ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

བཟོ་ལས་ཡར་ཐོན་རྒྱལ་ཁབ་བདུན་གྱིས་ཨ་རིའི་དམངས་གཙོར་བློ་དོགས། 


༄༅།། ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་དང་དབྱིན་ཇིའི་སྲིད་བློན་བྷོ་རི་སི་ཇཱོན་སན། ཉི་ཧོང་གི་སྲིད་བློན་སུ་གྷ་དང་འཇར་མན་ཎིའི་སྲིད་བློན་མར་ཁེལ་སོགས་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་༧་གྱི་འགོ་ཁྲིད་ཚོ་ལོ་གཉིས་ཀྱི་རྗེས་སུ་ལྷན་འཛོམ་གྲོས་མོལ་ཐེངས་དང་པོ་བྱུང་། ཨ་མི་རི་ཀས་སླར་ཡང་འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཁག་ལ་འགོ་ཁྲིད་ནས་མཐུན་གྲོགས་རྒྱལ་ཁབ་ཁག་ལ་འབྲེལ་བ་སྲ་བརྟན་གཏོང་རྒྱུའི་བཀའ་མོལ་གནང་རྒྱུ་འགོ་ཚུགས། ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཀྱང་སྲིད་འཛིན་བྷ་ཌན་གྱི་གཏམ་བཤད་ཁག་ལ་དགའ་བསུ་ཞུས་ཀྱང་༢༠༡༧་ལོར་ཌོ་ནལ་ཊམ་ཡུ་རོབ་ལ་འཚམས་འདྲིར་ཐེངས་དང་པོ་ཕེབས་ནས་འཇར་མན་ཎི་གཙོས་མཐུན་གྲོགས་རྒྱལ་ཁབ་ཁག་གིས་དམག་དོན་འགྲོ་གྲོན་ཚུལ་བཞིན་གཏོང་གི་མི་འདུག གལ་སྲིད་ཡུ་རོབ་ལ་དམག་འཁྲུག་ལངས་ན་ཨ་མི་རི་ཀས་སྔར་བཞིན་ཡུ་རོབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་མིན་ཐེ་ཚོམ་ཡིན་ཞེས་བཀའ་བསྐྱོན་བཏང་ཞིང་། ཌོ་ནལ་ཊམ་གྱིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ཚོགས་ཆེན་ཐོག་ཏུ་རྒྱལ་ཁབ་ཅིག་གི་སྲིད་བློན་ལ་ཕུད་རྒྱག་བརྒྱབ་པ། འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་གཞན་པ་༧་གྱི་འགོ་ཁྲིད་ཚོའི་མདུན་དུ་ཌོ་ནལ་ཊམ་གྱིས་ངོ་གནག་སྟེ་སྤྱོད་པ་བསློགས། ཁོང་གིས་ཐུན་མོང་གི་སྤྱི་བསྒྲགས་དེ་ལའང་མིང་རྟགས་མ་བཀོད་པར་སིངྒ་པུར་ལ་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨུན་ལ་ཐུག་འཕྲད་དུ་ཕྱིན་ནས་བཟུང་། ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཨ་མི་རི་ཀ་ཡིད་རྟོན་རུང་བའི་མཐུན་གྲོགས་རྒྱལ་ཁབ་ཅིག་ཡིན་མིན་ལ་དོགས་པ་ལངས། ལྷག་པར་དུ་ཌོ་ནལ་ཊམ་གྱིས་ཨ་རིའི་དམངས་གཙོའི་ལམ་ལུགས་ལ་རྡོག་རོལ་ཚབས་ཆེན་བཏང་བའི་རྗེས་སུ་སྲིད་འཛིན་བྷ་ཌན་གྱིས་མཐུན་གྲོགས་རྒྱལ་ཁབ་ཁག་ལ་ཨ་མི་རི་ཀ་སྔར་བཞིན་འགྱུར་བ་མེད་ཅེས་ཇི་ལྟར་བཤད་ཀྱང་དེ་ལ་ནུས་པ་ཆེན་པོ་ཞིག་མ་ཐོན། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་འོག་གི་འཐུས་མི་མང་ཆེ་བ་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་ལག་འོག་ནས་ཐར་ཐུབ་ཀྱི་མེད་པས་རྒྱལ་སྤྱིའི་ཐོག་ཏུ་ཨ་མི་རི་ཀའི་དམངས་གཙོའི་ལམ་ལུགས་ལ་བློ་དོགས་ཡོང་གི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༦་པའི་ཚེས་༡༡་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འཛམ་གླིང་གི་ཕྱི་འབྲེལ་སྲིད་ཇུས་ཉམས་ཞིབ་པ་མང་ཆེ་བས་ཨ་མི་རི་ཀས་སླར་ཡང་འཛམ་གླིང་ལ་འགོ་ཁྲིད་ཀྱི་འགན་ཁུར་ལེན་གྱི་ཡོད་པར་བཟོ་ལས་ཡར་ཐོན་རྒྱལ་ཁབ་༧་དང་ཡུ་རོབ་མཉམ་འབྲེལ། ནུབ་ཆིངས་དམག་དོན་སྒྲིག་འཛུགས་སོགས་ཀྱིས་དགའ་བསུ་ཞུ་བཞིན་ཡོད་ཀྱང་སྲིད་འཛིན་བྷ་ཌན་གྱིས་ཁས་ལེན་བྱས་པ་རྣམས་ལག་ལེན་ཅི་ཙམ་བསྟར་ཐུབ་མིན་ལ་བློ་དོགས་ཆེ། གལ་སྲིད་༢༠༢༤་ལོར་སླར་ཡང་ཌོ་ནལ་ཊམ་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིར་བདམས། ཁོང་བསྐྱར་དུ་ཨ་རིའི་སྲིད་འཛིན་ལ་འདེམས་ཐོན་བྱུང་ན་ནུབ་ཕྱོགས་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་སྔར་བཞིན་ཨ་མི་རི་ཀར་ཡིད་ཆེས་བྱེད་ཐུབ་རྒྱུ་ཁག་པོ་རེད་ཅེས་བཤད། ཝ་ཤིང་ཊོན་དུ་བཅའ་སྡོད་ཡུ་རོབ་མཉམ་འབྲེལ་གྱི་གཞུང་ཚབ་པ་ཟུར་པ་ཌེ་ཝྭི་ཌི་ཨོ་སུ་ལི་ཝྭན་གྱིས་ངའི་སེམས་པར་རྒྱལ་ཁབ་མང་དག་ཅིག་གིས་སྲིད་འཛིན་བྷ་ཌན་གྱི་གཞུང་ལ་འབྲེལ་བ་ཡར་རྒྱས་བཏང་ནས་ལས་དོན་བསྒྲུབ་དགོས་པ་རྣམས་མྱུར་དུ་བསྒྲུབ་རྒྱུ། ༢༠༢༤་ལོའི་ཕན་ཆད་ལ་བསམ་བློ་བཏང་ནས་ཨ་མི་རི་ཀར་ཕུགས་རྒྱང་རིང་པོའི་འབྲེལ་བ་བརྟན་པོ་ཞིག་འཛིན་ཐུབ་མིན་ཐེ་ཚོམ་འཛིན་གྱི་འདུག ༢༠༢༢་ལོའི་ཨ་རིའི་བར་མའི་གྲོས་ཚོགས་འཐུས་མི་འོས་འདེམས་དང་༢༠༢༤་ལོའི་སྲིད་འཛིན་འོས་འདེམས་རྗེས་སུ་ཅི་ཞིག་འབྱུང་རྒྱུ་ཡིན་མིན་ཚོད་དཔག་ཐུབ་རྒྱུ་ཁག་པོ་རེད་ཅེས་བཤད། བྷར་ཁེ་ལི་ཞིབ་འཇུག་ཁང་གི་འཛིན་སྐྱོང་འགན་འཛིན་བྷོ་རོ་ཌི་མན་ཞེས་པ་ཞིག་གིས་ཀྱང་ཌོ་ནལ་ཊམ་གྱིས་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་དོགས་པ་བསླངས་དྲགས་ཏེ་བློ་བདེ་བག་ཕེབས་ཤིག་ཡོང་ཐུབ་ཀྱི་མི་འདུག བྷ་ཌན་གྱི་གཞུང་གིས་ཀྱང་ཌོ་ནལ་ཊམ་གྱི་སྲིད་ཇུས་ཁག་ཅིག་རྒྱུན་འཁྱོངས་བྱས་ནས་རྣམ་འགྱུར་འདྲ་མིན་ཞིག་སྟོན་གྱི་འདུག་ཅེས་བསྟན།།

