ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨ་རིའི་བཟོ་གྲྭ་ཁག་རྒྱ་ནག་ནས་ས་ཆ་གཞན་ལ་སྤོར་རྒྱུའི་བསམ་ཞིབ།  


༄༅།། རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་སྡུག་ཏུ་འགྲོ་བཞིན་པ་དང་ཐེ་ཝན་མཚོ་འགག་ཏུ་དམག་འཁྲུག་ལང་སྲིད་པའི་ཉེན་ཁ་སོགས་ཀྱིས་ཨ་རིའི་རྒྱུག་གྲུ་བཟོ་ཚོང་ཁང་དང་དབུགས་གཏོང་ཕྲུལ་ཆས་བཟོ་ཚོང་ཁང་སོགས་ཀྱི་དངོས་ཟོག་རྣམས་རྒྱ་ནག་ཏུ་བཙུགས་པའི་བཟོ་གྲྭ་ཁག་ནས་བཟོ་རྒྱུ་མཚམས་བཞག ཨ་རིའི་བཟོ་གྲྭ་དེ་རྣམས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་དང་མེཀ་སི་ཀོ་སོགས་ལ་སྤོར་རྒྱུའི་བསམ་ཞིབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༥་པའི་ཚེས་༣༡་ཉིན་ཝོལ་སི་ཊི་རི་ཊི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ༢༠༢༢་ལོར་ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་བཟུང་། རྒྱ་ནག་གིས་ཀྱང་ཐེ་ཝན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་སློང་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ། ཨ་མི་རི་ཀ་རྒྱ་ནག་དང་ཐེ་ཝན་གྱི་དམག་འཁྲུག་ནང་དུ་ཚུད། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་ཚོང་འབྲེལ་བཅད། རྒྱ་ནག་གི་ས་ཐོག་ཏུ་བཟོ་གྲྭ་སྟོང་ཕྲག་མང་པོ་བཙུགས་ཡོད་པ་དེ་དག་གི་ནང་དུ་སྔར་བཞིན་ཅ་ལག་བཟོ་མི་ཐུབ་པ་ཞིག་ཏུ་འགྱུར་སྲིད་པའི་ཉེན་ཁ་ཆེ་རུ་འགྲོ་རྒྱུའི་བློ་འཚབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན།།

ཉེ་ཆར་རྒྱ་ནག་གཞུང་གིས་ཨ་རིའི་བྷོ་སི་ཊོན་གྱི་བྷ་རཱེན་བློ་འདོན་བཟོ་ཚོང་ཁང་གི་ལས་བྱེད་པ་ཚོར་འདྲི་གཅོད་དང་ནེའུ་ཡོཀ་མཱིན་ཛི་བཟོ་ཚོགས་ཀྱི་པེ་ཅིང་གི་ལས་ཁུངས་ལ་སྔོག་བཤེར། དེ་བཞིན་རྒྱ་ནག་གི་བཟོ་ཚོང་ལས་ཁུངས་ཆེ་ཁག་ཚོས་ཨ་རིའི་མ་ཡེཀ་རོན་བཟོ་ཚོང་ཁང་གི་འཕྲུལ་ཆས་རྣམས་ཉོ་མི་ཆོག ཨ་རིའི་མ་ཡེཀ་རོན་བཟོ་ཚོང་ཁང་གི་འཕྲུལ་ཆས་རྣམས་རྒྱ་ནག་གི་བདེ་འཇགས་ལ་ཉེན་ཁ་ཞིག་རེད་ཅེས་བསྒྲགས། སྔོན་ཆད་ནུབ་ཕྱོགས་ཀྱི་བཟོ་གྲྭ་ཁག་གིས་རྒྱ་ནག་ནི་ཚོང་ལས་གཉེར་ཡུལ་མཆོག་ཏུ་གྱུར་པ་རེད་ཟེར། ད་ལྟ་བཟོ་ཚོང་ལས་ཁུངས་དེ་དག་གིས་རྒྱ་ནག་ཏུ་ཚོང་ལས་རྒྱུན་འཁྱོངས་བྱེད་ཐུབ་མིན་ཐད་བློ་འཚབ་བྱ་དགོས་པ་ཞིག་ཏུ་གྱུར། ཨ་རིའི་མི་ཎི་སོ་ཊའི་རྒྱུག་གྲུ་བཟོ་ཚོང་ཁང་གི་བདག་པོ་བྷོ་སེན་གྱིས་ང་ཚོའི་ཅ་ལག་རྣམས་རྒྱ་ནག་གི་ཧྲེན་ཀྲེན་གྲོང་ཁྱེར་དུ་བཟོ་བཞིན་ཡོད། ཅ་ལག་གི་ལྷུ་ལག་རྣམས་བཟོ་ས་ཉེ་འཁྲིས་སུ་ཡོད་པ་དང་རྒྱ་ནག་གི་ཚོང་ཤག་ཚོར་འབྲེལ་བ་བཟང་པོ་ཡོད། ཡུཀ་རེན་ལ་བཙན་འཛུལ་བྱུང་བའི་རྗེས་སུ་རྒྱ་ནག་ཏུ་ཚོང་ལས་མུ་མཐུད་དུ་གཉེར་ཐུབ་རྒྱུ་ཡིན་མིན་བློ་འཚབ་ཡོང་གི་འདུག སྒོ་ང་ཚང་མ་སི་ར་གཅིག་གི་ནང་དུ་བཞག་ན་ཉེན་ཁ་ཡོད་པ་ལྟར་མ་རྩ་ཐམས་ཅད་ས་ཆ་གཅིག་ལ་འཛུགས་རྒྱུ་ཉེན་ཁ་རེད་ཅེས་བཀྲལ།།

