ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༧/༢༣

འཆར་ལྡན་བུ་སྐྱེས་དེ་སྨོན་ལམ་ལོག་པ་དང་འདྲ་བ།


རྒྱ་ནག་གཞུང་གིས་འདས་པའི་མི་ལོ་༤༠་ལྷག་གི་རིང་ལ་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་ཤིག་སྤེལ་ཞིང་རིམ་བཞིན་་ཕྲུ་གུ་གཅིག་ལས་སྐྱེས་མི་ཆོག་པ་དེ་ཁྲིམས་མཐུན་ལ་བསྒྱུར་བ་སོགས་རྒྱ་ནག་མི་མང་གི་ལུས་སེམས་གཉིས་ལ་དཀའ་ངལ་ཆེན་པོ་བཟོས་ཡོད། མི་ལོ་༤༠་ལྷག་གི་རྗེས་སུ་ཁྲིམས་དེ་ནུས་མེད་བཟོ་རྒྱུར་ཁ་སྐྱེངས་པ་དང་། ཁྲིམས་དེ་ལག་བསྟར་བྱེད་ཚེ་རྒྱ་ནག་གི་འབྱུང་འགྱུར་སྲིད་འབྱོར་རིག་གསུམ་ཉེན་ཁའི་གནས་སུ་ལྷུང་ངེས་པ་རེད། སྐབས་འདི་འདྲ་ཞིག་ལ་རྒྱ་ནག་གི་མགོ་ཁྲིད་ཞི་ཅིས་ཕེན་གྱིས་རྒྱ་ནག་གི་དམག་མི་ཚོར་ཕྲུ་གུ་གསུམ་རེ་སྐྱེས་དགོས་པའི་སྐུལ་སློང་གི་བཀོད་ཁྱབ་གསར་བ་ཞིག་བསྒྲགས་འདུག

སྤྱི་ལོ་གཅིག་དགུ་བརྒྱད་བཅུ་གྱ་གྲངས་ནས་མི་ལོ་༤༠་ཡི་རིང་འདིར་(འཆར་ལྡན་བུ་སྐྱེས་)ཞེས་པའི་སྲིད་ཇུས་འདིས་རྒྱ་ནག་དམར་ཤོག་གི་བཙན་བཟུང་ཁྱབ་ཁོངས་སུ་ཡོད་པའི་མི་རིགས་ཡོངས་ལ་དཀའ་ངལ་ཆེན་པོ་བཟོས་པ་ལས། ལྷག་པར་དུ་མི་འབོར་ཧ་ཅང་ཉུང་ཞིང་། རིག་གཞུང་དང་འཚོ་གནས། དད་པ་སོགས་རྒྱ་མི་རིགས་དང་ཐ་དད་ཡིན་པའི་བོད་མི་མང་ནི་(འཆར་ལྡན་བུ་སྐྱེས་)ཞེས་པའི་སྲིད་ཇུས་འདིའི་འོག་གི་གནོད་པ་ཆེ་ཤོས་ཐེབས་མཁན་ཞིག་ཆགས་ཡོད།

དེ་རིང་སྐབས་སུ་བབ་པ་ནི་(འཆར་ལྡན་བུ་སྐྱེས་)ཞེས་པའི་སྲིད་ཇུས་འདིའི་བྱུང་རིམ་དང་། འདི་ཁྲིམས་ཀྱི་ངོ་བོར་གཏན་འབེབས་བྱེད་སྟངས། འདི་ལ་འགྱུར་བ་གང་འདྲ་བྱུང་བ་། ད་ལྟ་ཁྲིམས་འདིའི་ངོ་བོར་འགྱུར་བ་ཐེབས་པ། ཡང་ཁྲིམས་འདི་ཡིས་རྒྱ་ནག་གི་འབྱུང་འགྱུར་སྲིད་འབྱོར་རིག་གསུམ་ལ་ཉེན་ཁ་ཆེན་པོ་ཞིག་བཟོས་ཡོད་པ། ཁྲིམས་འདིའི་ཁྱབ་ཁོངས་ཀྱི་ལྐོག་ཟ་རུལ་སུངས། ལྷག་པར་དུ་རྒྱལ་སྲུང་དང་མི་འབོར་རྒན་གཞོན་དོ་མ་མཉམ་པའི་དཀའ་ངལ་བཟོས་ཡོད་པ་བཅས་ངོ་སྤྲོད་ཞུ་རྒྱུ་ཡིན།

མི་འབོར་གནད་དོན་གྱི་ཉམས་ཞིབ་པ་ཡི་ཧྥུ་ཞན།
མི་འབོར་གནད་དོན་གྱི་ཉམས་ཞིབ་པ་ཡི་ཧྥུ་ཞན།

ཨ་རིའི་རླུང་འཕྲིན་ཁང་གི་ཆེད་གླས་དཔྱད་བརྗོད་པ་དང་མི་འབོར་གནད་དོན་གྱི་ཉམས་ཞིབ་པ་ཡི་ཧྥུ་ཞན་གྱིས་བརྗོད་དོན་ལྟར་ན། ཉེ་ཆར་ཞི་ཅེན་ཕེན་གྱིས་(ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་འབོར་དང་འཆར་ལྡན་བུ་སྐྱེས་ཀྱི་ཁྲིམས་ལས་དམག་གི་ལག་བསྟར་ཁྲིམས་ཡིག་) ཅེས་པ་ཞིག་ལ་མིང་རྟགས་བཀོད་དེ་འགྲེམས་སྤེལ་བྱས་པ་དེའི་ནང་ལ། དམག་མི་ཚོས་ཕྲུ་གུ་གསུམ་རེ་སྐྱེས་དགོས་པ་བཀོད་ཁྱབ་བཏང་འདུག་ཅེས་དང་། འདི་ནི་མི་འབོར་སྲིད་ཇུས་དང་འབྲེལ་བའི་རྒྱ་ནག་གི་ཁ་སྐྱེངས་དང་འགལ་ཟླའི་གནས་བབ་ཅིག་མཚོན་གི་ཡོད་པ་སྟེ། ཕྱོགས་གཅིག་ནས་(འཆར་ལྡན་བུ་སྐྱེས་) ཀྱི་སྲིད་ཇུས་འདིས་རྒྱ་ནག་གི་མི་འབོར་སྤུས་ཚད་ཉེན་ཁའི་ནང་ལྷུང་ཡོད་པ་རྒྱ་ནག་གཞུང་གིས་ངོས་ལེན་བྱེད་དགོས་ཆགས་ཡོད་པ། ཡང་ཕྱོགས་གཞན་ཞིག་ནས་སྲིད་གཞུང་གིས་(འཆར་ལྡན་བུ་སྐྱེས་ཀྱི་)་ཁྲིམས་འདི་ནུས་མེད་གཏོང་བ་ལ་ཁ་སྐྱེངས་པ་དང་། སྲིད་གཞུང་གི་ངོ་སོ་སྲུང་ཆེད་དུ་ཁྲིམས་དེའི་ངོ་བོར་འགྱུར་བ་བཏང་བ་ཞིག་ལ་ངོས་འཛིན་བྱེད་འདུག

