ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་ཁག་ཏུ་ནད་དུག་འགོས་པའི་མི་༡༣༩་བྱུང་བ།


༄༅།། དེང་སྐབས་རྒྱ་གར་ལ་རྒྱ་ནག་ནས་བྱུང་བའི་ཏོག་དབྱིབས་ནད་དུག་ཐེངས་གཉིས་པ་ཁྱབ་སྟེ་ཛ་དྲག་ཆེ་རུ་བཞིན་པའི་དུས་སུ་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཤོས་རྒྱ་གར་ཕྱོགས་ཀྱི་བོད་མིའི་གཞིས་ཆགས་ཁག་ཏུའང་ཏོག་དབྱིབས་ནད་དུག་འགོས་པའི་ནད་པའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། དེ་ཡང་སྦེལ་ཀོབ་གཞིས་ཆགས་གསར་རྙིང་གཉིས་སུ་སྨན་བཅོས་བྱེད་བཞིན་པའི་ནད་པ་༥༠་ཐམ་པ་དང་ཉེ་ཆར་མི་གཅིག་ལ་འཆི་སྐྱོན་བྱུང་སོང་ཞེས་སྦེལ་ཀོབ་འཚོ་བྱེད་སྨན་ཁང་གི་འགན་འཛིན་རིག་འཛིན་རྣམས་རྒྱལ་གྱིས་འགྲེལ་བརྗོད་གནང་སོང་། སྦེལ་ཀོབ་ཏོག་དབྱིབས་ནད་དུག་ཛ་དྲག་ཚོགས་ཆུང་གིས་ནད་ཡམས་ཁྱབ་གདལ་གྱི་ཛ་དྲག་གི་གནས་སུ་ལྷུང་ཡོད། འོན་ཀྱང་ནད་པ་འཇོག་ས་སྦེལ་ཀོབ་སམ་བྷོ་ཌ་ཉིན་སློབ་ཀྱི་ཚོགས་ཁང་དུ་ཉལ་ཁྲི་༢༠་ཐམ་པ་གྲ་སྒྲིག་བྱས་ཡོད། གསང་སྤྱོད་དང་ཁྲུས་ཁང་ཡང་གསར་རྒྱག་བྱས་ནས་མཐུན་རྐྱེན་ཁག་གྲ་སྒྲིག་བྱེད་བཞིན་ཡོད་ཅེས་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱུང་འདུག

ཉེ་ཆར་སྦེལ་ཀོབ་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ཕྱི་ཟླ་༤་ཚེས་༢༡་ནས་འགོ་བཙུགས་པའི་གཞུག་ཏུ་སྔ་རྗེས་སུ་སློབ་ཕྲུག་དང་ལས་བྱེད་པ་སོགས་མི་༡༤་ལ་ཏོག་དབྱིབས་ནད་དུག་འགོས། ད་ལྟ་ཚང་མ་དྲག་སྐྱེད་བྱུང་ཟིན་ཡོད་ཀྱང་ཕྱི་ཟླ་༥་པའི་ཚེས་༡༡་ཉིན་དགེ་རྒན་དང་ལས་བྱེད་པ་མི་༤་ལ་ཏོག་དབྱིབས་ནད་དུག་འགོས་ཏེ་སྨན་བཅོས་བྱེད་བཞིན་ཡོད་པར་མ་ཟད། ཁོ་ཚོར་འབྲེལ་བ་བྱུང་བའི་མི་ཡོད་ཚད་ལ་བརྟག་དཔྱད་བྱས་ནས་ནད་རྟགས་ཡོད་མེད་ཀྱི་གྲུབ་འབྲས་ལ་སྒུག་འདུག ད་སྔ་ནད་པ་ཚོར་ཛ་དྲག་དང་ཚབས་ཆེའི་དཀའ་ངལ་གང་ཡང་ཕྲད་མ་བྱུང་། ཁ་སྔོན་སློབ་གྲྭར་ནད་དུག་ཁྱབ་པའི་རྗེས་སུ་ཟླ་བ་འདིའི་ཕྱི་ཚེས་༡༧་བར་དུ་སློབ་གྲྭའི་ཕྱི་ནང་གི་འགྲོ་འོང་བཀག་སྡོམ་བྱས་ཤིང་། སྦེལ་ཀོབ་བོད་ཕྲུག་ཁྱིམ་སྡེར་སློབ་ཕྲུག་དང་དགེ་རྒན། ལས་བྱེད་པ་བཅས་མི་༣༠༠་ལྷག་ཡོད་ཅེས་ངེས་སྟོན་པ་དོན་གྲུབ་ཚེ་རིང་གིས་འགྲེལ་བརྗོད་གནང་སོང་།།

མོན་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་སྨན་བཅོས་བྱེད་བཞིན་པའི་ནད་པ་༢༡་ཡོད་པ་དང་ཀོན་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་སུ་ནད་པ་༡༦་ཡོད་པ། ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་སུ་ནད་པ་༥༢་བཅས་དེ་རིང་གཟའ་མིག་དམར་གྱི་མཚམས་སུ་རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་ཁག་ལྔའི་ནང་དུ་སྨན་བཅོས་བྱེད་བཞིན་པའི་ནད་པ་ཁྱོན་བསྡོམས་མི་༡༣༩་འདུག ལྷོ་ཕྱོགས་ཁུལ་གྱི་གདན་ས་ཆེན་པོ་སེ་འབྲས་དགེ་གསུམ་དང་རིས་མེད་དགོན་སྡེ་ཁག་གི་དགེ་འདུན་པའི་ཚོགས་ཆོས་ར་དང་དཔེ་ཁྲིད་སོགས་སློབ་གཉེར་ཁག་འདི་ལོ་ཕྱི་ཟླ་གསུམ་པའི་ནང་དུ་བསྐྱར་གསོ་བྱས་ཀྱང་ནད་ཡམས་ཀྱི་ཛ་དྲག་ཆེ་རུ་སོང་བའི་སྟབས་ཀྱིས་གནས་སྐབས་རིང་ཚོགས་ཆོས་ར་དང་དཔེ་ཁྲིད་སོགས་སླར་ཡང་མཚམས་འཇོག་བྱ་དགོས་བྱུང་ཞིང་། དགོན་པའི་སློབ་གྲྭ་ཁག་ཀྱང་ཚོགས་ཐུབ་ཀྱི་མེད་པ། ཀར་ན་ཀྲ་ཀ་མངའ་སྡེའི་ནང་དུ་ཏོག་དབྱིབས་ནད་དུག་གི་ཛ་དྲག་ཆེ་རུ་འགྲོ་བཞིན་པས་ཕྱི་ཟླ་༥་ཚེས་༡༠་ནས་༢༤་བར་བདུན་ཕྲག་གཉིས་ཀྱི་རིང་ལ་སླར་ཡང་འགྲོ་འོང་བཀག་སྡོམ་བྱས་ཡོད་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཀུན་གླེང་བརྙན་འཕྲིན་ཐད་གཏོང་།

ཀུན་གླེང་། ༢༠༢༤ ལོའི་ཟླ་༣ ཚེས་༢༩
please wait

No live streaming currently available

0:00 0:00 Live
XS
SM
MD
LG