རྒྱ་ནག་ཏུ་འཛམ་གླིང་གི་དངོས་ཟོག་བརྒྱ་ཆ་༣༡་བཟོ་སྐྲུན་བྱེད་ཀྱི་ཡོད་པ་ནི་ཨ་རིའི་ས་ཐོག་ཏུ་ཅ་ལག་བརྒྱ་ཆ་༡༧་བཟོ་བཞིན་པ་དེའི་ལྡབ་གཉིས་མ་ཟིན་ཙམ་ཞིག་མང་ཞིང་། ཨ་རིའི་འབྱོར་ལྡན་པ་ཨི་ལན་མ་སིཀ་དང་ཀུ་ཤུ་བཟོ་ཚོང་ཁང་གི་སྤྱི་ཁྱབ་འགན་འཛིན་ཊིམ་ཀུཀ་སོགས་ཀྱིས་ཨ་རྒྱའི་དཔལ་འབྱོར་འབྲེལ་བ་གཅོད་མི་ཉན་ཞེས་ནན་བརྗོད་བྱས་འདུག ཨ་རིའི་ཕི་ཛི་བྷག་གྲོང་ཁྱེར་གྱི་ཚོན་རྩི་བཟོ་ཚོང་ཁང་ཞིག་གི་སྤྱི་ཁྱབ་འགན་འཛིན་ཊིམ་ཀ་ན་ཝི་ཤས་ང་ཚོར་རྒྱ་ནག་ཏུ་བཟོ་གྲྭ་༡༥་དང་བཟོ་པ་༤༠༠༠་ཡོད། རྒྱ་ནག་ཏུ་བཟོས་པའི་ཚོན་རྩི་ཕལ་མོ་ཆེ་རྒྱལ་ཁབ་དེའི་ནང་དུ་འཚོང་གི་ཡོད། ན་ནིང་ཡུཀ་རེན་ལ་བཙན་འཛུལ་བྱུང་བའི་རྗེས་སུ་ང་ཚོས་རྒྱ་ནག་ཏུ་ཚོང་ལས་གཉེར་རྒྱུ་ཨ་སྒོར་དུང་ཕྱུར་༢་དང་བྱེ་བ་༩་ཉུང་དུ་བཏང་བ་ཡིན། ང་ཚོའི་རིག་དངོས་བདག་དབང་དང་གཞི་གྲངས་རྣམས་རྒྱ་ནག་གི་ས་ཐོག་ཏུ་བརྐུས་ཁྱེར་འབྱུང་གི་ཡོད་པ་ཉེན་ཁ་ཞིག་རེད། རྒྱ་ནག་གི་གསང་ཉུལ་བཀག་འགོག་གི་བཅའ་ཁྲིམས་ཤིག་གཏན་འབེབས་བྱས་ནས་ཕྱི་རྒྱལ་གྱི་འཕྲུལ་ཆས་ཁག་ལ་རྟོག་ཞིབ་བྱ་རྒྱུ་སྡུག་ཏུ་ཕྱིན་སོང་ཞེས་བཤད།།

ཊིམ་ཀ་ན་ཝི་ཤས་ང་ཚོ་མགོ་འཐོམས་ནས་བསྡད་མེད། ང་ཚོར་བློ་འཚབ་ཆེན་པོ་ཡོང་གི་ཡོད་པའང་ཆོས་ཉིད་རེད། ང་ཚོས་རྒྱ་ནག་གི་ཁྲོམ་རའི་ནང་དུ་དངུལ་སྒོར་འཐོལ་པ་མ་རྩ་འཛུགས་དགོས་མིན་ལ་བསམ་བློ་གཟབ་ནན་བྱེད་ཀྱི་ཡོད་ཅེས་སྨྲས། ནེའུ་ཡོཀ་མིན་ཛི་བཟོ་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་བྷ་རཱེན་གྱིས་ང་ཚོའི་ལས་ཁུངས་ལ་སྔོག་བཤེར་བྱུང་བར་བློ་འཚབ་བྱས་ནས་བསྡད་མེད། ང་ཚོའི་ཅ་ལག་རྣམས་རྒྱ་ནག་ཏུ་རིན་གོང་བརྒྱ་ཆ་༡༥་དམའ་བ་བྱས་ནས་བཟོ་ཡི་ཡོད། ས་ཆ་གཞན་ལ་སྤོར་དགོས་ན་འགྲོ་གྲོན་ཆེན་པོ་རེད། ང་ཚོར་རྒྱ་ནག་ཏུ་ཚོང་ལས་གཉེར་བའི་ཆོག་མཆན་ཐོབ་ཡོད། ང་ཚོས་རྒྱ་ནག་གི་ཁྲིམས་ལ་བསྟུན་ནས་ཚོང་ལས་གཉེར་གྱི་ཡོད་ཅེས་བསྟན། ཝ་ཤིང་ཊོན་དུ་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གིས་ཨ་རིའི་བཟོ་ཚོང་ཁང་དེར་འབྲེལ་ཡོད་ལས་སྣེ་ཚོས་རྒྱུན་ལྡན་གྱི་སྔོག་བཤེར་ཞིག་བྱས་པ་རེད། དེ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཁེ་ཕན་སྲུང་སྐྱོབ་དོན་དུ་རེད། རྒྱ་ནག་གི་ཁྲིམས་ལ་བརྩི་སྲུང་བྱེད་པའི་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་གིས་ཚོང་ལས་གཉེར་ན་དགའ་བསུ་ཡོད་ཅེས་གསལ་བསྒྲགས་སྤེལ།།