ཇཱོ་བྷ་ཌན་གྱི་སྲིད་དབང་བཟུང་ནས་ཟླ་བ་ལྔའི་རྗེས་སུ་གསལ་པོ་ཅི་ཞིག་བྱུང་སོང་ཟེར་ན་བྷ་ཌན་གྱིས་ཨ་རི་མི་རི་ཀའི་དངོས་ཟོ་ཉོ་དགོས་ཞེས་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀ་ཨང་དང་པོར་འཛིན་དགོས་ཟེར་བའི་ལངས་ཕྱོགས་འདྲ་མཚུངས་ཤིག་བཟུང་། བྷ་ཌན་གྱི་གཞུང་གིས་མཐུན་གྲོགས་རྒྱལ་ཁབ་ཁག་ལ་གྲོས་སྡུར་ལྷུག་པོ་ཞིག་མ་བྱས་པར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱ་གར་སོགས་ལ་བཟོ་རུ་འཇུག་རྒྱུ་དང་རིག་དངོས་བདག་དབང་བློས་གཏོང་རྒྱུའི་སྲིད་ཇུས་ལ་རྒྱབ་སྐྱོར། སྲིད་འཛིན་བྷ་ཌན་གྱིས་མཐུན་གྲོགས་རྒྱལ་ཁབ་ཁག་ལ་གྲོས་སྡུར་ལྷུག་པོ་ཞིག་མ་བྱས་པར་ཨབ་གྷ་ཎི་སི་ཐན་གྱི་ས་ཐོག་ཏུ་འགྲེམ་འཇོག་བྱེད་ཡོད་པའི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་དམག་དཔུང་རྣམས་བྲེལ་མྱུར་གྱིས་ཕྱིར་འཐེན་བྱ་རྒྱུ་ལག་ལེན་བསྟར་པ་བཅས་ཀྱིས་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་སྲིད་འཛིན་བྷ་ཌན་གྱིས་སྐད་ཆ་སྙན་པོ་བཤད་ཀྱང་དོན་དངོས་ལ་ཨ་མི་རི་ཀའི་ཁེ་ཕན་གཅིག་པུ་གཙིགས་སུ་འཛིན་གྱི་ཡོད་པའི་བག་ཆགས་ཤིག་བཞག སྲིད་འཛིན་བྷ་ཌན་གྱིས་ལོ་འདིའི་ཕྱི་ཟླ་༩་པའི་ཚེས་༡༡་གི་སྔོན་ལ་ཨབ་གྷ་ཎི་སི་ཐན་གྱི་ས་ཐོག་ཏུ་འགྲེམ་འཇོག་བྱེད་ཡོད་པའི་ཨ་མི་རི་ཀའི་དམག་དཔུང་རྣམས་ཕྱིར་འཐེན་བྱེད་ཚར་དགོས་པའི་དུས་བཀག་བྱས་པ་ཐབས་མཁས་ཤིག་མ་རེད་ཅེས་ཨ་རི་དང་ཡུ་རོབ་ཀྱི་ཉམས་ཞིབ་པ་ཚོས་གླེང་སློང་བྱེད་ཀྱི་ཡོད་ཅིང་། སྲིད་འཛིན་བྷ་ཌན་དང་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་གཉིས་ཀས་ཨ་རིའི་ཕྱི་སྲིད་ཀྱི་དམིགས་ཡུལ་གཙོ་བོ་དང་ཁེ་ཕན་སྒྲུབ་ཐབས་ཨང་དང་པོ་ནི་ཨ་མི་རི་ཀའི་འབྱོར་འབྲིང་མི་དམངས་ཀྱི་ཁེ་ཕན་ཡིན་ཞེས་འཛེམ་ཟོན་མེད་པར་གླེང་། མིང་འདོན་མ་བྱས་པའི་ནུབ་ཕྱོགས་ཀྱི་ཕྱི་འབྲེལ་མི་སྣ་ཞིག་གིས་ང་ཚོ་ཡུ་རོབ་རྒྱལ་ཁབ་ཁག་གིས་གོ་བ་ལངས་ཚེ། སྲིད་འཛིན་བྷ་ཌན་དང་ཕྱི་སྲིད་དྲུང་ཆེ་བྷི་ལིན་ཁེན་གཉིས་ཀྱི་སྐད་ཆ་དེ་རྣམས་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀ་ཨང་དང་པོར་འཛིན་དགོས་ཟེར་བའི་སྐད་ཆ་དེ་དང་ངོ་བོ་གཉིས་སུ་མེད་པ་ཞིག་རེད་ཅེས་བཤད།།