གཅིག (འཆར་ལྡན་བུ་སྐྱེས་)ཀྱི་ཁྲིམས་དང་དེའི་རྒྱབ་ལྗོངས།


སྤྱི་ལོ་༡༩༨༠་ལོར་ཕྲུ་གུ་གཅིག་ལས་སྐྱེས་མི་ཆོག་པའི་སྲིད་ཇུས་འདི་ཚོད་ལྟའི་ཚུལ་གྱིས་ལག་བསྟར་བྱས་སྐབས་སུ་སྲིད་ཇུས་འདི་ལ་སྲིད་ཇུས་དང་ཁྲིམས་སོགས་ཀྱི་མིང་མ་བཀོད་པར་(ཡོངས་གྲགས་ཀྱི་འཕྲིན་) ཞེས་བྲིས་ཏེ་བཀོད་ཁྱབ་བཏང་ཡོད་འདུག སྐབས་དེར་(འཆར་ལྡན་བུ་སྐྱེས་ལག་བསྟར་ཚོགས་ཆུང་) དང་མི་འབོར་རིག་པ་བ་ཚོས་ཕྲུ་གུ་གཅིག་ལས་མང་པ་སྐྱེས་མཁན་ཚོའི་ལག་ནས་རྒྱུ་འབྱོར་གཞུང་བཞེས་ཀྱིས་ཆད་པ་གཅོད་རྒྱུ་དང་བཙོན་མཇུག་བྱེད་རྒྱུ་སོགས་ཀྱི་(འཆར་ལྡན་བུ་སྐྱེས་)ཀྱི་ཁྲིམས་བཟོ་མགོ་བཙུགས་ཡོད་འདུག ཡིན་ན་ཡང་སྤྱི་ལོ་༡༩༨༢་ལོར་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གྱི་ཁྲིམས་ལུགས་འཐུས་མི་ཝང་ཝིན་གྱིས་རྒྱལ་ཡོངས་མི་མང་ཁྲིམས་ལུགས་འཐུས་མི་ལྷན་ཚོགས་ཀྱི་མགོ་གཙོ་གཞོན་པ་ཞི་ཀྲོན་ཞོན་ལ་(འཆར་ལྡན་བུ་སྐྱེས་) ཀྱི་སྲིད་ཇུས་ནི་བཙན་དཀའ་མ་ཡིན་པར། དང་བླངས་དང་རང་འདོད་ཡིན་དགོས་པ། ཉེས་འཛུགས་ཁྲིམས་ཆད་སོགས་ཀྱི་(འཆར་ལྡན་བུ་སྐྱེས་)ཀྱི་སྲིད་ཇུས་དེ་ཁྲིམས་མཐུན་ལ་བསྒྱུར་བར་ངོ་རྒོལ་གྱི་བསམ་འཆར་བཏོན་ཞིང་། སྐབས་དེར་དམར་ཤོག་གཞུང་གི་དཔོན་རིགས་ཚོའི་ནང་དུ་རྒོད་བྲོ་བའི་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་དེ་ལོ་ཤས་ལ་ལག་བསྟར་བྱེད་རྗེས་གཡུགས་འཇོག་རྒྱུ་དང་། དེ་ཁྲིམས་ལ་གཏན་འབེབས་བྱེད་རྒྱུར་མོས་མེད་མཁན་མང་པོ་བྱུང་བས། སྐབས་དེར་འཆར་ལྡན་བུ་སྐྱེས་ལག་བསྟར་བྱས་པ་ནི་ཁྲིམས་འགལ་ཡིན་ཞིང་། རིམ་བཞིན་སྤྱི་ལོ་༡༩༨༤་ལོར་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་ལ་ལྷོད་ཡངས་ངང་གྲོང་གསེབ་ཁག་གཙོས་ས་ཆ་མང་པོར་ཕྲུ་གུ་གཉིས་སྐྱེས་ཆོག་པར་བཏང་ཡོད་འདུག

སྤྱི་ལོ་༡༩༨༩་ལོར་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་སློབ་མའི་དམངས་གཙོ་ལས་འགུལ་གྱི་དྲུག་བཞིའི་དོན་རྐྱེན་མཇུག་སྒྲིལ་རྗེས། དང་ཐོག་འཆར་འྡན་བུ་སྐྱེས་ཀྱི་སྲིད་ཇུས་ལ་ངོ་རྒོལ་བྱེད་མཁན་དང་མོས་མཐུན་མེད་མཁན་གྱི་དཔོན་རིགས་ཚོ་ཆབ་སྲིད་ཀྱི་སྡིངས་ཆ་ལས་ཕྱིར་འཐེན་བྱས་པ་དང་། ཕྲུ་གུ་གཅིག་ལས་སྐྱེས་མི་ཆོག་པའི་(འཆར་ལྡན་བུ་སྐྱེས་)ཀྱི་སྲིད་ཇུས་གསར་བཟོ་བྱེད་མཁན་ཟོན་ཅན་ཅི་ཞེས་པ་དེ་རྒྱལ་ཡོངས་མི་མང་འཐུས་མི་དང་རྒྱལ་ཁབ་རིམ་པའི་ཚན་རིག་སྡེ་ཚན་གྱི་མགོ་གཙོ་ལ་གྱུར་བས། ཁོས་བསྐྱར་དུ་འཆར་ལྡན་བུ་སྐྱེས་ལས་ས་ཆ་ཁ་ཤས་ལ་ཕྲུ་གུ་གཉིས་སྐྱེས་ཆོག་པའི་ལྷོད་ཡངས་ཀྱི་སྲིད་ཇུས་དེར་དགའ་བོ་བྱུང་མེད་པ་ངད་ཆགས་ཅིག སྐབས་དེའི་རྒྱ་ནག་གི་དམར་ཤོག་མགོ་ཁྲིད་ཅང་ཙི་མེན་གྱིས་འཆར་ལྡན་བུ་སྐྱེས་ཀྱི་སྐོར་ལ་གོ་རྟོགས་ཅི་ཡང་མེད་པས། འཆར་ལྡན་བུ་སྐྱེས་ཀྱི་འཆར་ཟིན་བཟོ་མཁན་ཚོའི་ཚན་རིག་གི་གྲུབ་དོན་དང་རེའུ་མིག་ལ་ཡིད་ཆེས་ཀྱིས་་ཕྲུ་གུ་གཅིག་ལས་སྐྱེས་མི་ཆོག་པའི་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་བཟོ་མཁན་ཟོན་ཅན་ཅི་ཡི་ཁ་ལ་ཉན་པ་དང་། གྲོང་གསེབ་ས་ཁུལ་ཏུ་ཕྲུ་གུ་གཉིས་སྐྱེས་ཆོག་པའི་ལྷོད་ཡངས་ཀྱི་སྲིད་ཇུས་ཕྱིར་བསྡུ་བྱས་པ་མ་ཟད། འཆར་ལྡན་བུ་སྐྱེས་རྒྱལ་ཡོངས་ལས་དོན་ཚོགས་ཆུང་གི་མགོ་གཙོ་བུད་མེད་ཕེན་ཕི་ཡའུ་ལ་སྣེ་ཁྲིད་དུ་བཅུག་ཏེ་རྒྱ་ནག་རྒྱལ་ཡོངས་སུ་ཕྲུ་གུ་གཅིག་ལས་སྐྱེས་མི་ཆོག་པའི་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་སྤེལ།