ཕྱི་ཟླ་༥་པའི་ཚེས་༣༡་ཉིན་སེ་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་བདེ་འཇགས་ལྷན་ཚོགས་ཐོག་ཏུ་ཞིས་ཅིན་ཕིང་གིས་དྲག་ཆར་རླུང་འཚུབ་ལྡང་རྒྱུར་གྲ་སྒྲིག་བྱོས། རྒྱ་ནག་ལ་ཕྱི་ནང་གི་ཉེན་ཁ་ཆེན་པོ་ཕྲད་དེ་ཆེས་ཐབས་རྡུགས་ཀྱི་གནས་ཚུལ་ཞིག་འབྱུང་རྒྱུའི་བསམ་བློ་གཏོང་དགོས། དེང་སྐབས་རྒྱ་ནག་གི་བདེ་འཇགས་ལ་ཉེན་ཁ་འཕྲད་རྒྱུ་ཤུགས་ཆེན་པོ་དང་ངོ་བོ་རྙོག་འཛིང་ཅན་ཞིག་རེད། ཆར་རླུང་དྲག་པོར་གདོང་ལེན་བྱེད་ཐུབ་པའི་གྲ་སྒྲིག་བྱ་དགོས། ང་ཚོས་ཛ་དྲག་གི་དུས་འདིར་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་དེང་རབས་ཅན་དུ་བསྒྱུར་ཏེ་འཐབ་འཁྲུག་གི་དུས་སུ་ལག་ལེན་བསྟར་ཐུབ་པ་ཞིག་བྱ་དགོས་ཞེས་གཏམ་བཤད་བྱས་པའི་གནས་ཚུལ་ཐོན། ཞིས་ཅིན་ཕིང་གིས་རྒྱ་ནག་ལ་སྔོན་ཆད་བྱུང་མྱོང་མེད་པའི་ཕྱི་ནང་གི་ཉེན་ཁ་ཅི་ཞིག་འཕྲད་ཀྱི་ཡོད་མེད་གསལ་བཀྲོལ་མ་བྱུང་། ཉམས་ཞིབ་པ་ཚོས་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་དང་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་པར་གོ་དགོས་པའི་ཚོད་དཔག་བྱས་འདུག

ཉམས་ཞིབ་པ་ཚོས་ཞིས་ཅིན་ཕིང་གིས་རྒྱ་ནག་ལ་ཏོག་དབྱིབས་ནད་ཡམས་སྐབས་སུ་ལོ་གསུམ་རིང་སྒོ་རྒྱ་བསྡམས། རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས་ཉམས་རྒུད། རྒྱ་ནག་གི་བཟོ་གྲྭ་ཁག་སྒོ་བརྒྱབ་སྟེ་འཛམ་གླིང་ཡོངས་ལ་དངོས་ཟོག་ཆད། ན་ནིང་ལོག་མཇུག་དེར་རྒྱ་ནག་མི་དམངས་རྣམས་འུ་ཐུག་སྟེ་ཞིས་ཅིན་ཕིང་གི་སྲིད་ཇུས་ལ་ངོ་རྒོལ་ལས་འགུལ་སྤེལ། ཡུཀ་རེན་གྱི་དམག་འཁྲུག་རྗེས་སུ་ཨ་རི་དང་ཉི་ཧོང་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཐེ་ཝན་ལ་རྒྱབ་སྐྱོར་བྱ་རྒྱུ་ཤུགས་ཆེ་རུ་སོང་བ་བཅས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་གཅིག་སྡུད་ལམ་ལུགས་རྒྱུན་གནས་ཐུབ་མིན་ཉེན་ཁ་འཕྲད་ཀྱི་ཡོད་པ་མཚོན་ཐུབ། ཞིས་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ཟེར་བ་དེའི་ཁོངས་སུ་ཆབ་སྲིད་དང་དཔལ་འབྱོར། རྒྱལ་སྲུང་། རིག་གཞུང་དང་སྐྱེ་ཁམས། དྲྭ་ཁམས། རྒྱ་མཚོའི་ཞབས་ནས་གོ་ལའི་བྱང་རྩེ་དང་མཁའ་དབྱིངས། གཞི་གྲངས་དང་བཅོས་རིག་སོགས་མ་འདུས་པ་གཅིག་ཀྱང་མེད་པའི་ངོས་འཛིན་བྱེད་ཀྱི་འདུག་ཅེས་གསལ་སྟོན་བྱས་འདུག

སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་སླར་ཡང་གནས་ཚུལ་སྤེལ་བ་ལྟར་ན། ད་ལོའི་ཕྱི་ཟླ་༤་ནང་ཉི་ཧོང་གི་བཟོ་ཚོང་ལས་ཁུངས་ཤིག་གི་ལས་བྱེད་པ་ཞིག་གསང་ཉུལ་གྱི་དོགས་གཞིའི་འོག་རྒྱ་ནག་གིས་བཀག་ཉར་བྱས་ཤིང་། ༢༠༡༤་ནས་རྒྱ་ནག་གིས་གསང་ཉུལ་བཀག་འགོག་གི་ཁྲིམས་ཤིག་ལག་ལེན་བསྟར་འདུག་ཅེས་གནས་ཚུལ་སྤེལ། ཉམས་ཞིབ་པ་ཚོས་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་རྒྱ་ནག་ནས་ཕྱི་ལ་སྤོར་གྱི་ཡོད་པར་རྒྱུ་རྐྱེན་འགའ་ཞིག་ཡོད་པ་སྟེ། རྒྱ་ནག་གི་བཟོ་པའི་གླ་ཕོགས་འཕར་བ་དང་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་གི་རིག་དངོས་བདག་དབང་བརྐུས་ཁྱེར། འཕྲུལ་རིག་ལག་རྩལ་བཙན་འཕྲོག རྒྱ་ནག་གཞུང་གིས་བདེ་འཇགས་ཟེར་ནས་ཧོང་ཀོང་གི་རང་སྐྱོང་ཐོབ་ཐང་ཕྲོགས། ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་ལ་སྔོག་བཤེར། བོད་དང་ཡུ་གུར་བ་ཚོར་དྲག་གནོན། ཏོག་དབྱིབས་ནད་ཡམས་དུས་སུ་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་གི་ལས་བྱེད་པ་རྣམས་བཙོན་པ་ལྟར་རང་ཁྱིམ་དུ་བཀག ཕྱི་ནས་མི་ཡོང་དུ་མ་བཅུག་པར་དཀའ་ངལ་ཚབས་ཆེན་ཕྲད་པར་འབྲེལ་བ་འདུག་ཅེས་རྒྱུ་མཚན་བགྲངས།།

ཕྱི་ཟླ་༤་པའི་ཚེས་༢༢་ཉིན་ཚོང་ལས་ནང་ཚགས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་ལྟ་ཞོག ཐ་ན་རྒྱ་ནག་གི་བཟོ་གྲྭ་ཁག་ཀྱང་ས་ཁམས་ཆབ་སྲིད་ཀྱི་འཐབ་རྩོད་ལ་གཡོལ་བར་ཕྱིའི་རྒྱལ་ཁབ་ཁག་ཏུ་སྤོར་གྱི་ཡོད་པར་མ་ཟད། རྒྱ་ནག་ཏུ་བཙུགས་པའི་བཟོ་གྲྭ་རྣམས་མེཀ་སི་ཀོ་དང་ཤར་ཡུ་རོབ། ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཝི་ཏེ་ནམ་དང་ཐེ་ལན་ཌི། མ་ལེ་ཤི་ཡ་དང་ཨིན་རྡུ་ནེ་ཤི་ཡ། ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་རྒྱ་གར་དང་བངྒ་ལར་སྤོར། ཀིར་ནེ་བློ་འདོན་ཁང་གི་ཚོང་ལས་ཉམས་ཞིབ་པ་ཤེ་ལོ་ཡིས་རྒྱ་ནག་ཏུ་བཙུགས་ཡོད་པའི་བཟོ་ཚོང་ལས་ཁུངས་མང་པོ་རྒྱལ་ཁབ་གཞན་ལ་སྤོར་གྱི་འདུག་ཅེས་སྨྲས། འདས་པའི་ལོ་བཅུ་ཕྲག་༤་ལ་རྒྱ་ནག་ནི་འཛམ་གླིང་གི་བཟོ་གྲྭར་གྱུར། ༢༠༡༨་ལོར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་ལ་ཚོང་དམག་བསླངས་པའི་རྗེས་སུ་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་བཟོ་ཚོང་ལས་ཁུངས་དེ་རྣམས་རྒྱལ་ཁབ་གཞན་ལ་སྤོར་འགོ་ཚུགས། མདོར་ན་རྒྱ་ནག་གི་བཟོ་གྲྭ་ཁག་གིས་རང་ཡུལ་དུ་ཚོང་ལས་གཉེར་ཐུབ་ཀྱི་མེད་ན་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་ལྟ་ཅི་སྨོས་ཞེས་གནས་ཚུལ་སྤེལ་འདུག

XS
SM
MD
LG