ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཨ་རི་དང་རྒྱ་ནག་གི་མཐོ་རིམ་ལས་སྣེ་ཚོའི་ཐུག་འཕྲད་གྲོས་མོལ། 


ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷི་ལིན་ཁེན་དང་རྒྱལ་སྲུང་སློབ་སྟོན་སུ་ལི་ཝྭན་གཉིས་ཀྱིས་ཨ་ལ་སི་ཁ་མངའ་སྡེར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་སྟོན་པ་དབྱང་ཅེ་ཊི་གཉིས་ལ་ཐུག་འཕྲད་གྲོས་མོལ་བྱས། ༢༠༢༡།༣།༡༨
ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷི་ལིན་ཁེན་དང་རྒྱལ་སྲུང་སློབ་སྟོན་སུ་ལི་ཝྭན་གཉིས་ཀྱིས་ཨ་ལ་སི་ཁ་མངའ་སྡེར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་སྟོན་པ་དབྱང་ཅེ་ཊི་གཉིས་ལ་ཐུག་འཕྲད་གྲོས་མོལ་བྱས། ༢༠༢༡།༣།༡༨

༄༅།། ཨ་རིའི་སྲིད་འཛིན་གསར་པ་ཇཱོ་བྷ་ཌན་གྱི་སྲིད་གཞུང་གི་ཕྱི་སྲིད་དྲུང་ཆེ་བྷི་ལིན་ཁེན་དང་རྒྱལ་སྲུང་སློབ་སྟོན་སུ་ལི་ཝྭན་གཉིས་ཀྱིས་ཨ་ལ་སི་ཁ་མངའ་སྡེར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་སྟོན་པ་དབྱང་ཅེ་ཊི་གཉིས་ལ་ཐུག་འཕྲད་གྲོས་མོལ་བྱས་འདུག ཨ་རིའི་སྲིད་གཞུང་གསར་པའི་མཐོ་རིམ་ལས་སྣེ་ཚོ་དང་རྒྱ་ནག་གི་མཐོ་རིམ་ལས་སྣེ་ཚོའི་ཐུག་འཕྲད་གྲོས་མོལ་ཐེངས་དང་པོ་དེ་ཡག་པོ་ཞིག་གཏན་ནས་བྱུང་མེད་པ་སྟེ། རྒྱ་ནག་གི་ལས་སྣེ་ཚོས་ཨ་མི་རི་ཀས་རྒྱལ་ཁབ་ཁག་ཅིག་ལ་ངན་སྐུལ་བྱས་ནས་རྒྱ་ནག་གཏོར་རྒོལ་བྱ་དགོས་ཟེར་གྱི་འདུག་ཅེས་སྐྱོན་བཙུགས། ཨ་མི་རི་ཀས་རྒྱ་ནག་གིས་འུར་སྒྲོགས་གཉའ་བཅོམ་གྱི་སྤྱོད་ངན་ཞིག་འཛིན་གྱི་འདུག་ཅེས་སྐྱོན་བཙུགས། ཕྱོགས་གཉིས་ཀྱི་ཕྱི་འབྲེལ་མི་སྣ་ཚོས་ནང་མོལ་ཞིབ་ཕྲ་ཞིག་བྱུང་སོང་ཞེས་སྒྲོགས་ཀྱི་ཡོད་ཀྱང་ཕྱི་ཚུལ་དུ་ཨ་རི་དང་རྒྱ་ནག་གི་མཐོ་རིམ་ལས་སྣེ་ཚོའི་ཐུག་འཕྲད་གྲོས་མོལ་དེ་ཁ་རྩོད་ལྟ་བུ་ཞིག་ལ་གྱུར་ཏེ་འཛམ་གླིང་གི་སྟོབས་ཆེན་གཉིས་ཀྱི་མཐོ་རིམ་ཕྱི་འབྲེལ་མི་སྣ་ཚོའི་ཐུག་འཕྲད་གྲོས་མོལ་བྱེད་ཀྱི་ཡོད་པའི་རྣམ་པ་ཞིག་མ་ཐོན། ཨ་རིའི་ཕྱི་སྲིད་དྲུང་ཆེས་གསར་འགོད་པ་ཚོར་ང་ཚོས་ཞིན་ཅང་དང་ཧོང་ཀོང་། ཐེ་ཝན་དང་ཨ་མི་རི་ཀར་དྲྭ་ལམ་གྱི་གཏོར་རྒོལ་འབྱུང་གི་ཡོད་པ། ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་རྒྱ་ནག་གིས་དཔལ་འབྱོར་དང་ཚོང་ལས་ཐོག་ཏུ་བཙན་གནོན་བྱེད་ཀྱི་ཡོད་པ་སོགས་རྒྱ་ནག་གི་སྤྱོད་པ་ཚབས་ཆེན་དེ་རྣམས་གླེང་སློང་བྱས་པ་ཡིན། རྒྱ་ནག་གི་སྤྱོད་པ་དེ་ཚོས་རྒྱལ་སྤྱིའི་ཐོག་ཏུ་ཞི་བདེ་བརྟན་ལྷིང་བསྐྲུན་རྒྱུ་དེར་གཏོར་བརླག་བྱེད་ཀྱི་ཡོད་པ་ར་སྤྲོད་བྱས་པ་ཡིན་ཞེས་བཤད།།