སྤྱི་ལོ་༡༩༩༡་ལོར་ཕྲུ་གུ་སྐྱེས་ཚད་ཧ་ཅང་དམའ་བོར་གྱུར་ཞིང་སྤྱིར་ཡིན་ན་སྔར་ནས་སྲིད་ཇུས་དེ་མཚམས་འཇོག་བྱེད་རན་ཡང་། དེ་ལས་ལྡོག་ཏེ་འཆར་ལྡན་བུ་སྐྱེས་ཀྱི་ལས་དོན་ལ་སྔར་ལས་ལྷག་པའི་ནུས་པ་བཏོན་ནས་མི་འབོར་ཚོད་འཛིན་བྱེད་རྒྱུའི་ཐག་གཅོད་བྱས་པ་དང་། མི་འབོར་ཚོད་འཛིན་བྱེད་མ་ཐུབ་ན་འབྲེལ་ཡོད་ས་གནས་ཀྱི་དཔོན་རིགས་སོ་སོར་འགན་འཁྲི་མཐའ་འདེད་བྱེད་རྒྱུ་ཡིན་བསྒྲགས་འདུག

དེའི་བར་ན་འཆར་ལྡན་བུ་སྐྱེས་ལ་འདོད་པ་མེད་པའི་དཔོན་རིགས་རྒན་པ་ཚོ་རྒན་ཡོལ་ལ་སོང་བ་དང་རྒྱལ་ཁབ་ཀྱི་འཆར་ལྡན་བུ་སྐྱེས་ཁང་གི་མགོ་གཙོ་བུད་མེད་ཕེན་ཕི་ཡའུ་དང་མགོ་གཙོ་གཞོན་པ་ཅང་ཀྲིན་ཧྭ་གཉིས་དུས་གཅིག་ལ་སྤྱི་ལོ་༡༩༩༨་ལོར་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཟེར་བ་དེའི་མགོ་གཙོ་དང་མགོ་གཙོ་གཞོན་པར་གྱུར་བས། ལམ་སེང་ཁྲིམས་ལུགས་ཆེད་མཁས་པའི་ཚོགས་པ་བཙུགས་ནས་(འཆར་ལྡན་བུ་སྐྱེས་ཀྱི་ཁྲིམས་)ཞེས་པ་འཆར་ཟིན་འབྲི་རུ་བཅུག སྤྱི་ལོ་༢༠༠༠་ལོར་རག་རྩིས་ལས་ཕྲུ་གུ་སྐྱེས་ཚད་ཧ་ཅང་དམའ་བ་ལས་སྤྱིར་ཡིན་ན་སྐབས་དེ་དུས་ཕྲུ་གུ་སྐྱེས་རྒྱུར་སྐུལ་སློང་བྱེད་དགོས་ཀྱང་། དེ་ལས་ལྡོག་ཏེ་སྤྱི་ལོ་༢༠༠༡་ལོའི་སྤྱི་ཟླ་༡༢་ཚེས་༢༩་ཉིན་ལ་སྐབས་དེའི་དམར་ཤོག་མགོ་ཁྲིད་ཅང་ཙི་མེན་གྱིས་(ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་འབོར་དང་འཆར་ལྡན་བུ་སྐྱེས་ཀྱི་ཁྲིམས་) ཞེས་ཡོངས་ཁྱབ་ལ་བསྒྲགས། ད་ལྟ་དང་འབྱུང་འགྱུར་ལ་རྒྱ་ནག་ཏུ་རྒན་གཞོན་དོ་མ་མཉམ་པ་སོགས་ཀྱི་ཉེན་ཁ་ཆེན་པོ་འདི་ཅང་ཙི་མེན་དང་ཕེན་ཕི་ཡའུ་གཉིས་ཀྱི་དུས་རབས་ནས་མགོ་བཙུགས་པར་བརྗོད་བཞིན་འདུག