ཡུ་རོབ་རྒྱལ་ཁབ་ཅིག་གི་མཐོ་རིམ་ཕྱི་འབྲེལ་མི་སྣ་ཞིག་གིས་རོ་ཡེ་ཊར་གསར་ཁང་གི་གསར་འགོད་པར་ཌོ་ནལ་ཊམ་གྱི་ལོ་༤་ལ་སྲིད་དབང་བཟུང་བའི་རིང་དེར་ང་ཚོར་ཨ་མི་རི་ཀའི་གཞུང་ལ་གྲོས་སྡུར་བྱ་ས་མི་འདུག ད་ལྟ་མ་མཐར་ཡང་བྷ་ཌན་གྱི་སྲིད་གཞུང་ལ་གྲོས་སྡུར་བྱ་ས་ཞིག་འདུག འདི་ནི་ཧ་ཅང་གི་གནད་འགག་ཆེན་པོ་ཞིག་རེད་ཅེས་བཤད། ཉམས་ཞིབ་པ་ཕལ་ཆེ་བས་ཡུ་རོབ་རྒྱལ་ཁབ་ཁག་ལ་མཐར་ཐུག་གི་བློ་འཚབ་ཅིག་ཡོད་པ་ནི་ཨ་མི་རི་ཀའི་དམངས་གཙོའི་ལམ་ལུགས་བརྟན་པོ་ཡོད་མེད་དང་ཡང་དག་པ་ཞིག་ཡིན་མིན། ཌོ་ནལ་ཊམ་གྱིས་རང་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ཡོད་ཅེས་རྫུན་སྒྲོགས་བྱས་ནས་ཕྱི་ཟླ་དང་པོའི་ཚེས་༦་ཉིན་ཨ་རིའི་གྲོས་ཚོགས་ལ་དཔུང་རྒོལ་བྱེད་དུ་བཅུག་པ། ཨ་རིའི་མི་མང་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་མང་དག་ཅིག་གིས་ཌོ་ནལ་ཊམ་གྱི་རྫུན་ལ་རྒྱབ་སྐྱོར་བྱས་ནས་དམངས་གཙོའི་ལམ་ལུགས་བརྩི་མེད་གཏོང་གི་ཡོད་པ། ཨ་མི་རི་ཀར་སླར་ཡང་ཌོ་ནལ་ཊམ་ལྟ་བུའི་སྲིད་འཛིན་ཞིག་འདེམས་ཐོན་མི་འབྱུང་བའི་ངེས་པ་མེད་པ་བཅས་ལ་དོགས་པ་ལངས་ཡོད་པ་སེལ་ཐུབ་ཀྱི་མི་འདུག་ཅེས་བཤད་ཡོད་པར་མ་ཟད། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་མཐོ་རིམ་ལས་སྣེ་ཞིག་ཇཱ་མཱི་ཤཱེས་གསར་འགོད་པར་ང་ཚོར་ལོ་བཞིའི་དུས་ཚོད་ཅིག་འདུག ཡུ་རོབ་ལ་བློ་ཁ་ཕྱོགས་པའི་སྲིད་འཛིན་འདིའི་ལོ་བཞིའི་རིང་ལ་ཨ་རི་དང་ཡུ་རོབ་ཀྱི་བདེ་འཇགས་སྲུང་སྐྱོབ་དང་དཔལ་འབྱོར་འབྲེལ་བ་རྣམས་སྲ་བརྟན་གཏོང་དགོས། བྷ་ཌན་གྱི་དམངས་གཙོ་ཚོགས་པར་ཨ་རིའི་གྲོས་ཚོགས་སུ་འཐུས་མི་གྲངས་མང་ཉུང་ཉུང་ཞིག་མ་གཏོགས་མེད་པས་༢༠༢༢་ལོའི་འོས་འདེམས་དུས་སུ་ཕམ་ཉེས་བྱུང་ན་སྲིད་འཛིན་བྷ་ཌན་གྱི་གཞུང་གིས་རྒྱལ་སྤྱི་དང་རྒྱལ་ནང་གི་ལས་དོན་གལ་ཆེན་མང་པོ་ཞིག་བསྒྲུབ་ཐུབ་རྒྱུ་ཁག་པོ་རེད་ཅེས་ཉེན་བརྡ་བཏང་འདུག