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་སྟོན་པ་དབྱང་ཅེ་ཊི་གཉིས། ༢༠༢༡།༣།༡༨
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་སྟོན་པ་དབྱང་ཅེ་ཊི་གཉིས། ༢༠༢༡།༣།༡༨

ཝང་དབྱི་དང་དབྱང་ཅེ་ཊི་གཉིས་ཀྱིས་ཨ་མི་རི་ཀས་དམག་དང་དཔལ་འབྱོར་གྱི་སྟོབས་ཤུགས་བཀོལ་ནས་རྒྱལ་ཁབ་གཞན་ལ་གཉའ་གནོན་བྱེད་ཀྱི་འདུག ཨ་མི་རི་ཀས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཁ་གཡར་ནས་རྒྱུན་ལྡན་གྱི་ཚོང་ལས་ལ་འགོག་རྐྱེན་དང་རྒྱ་ནག་ལ་གཏོར་རྒོལ་བྱ་དགོས་ཞེས་རྒྱལ་ཁབ་གཞན་ལ་ངན་སྐུལ་བྱེད་ཀྱི་འདུག ཨ་མི་རི་ཀའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ནི་ཆེས་ཐ་ཞན་གྱི་གནས་སུ་ལྷུང་སྟེ་ཨ་མི་རི་ཀ་རྣམས་རང་ཡུལ་དུ་དམར་གསོད་བྱེད་ཀྱི་འདུག་ཅེས་ལན་བསློགས། ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་སུ་ལི་ཝྭན་གྱིས་ཨ་མི་རི་ཀས་དུས་དང་རྣམ་པ་ཀུན་ཏུ་རང་གི་མི་དམངས་ཀྱི་རྩ་དོན་དང་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་གི་རྩ་དོན་གྱི་ཆེད་དུ་འཐབ་རྩོད་བྱ་རྒྱུ་ཡིན་ཞེས་རྩོད་པ་བརྒྱབ་སྟེ་ཕྱོགས་གཉིས་ཀྱི་མཐོ་རིམ་ལས་སྣེ་ཚོའི་ཐུག་འཕྲད་གྲོས་མོལ་དེ་ཕྱི་འབྲེལ་གྱི་ཐུག་འཕྲད་གྲོས་མོལ་གྱི་ལམ་སྲོལ་ལ་མ་མཐུན་པ་ཞིག་བྱུང་ཞིང་། ཁ་སང་གཟའ་ཕུར་བུ་ནས་ཨ་རྒྱ་གཉིས་ཀྱི་མཐོ་རིམ་ཕྱི་འབྲེལ་མི་སྣེ་ཚོའི་ཐུག་འཕྲད་གྲོས་མོལ་འགོ་བཙུགས། དེ་རིང་གཟའ་པ་སངས་ཀྱི་སྔ་དྲོར་ཨ་རི་དང་རྒྱ་ནག་གི་མཐོ་རིམ་ལས་སྣེ་ཚོའི་ཐུག་འཕྲད་གྲོས་མོལ་མཇུག་བསྒྲིལ་རྒྱུ། ན་ནིང་ཕྱི་ཟླ་༦་པའི་ནང་དུ་སྲིད་འཛིན་ཌོ་ནལ་ཊམ་གྱི་དུས་སུ་རྒྱ་ནག་དང་ཨ་མི་རི་ཀའི་མཐོ་རིམ་ཚོང་དོན་མི་སྣ་ཚོས་གྲོས་མོལ་བྱས་ནས་བཟུང་། ད་ལྟའི་བར་དུ་རྒྱ་ནག་དང་ཨ་མི་རི་ཀའི་མཐོ་རིམ་ལས་སྣེ་ཁག་ཐུག་འཕྲད་གྲོས་མོལ་བྱུང་མེད་པ་རེད།།