གཉིས། འཆར་ལྡན་བུ་སྐྱེས་ཀྱི་ཁེ་ཕན་ཚོགས་པ།

ཡང་ཨ་རིའི་རླུང་འཕྲིན་ཁང་གི་ཆེད་གླས་དཔྱད་བརྗོད་པ་དང་མི་འབོར་གནད་དོན་གྱི་ཉམས་ཞིབ་པ་ཡི་ཧྥུ་ཞན་གྱི་དཔྱད་བརྗོད་དེའི་ནང་དུ་འཆར་ལྡན་བུ་སྐྱེས་ལག་བསྟྲ་བྱེད་མཁན་ལ་ཁེ་ཕན་ཚོགས་པ་ཞེས་བྲིས་འདུག་ལ། ཁེ་ཕན་ཟ་མཁན་ཚོས་འཆར་ལྡན་བུ་སྐྱེས་མུ་མཐུད་ནས་གནས་ཐུབ་ཀི་མེད་པ་ཤེས་རྟོགས་བྱུང་ཏེ་ཁོ་ཚོས་འཅར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་དང་རང་ཉིད་ལ་རྒྱབ་རྟེན་བཙལ་ཡོད་པ་རེད། དཔེར་ན་སྤྱི་ལོ་༢༠༠༠་ལོར་རྒྱ་ནག་གཞུང་གིས་ལའུ་ཅེ་ཧྭ་ཡིས་སྣེ་ཁྲིད་དེ་(ཀྲུང་གོ་ཀྲུང་དབྱང་རྒྱལ་སྲུང་ལྷན་ཁང་གི་མི་འབོར་དང་འཆར་ལྡན་བུ་སྐྱེས་ཀྱི་ལས་དོན་བརྟན་པོ་དང་བུ་སྐྱེས་གནས་སྟངས་ཀྱི་ཐག་གཅོད་ལ་སྔར་ལས་ལྷག་པའི་ཤུགས་སྣོན་) ཟེར་བའི་ཁྲིམས་ཀྱི་འཆར་ཟིན་ཞིག་བཏོན་ཡོད་པ་དང་། དེའི་ནང་དུ་དུས་རབས་ཉེར་གཅིག་ལ་རྒྱ་ནག་གི་མི་འབོར་དུང་ཕྱུར་༡༦་ལ་འཕེལ་ངེས་པའི་ཚོད་དཔག་བྱས་ཏེ་སྤྱི་ལོ་༢༠༠༨་ལོར་རྒྱལ་ཁབ་ཀྱི་མི་འབོར་འཕེལ་རྒྱས་ཀྱི་སྲིད་ཇུས་དང་སྙན་ཐོ་ཟེར་བ་བཏོན་ནས་མུ་མཐུད་དུ་ཕྲུ་གུ་གཅིག་ཀས་སྐྱེས་མི་ཆོག་པའི་ཁྲིམས་དེ་རྒྱུན་སྐྱོང་གིས་