ཨ་རིའི་ནོར་སྲིད་དྲུང་ཆེས་འཛམ་གླིང་ཡོངས་ཀྱི་བཟོ་ཚོང་ལས་ཁང་ཆེ་ཁག་བརྒྱ་ལྷག་ལ་སྤྱི་མཉམ་ཀྱི་དཔྱ་ཁྲལ་བརྒྱ་ཆ་༡༥་འགེལ་རྒྱུའི་གྲོས་གཞི་བཏོན། འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་༧་གྱི་ནོར་སྲིད་བློན་ཆེན་ཚོས་གྲོས་གཞི་དེར་རྒྱབ་སྐྱོར་བྱས་ཀྱང་ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འགོ་ཁྲིད་ཚོས་འཕྲལ་དུ་དེ་ལ་དགག་པ་བརྒྱབ། ཡུ་རོབ་ཀྱི་ཕྱི་འབྲེལ་མི་སྣ་ཞིག་གིས་གྲོས་ཚོགས་དུམ་བུ་གཉིས་སུ་ཆད་ཡོད་པ་དེའི་ནང་དུ་ང་ཚོས་ཨ་མི་རི་ཀར་མཉམ་འབྲེལ་བྱས་ནས་ལས་དོན་བསྒྲུབ་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད་ཅེས་བཤད། ཨ་མི་རི་ཀའི་ཕྱི་འབྲེལ་ཉམས་ཞིབ་ཁང་གི་གཙོ་འཛིན་ནེའུ་མན་ཞེས་པ་ཞིག་གིས་མཉམ་འབྲེལ་གསར་ཁང་གི་གསར་འགོད་པར་བཤད་པ་ལྟར་ན། ཉེ་ཆར་ཕྱི་ཟླ་༤་པའི་ནང་དུ་སྲིད་འཛིན་བྷ་ཌན་གྱིས་ཕོ་བྲང་དཀར་པོར་ཉི་ཧོང་གི་སྲིད་བློན་སུ་གྷར་ཐུག་འཕྲད་གྲོས་མོལ་བྱས་པའི་རྗེས་སུ་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོར་ཐུག་འཕྲད་བྱེད་ཀྱི་ཡོད་པ་ཕྱིའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོར་ཐུག་འཕྲད་བྱས་པ་ཐེངས་གཉིས་པ་རེད། བྷ་ཌན་གྱིས་ཉི་ཧོང་གི་སྲིད་བློན་ལ་ང་ཚོ་ངོ་ཐུག་ནས་གྲོས་མོལ་བྱས་པ་འདི་ལས་ལྷག་པའི་ཐབས་ཇུས་བཟང་པོ་ཞིག་མེད། འགོ་ཁྲིད་ཚོ་སྒེར་གྱི་འབྲེལ་བ་བཟང་པོ་ཞིག་བྱུང་ན་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་ལོ་མང་རིང་བརྟན་པོར་གནས་ཐུབ་པའི་དགེ་མཚན་ཡོད་ཅེས་བཤད་པ་ལྟར་སྒེར་གྱི་འབྲེལ་བ་ནི་ཧ་ཅང་གི་གནད་འགག་ཆེན་པོ་རེད། སྒེར་གྱི་འབྲེལ་བ་བཟང་པོ་ཡོད་ན་ལས་དོན་སྒྲུབ་བདེ་བ་དང་གྲོགས་པོ་ཚོས་རང་གི་ཁེ་ཕན་བརྩད་ཀྱང་དེ་ལ་གྲོས་སྡུར་ལྷུག་པོ་དང་སྦྱངས་བཤད་ཡག་པོ་ཞིག་བྱེད་ཐུབ། ཌོ་ནལ་ཊམ་གྱི་དུས་སྐབས་སུ་ཨ་མི་རི་ཀས་བཀའ་བཏང་སྟེ་ཕ་རོལ་པོའི་བསམ་ཚུལ་ལ་གཏན་ནས་མ་མཉན་པ་རེད། དེ་ནས་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་མང་པོ་ཞིག་ཨ་མི་རི་ཀར་ཡིད་ཆེས་བརླགས་སོང་ཞེས་བཤད། སྲིད་འཛིན་བྷ་ཌན་གྱིས་རང་ལ་ལོ་༤༠་ལྷག་གི་གྲོས་ཚོགས་འཐུས་མི་དང་ལོ་༨་ཀྱི་སྲིད་འཛིན་གཞོན་པའི་ཉམས་མྱོང་ཡོད། ཨ་རི་དང་ཡུ་རོབ་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག ཨ་རི་དང་ཨེ་ཤི་ཡའི་མཐུན་གྲོགས་རྒྱལ་ཁབ་ཁག་གི་འབྲེལ་བ་སླར་གསོ་དང་སྲ་བརྟན་གཏོང་ཐུབ་ཡོད་ཅེས་གདེང་སྤོབས་བཅངས་ཡོད་པར་ཉམས་ཚོད་ལེན་པའི་དུས་སུ་བབས།།

XS
SM
MD
LG