིའི་དཀའ་སྡུག་ངོ་སྤྲོད་ཞུ་རྒྱུ་ལས་འགན་དང་གནས་བབ་ཀྱི་ཆ་ནས་གནད་འགག་ཆགས་ཡོད་ཅེས་ཀྱང་ངོ་སྤྲོད་གནང་སོང་། ཡང་བློ་བརྟན་ལགས་ཀྱིས་རང་དབང་ལུང་བར་ག་རེ་གནང་ཡང་འགྲིག་གི་ཡོད་ཀྱང་། ༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་དང་ཕ་མ། མི་རབས་རྒན་པ་ཚོའི་བསླབ་བྱ་དང་བག་ཆགས་ལས། རང་ལ་དཔག་པའི་བོད་དོན་ཁྱབ་བསྒྲགས་དང་གོ་རྟོགས་སྤེལ་སའི་སྡིངས་ཆ་དང་ཐབས་ལམ་ཞིག་བཙལ་ནས་ནུས་པ་འདོན་ཐབས་བྱེད་ཀྱིན་ཡོད་པ་རེད།

བོད་མི་སྒྱུ་རྩལ་བ་ཞིག་གི་བོད་དོན་ལས་འགུལ།
བོད་མི་སྒྱུ་རྩལ་བ་ཞིག་གི་བོད་དོན་ལས་འགུལ།

མཐར་བློ་བརྟན་ལགས་ཀྱིས་བརྗོད་ན་ད་ལྟ་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་དགུང་ལོ་མཐོ་བོར་ཕེབས་པ་དང་འཛམ་གླིང་ཡུལ་གྲུ་གང་སར་དེ་སྔོན་ལྟར་ཆིབས་བསྒྱུར་མཛད་འཕྲིན་སྐྱོང་རྒྱུ་ཉུང་དུ་སོང་ཡོད་པ་དང་ཡང་བོད་ནང་གི་གནས་སྟངས་མུ་མཐུད་ནས་ཛ་དྲག་ངང་ཡོད་པའི་དུས་བབ་འདི་འདྲ་ཞིག་ལ་བཙན་བྱོལ་གྱི་བོད་མི་སྒྱུ་རྩལ་བ་ཚོས་༧གོང་ས་མཆོག་གི་དགོངས་པ་ཁྱབ་སྤེལ་དང་བོད་དོན་གོ་རྟོགས་སྤེལ་རྒྱུ་ནི་གཡོལ་དུ་མེད་པའི་འགན་འཁྲི་ཞིག་ཡིན་པས་བཙན་བྱོལ་བོད་མི་སྒྱུ་རྩལ་བ་ཚོར་འབོད་སྐུལ་ཞུ་རྒྱུ་ཡིན་པར་བརྗོད་སོང་།

གླེང་སྟེགས།

XS
SM
MD
LG