མི་འབོར་དུང་ཕྱུར་༡༥་ལ་གཏོང་རྒྱུའི་བསམ་འཆར་བཏོན་པ་མ་ཟད། ད་དུང་མི་འབོར་གྱི་སྤུས་ཀ་སྟེ། ན་ཚོད་རྒན་གཞོན་དང་སྐྱེས་འཆིའི་ཆ་སྙོམས་ལ་སྤྱི་ལོ་༢༠༣༤་བར་དཀའ་ངལ་འཕྲད་ཀི་མེད་པའི་ཚོད་དཔག་བྱས་མོད། ཡིན་ན་ཡང་ད་ལྟ་སྤྱི་ལོ་༢༠༢༣་ལོར་ཕྲུ་གུ་གཉིས་སྐྱེས་པ་དང་གསུམ་སྐྱེས་རྒྱུའི་སྲིད་ཇུས་སྤེལ་ཡང་། གཞུང་འབྲེལ་མི་སྣས་སྤྱི་ལོ་༢༠༢༢་ལོ་ནས་རྒྱ་ནག་ཏུམི་སྐྱེས་ཚད་ཀྱི་གྲངས་ཀ་ཉུང་བ་དང་མི་ཤི་བའི་གྲངས་ཀ་མང་བ་ཡོད་པ་བཅས་སྐྱེས་འཆིའི་གྲངས་ཀ་དོ་མ་མཉམ་པར་གྱུར་ཡོད་པ་ངོས་ལེན་བྱེད་་དགོས་ཆགས་ཡོད་འདུག
ཡིན་ན་ཡང་ཁེ་ཕན་ཚོགས་པས་སྤྱི་ལོ་༢༠༠༣་ལོར་(རྒྱལ་ཁབ་ཀྱི་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་)ཞེས་པའི་མིང་འདི་ལ་(རྒྱལ་ཁབ་ཀྱི་མི་འབོར་དང་འཆར་ལྡན་བུ་སྐྱེས་ཨུ་ཡོན་ཁང་)ཞེས་བཅོས་བསྒྱུར་བཏང་ཡོད་ལ། ཡང་ སྤྱི་ལོ་༢༠༡༣་ལོར་(རྒྱལ་ཁབ་ཀྱི་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་)་ཞེས་བེད་སྤྱོད་གཏོང་བཞིན་པ་རེད། ཡིན་ན་ཡང་ད་ལྟ་ད་དུང་(འཆར་ལྡན་བུ་སྐྱེས་)ཀྱི་ཁྲིམས་འདི་ནུས་མེད་མ་བཏང་མ་བཏང་བར། འཆར་ལྡན་བུ་སྐྱེས་ཀྱི་ཁྲིམས་འདི་་ཕྲུ་གུ་གཅིག་ལས་སྐྱེས་མི་ཆོག་པར་བཀོལ་ཆོག་པ་དང་། ཡང་འཆར་ལྡན་བུ་སྐྱེས་ཀྱི་ཁྲིམས་ནི་ཕྲུ་གུ་མང་པོ་སྐྱེས་ཆོག་པར་བཀོལ་ཆོག་པཡང་བཀོལ་ཆོག་པ་ཞིག་ཏུ་བཏང་ཡོད་པ་རེད།

མཇུག་སྡོམ། འཆར་ལྡན་བུ་སྐྱེས་ལས་འཕྲོས་པའི་ལྐོག་ཟ་རུལ་སུངས་དང་རྒྱལ་སྲུང་ཉེན་ཁ།

འདས་པའི་ལོ་ངོ་བཅུ་ལྷག་གི་རིང་ལ་རྒྱ་ནག་གཞུང་གིས་དམག་སྡེ་དང་དྲིལ་བསྒྲགས་སྡེ་ཚན། ཆབ་སྲིད་སྡེ་ཚན། ཚོང་ལས་དང་དཔལ་འབྱོར་སྡེ་ཚན་སོགས་སུ་ལྐོག་ས་རུལ་སུངས་རྩ་་མེད་བཟོ་རྒྱུའི་སྲིད་ཇུས་སྤེལ་ཡང་ལམ་ལྷོང་ལྡན་པ་ཞིག་བྱུང་མེད་པ་ཨ་རིའི་རླུང་འཕྲིན་ཁང་གི་ཆེད་གླས་དཔྱད་བརྗོད་པ་དང་མི་འབོར་གནད་དོན་གྱི་ཉམས་ཞིབ་པ་ཡི་ཧྥུ་ཞན་གྱིས་བརྗོད་འདུག ཡང་མི་འབོར་ཞིབ་བཤེར་དང་མི་འབོར་སྲིད་ཇུས་ལ་འབྲེལ་བ་དེའི་ཁྱབ་ཁོངས་ཀྱི་ལྐོག་ཟའི་གནད་དོན་འདི་ལ་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཚོས་དོ་སྣང་བྱེད་ཐབས་མ་རྙེད་པར་ལྷག་ཡོད་པ་རེད།

ཁྱབ་ཁོངས་འདིའི་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ནི་དཔལ་འབྱོར་དང་རིག་གཞུང་གཉིས་ཀར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་དང་། འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་དང་འབྲེལ་བའི་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་དེ་གནད་འགག་ཆེན་པོ་ཞིག་ཡིན་པ་རེད། རྒྱ་ནག་དབུས་སྒྲིག་ལམ་ཞིབ་བཤེར་ལྷན་ཁང་གིས་མི་འབོར་དང་འབྲེལ་བའི་སྲིད་ཇུས་ལག་བསྟར་བྱེད་མཁན་གྱི་ཁྱབ་ཁོངས་ལ་ལྐོག་ཟ་རུལ་སུངས་ཀྱི་རྒོལ་རྡུང་བྱེད་རྒྱུར་ཁྱབ་ཁོངས་འདིའི་གནས་ཚུལ་ལ་གོ་རྟོགས་ཀྱིས་མ་འདང་བ་དང་། ཕྱོགས་གཅིག་ནས་རྒྱལ་ཁབ་ཀྱི་མི་འབོར་སྲིད་ཇུས་ལ་གཟབ་ནན་བྱེད་པའི་མཚོན་རྟགས་དང་ཕྱོགས་གཞན་ཞིག་ནས་མི་འབོར་སྟངས་འཛིན་ལ་ཚན་རིག་དང་མཐུན་པའི་ལས་དོན་བྱེད་ཕྱོགས་ལ་རྒྱུས་ལོན་མེད་པ་དང་རྙོག་འཛིང་ཆེ་བས་ཡིན་པ་རེད། འཆར་ལསྡན་བུ་སྐྱེས་ཀྱི་ཁྲིམས་དེ་ནི་སྨོན་ལམ་ལོག་པ་བྱུང་བ་ལྟར། ཕྲུ་གུ་གཉིས་དང་གསུམ་སྐྱེས་ཆོག་པར་བརྗོད་ཀྱང་ཕུ་གུ་སྐྱེས་མཁན་བྱུང་གི་མེད་པ་རེད། གཞན་ཡང་རྒྱ་ནག་གཞུང་གི་ཆེས་མཐོའི་དཔོན་རིགས་ཚོས་ལྐོག་ཟ་རུལ་སུངས་རྩ་མེད་གཏོང་རྒྱུའི་ཆོད་སེམས་བརྟན་པོ་མེད་པ་དང་ཆགས་ཅིག རྒྱལ་ཁབ་དང་རིག་གཞུང་ལ་ཉེན་ཁ་བྱུང་བ་ལས། གཞི་ནས་འཆར་ལྡན་བུ་སྐྱེས་ནི་རྒྱལ་སྲུང་བདེ་འཇགས་ལ་ཉེན་ཁ་བཟོས་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་རེད། དེ་ལ་བརྟེན་ནས་རྒྱ་ནག་གི་མགོ་ཁྲིད་ཞི་ཅེན་ཕེན་གྱིས་རྒྱ་ནག་གི་དམག་མི་ཚོའི་རྒྱལ་སྲུང་འདུ་ཤེས་སྲ་བརྟན་དུ་གཏོང་ཆེད་དུ་དམག་མི་ཚོར་ཕྲུ་གུ་གསུམ་རེ་སྐྱེས་རྒྱུར་སྐུལ་སློང་དང་བཀོད་ཁྱབ་བཏང་བ་ཞིག་ལ་ངོས་འཛིན་བྱེད་བཞིན་འདུག

ཡང་ཡི་ཧྤུ་ཞན་གྱིས་རྒྱ་ནག་དང་རྒྱ་གར་གྱི་མི་འབོར་ཉམ་ཞིབ་སྙན་ཐོ་གཉིས་གཤིབ་བསྡུར་བྱེད་འདུག

རྒྱ་ནག་གི་དམག་མི་ཁྲི་༢༠༠་ལས་དམག་མི་ཕོ་ཡིས་བརྒྱ་ཆ་༩༦་ཟིན་པ། ལོ་ན་༡༩་ནས་༣༠་བར་གྱི་བརྒྱ་ཆ་༩༠་ཟིན་པ། ལོ་ན་༢༠་ནས་༢༥་བར་དུ་བརྒྱ་ཆ་༥༢་ཟིན་པ། སྤྱི་ལོ་༡༩༩༠་ལོར་རྒྱ་ནག་གི་དམག་མི་ལོ་ན་༡༩་ནས་༣༥་ཅན་གྱི་གྲངས་འབོར་དེ་རྒྱ་གར་དང་བསྡུར་ན་ལྡབ་གཅིག་དང་ཕྱེད་ཀའི་མང་བ་ཡོད་ཀྱང་སྤྱི་ལོ་༢༠༠༩་ལོར་རྒྱ་གར་དང་བསྡུར་ན་རྦད་དེ་ཇེ་ཉུང་ལ་སོང་ཡོད་འདུག ཡང་སྤྱི་ལོ་༢༠༥༠་ལོ་ལ་རྒྱ་གར་དང་བསྡུར་ན་རྒྱ་གར་གྱི་ཕྱེད་ཀ་ལ་འགྱུར་ངེས་པ་རེད། སྤྱི་ལོ་༡༩༩༠་ལོར་རྒྱ་ནག་གི་དམག་མི་ལོ་ན་༢༠་ནས་༢༥་ཅན་རྒྱ་གར་དང་བསྡུར་ན་ལྡབ་གཅིག་དང་ཚེག་དྲུག་གིས་མང་བ་ཡོད་ཀྱང་། ད་ལྟ་རྒྱ་གར་དང་བསྡུར་ན་རྒྱ་གར་གྱི་ཕྱེད་ཀ་ལས་མེད་པས་སྤྱི་ལོ་༢༠༥༠་ལོ་ལ་རྒྱ་གར་དང་བསྡུར་ན་རྒྱ་གར་གྱི་གསུམ་ཆ་གཅིག་མ་གཏོགས་མེད་པ་རེད། ཡང་རྒྱ་ནག་གི་མི་འབོར་སྤུས་ཀ་ཇེ་ཞན་དུ་སོང་བ་ཟེར་བའི་ནང་དོན་ནི་ན་ཚོད་དང་རྒན་གཞོན་དོ་མི་མཉམ་པ། ཕོ་མོ་གྲངས་འབོར་དོ་མི་མཉམ་པ། སྐྱེས་འཆིའི་གྲངས་འབོར་དོ་མི་མཉམ་པ་བཅས་ལ་འབྲེལ་བ་ཡོད་པ་ལས། དེ་ཡིས་དཔལ་འབྱོར་འཕེལ་རྒྱས་ལ་གནོད་པ་སྐྱེལ་རྒྱུ་སྟེ་ལས་ཀ་བྱེད་ཐུབ་མཁན་གྱི་ལོ་ཚད་ཀྱི་མིའི་གྲངས་འབོར་ཇེ་ཉུང་དུ་འགྲོ་བཞིན་ཡོད།

ད་ལྟ་རྒྱ་ནག་གི་མི་འབོར་ཕྱེད་ཀའི་ལོ་ཚད་དེ་༤༢་ལས་བརྒལ་ཞིང་རྒྱ་གར་གྱི་མི་འབོར་ཕྱེད་ཀའི་ལོ་ཚད་དེ་ལོ་ན་༢༩་ཡིན་པ་རེད། ༢༠༥༠་ལོར་རྒྱ་ནག་གི་མི་འབོར་ཕྱེད་ཀའི་ལོ་ཚད་༥༧་ལས་ཆེ་བ་ཡིན་པ་དང་རྒྱ་གར་གྱི་མི་འབར་ཕྱེད་ཀའི་ལོ་ཚད་༣༩་ཡིན་པ་ལས་མི་རབས་གཉིས་ཀྱི་བར་ཁྱད་ཤོར་གི་ཡོད། དེར་བརྟེན་འཆར་ལྡན་བུ་སྐྱེས་ཀྱིས་མི་འབོར་ཉམས་རྒུད་དང་རྒན་གཞོན་དང་ཕོ་མོ་དོ་མཉམ་མེད་པ། འབྱུང་འགྱུར་རྒྱ་ནག་གི་དམག་མི་ལ་རྒྱལ་སྲུང་གི་འདུ་ཤེས་དང་རྒྱལ་སྲུང་གི་ནུས་པ་ལྡན་པའི་མི་རབས་གསར་བ་ཁག་པོ་འགྱུར་རྒྱུ། རྒན་ཡོལ་གྱི་དམག་མི་ཟུར་བའི་གྲངས་འབོར་གློ་བུར་དུ་འཕར་རྒྱུས་བཅས་ཁ་ཐུག་རྒྱལ་སྲུང་བདེ་འཇགས་དང་འབྲེལ་བ་ཆགས་ཡོད་འདུག

XS
SM
MD
LG