ཨ་རིའི་སྲིད་འཛིན་གསར་པ་ཇཱོ་བྷ་ཌན་གྱི་སྲིད་གཞུང་གི་ཕྱི་སྲིད་དྲུང་ཆེ་བྷི་ལིན་ཁེན་དང་རྒྱལ་སྲུང་སློབ་སྟོན་སུ་ལི་ཝྭན་གཉིས། ༢༠༢༡།༣།༡༨
ཨ་རིའི་སྲིད་འཛིན་གསར་པ་ཇཱོ་བྷ་ཌན་གྱི་སྲིད་གཞུང་གི་ཕྱི་སྲིད་དྲུང་ཆེ་བྷི་ལིན་ཁེན་དང་རྒྱལ་སྲུང་སློབ་སྟོན་སུ་ལི་ཝྭན་གཉིས། ༢༠༢༡།༣།༡༨

ཨ་མི་རི་ཀའི་སྲིད་གཞུང་གསར་པའི་འགོ་ཁྲིད་ཚོས་རྒྱ་ནག་ལ་སྐྱོན་བརྗོད་བྱ་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པ་དང་རྒྱ་ནག་གིས་ཀྱང་དེ་ལ་དགག་པ་རྒྱག་རྒྱུ་ཡང་ཆོས་ཉིད་རེད། ཨ་རྒྱ་གཉིས་ཀྱི་མཐོ་རིམ་ལས་སྣེ་ཚོ་ཐུག་འཕྲད་མ་བྱུང་བའི་སྔ་ཉིན་དེར་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་ལ་དྲག་གནོན་བྱས་པར་འབྲེལ་བ་ཡོད་པའི་རྒྱ་ནག་དབུས་གཞུང་དང་ཧོང་ཀོང་ས་གནས་ཀྱི་མཐོ་རིམ་ལས་སྣེ་༢༤་ལ་ཨ་མི་རི་ཀས་ཚོང་ལས་དང་དཔལ་འབྱོར། འགྲིམ་འགྲུལ་བཀག་སྡོམ་བཅས་ཀྱི་ཉེས་ཆད་བཙན་འགེལ་བྱས་པར་རྒྱ་ནག་ཁོང་ཁྲོ་དྲག་པོ་ལངས། བྷ་ཌན་གྱི་སྲིད་གཞུང་གིས་རྒྱ་ནག་ལ་མཁྲེགས་པོ་བྱ་དགོས་པའི་རྩ་དོན་ཁག་གི་ཐོག་ཏུ་མཁྲེགས་པོ་བྱ་རྒྱུ་དང་རྒྱ་ནག་ལ་མཉམ་འབྲེལ་བྱེད་ཐུབ་ས་ཁག་ཏུ་མཉམ་འབྲེལ་བྱ་རྒྱུ་ཡིན་ཞེས་བསྒྲགས། ཡིན་ནའང་ཨ་རྒྱའི་འབྲེལ་བ་དེའི་ངོ་བོ་ནི་དམངས་གཙོ་དང་སྲིད་དབང་སྒེར་གཅོད་གཉིས་ཀྱི་ས་ཁམས་ཆབ་སྲིད་ཀྱི་འགྲན་སྡུར་དང་འཐབ་རྩོད་ཅིག་ལ་གྱུར་འདུག རྒྱ་ནག་གིས་རང་གི་བདག་དབང་ལ་འབྲེལ་བ་ཡོད་པའི་རྩ་དོན་ཁག་གི་ཐོག་ཏུ་གུ་བཤངས་བྱ་རྒྱུ་མིན་ཞེས་རྣམ་འགྱུར་གསལ་པོར་བསྟན། ཉམས་ཞིབ་པ་ཚོས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་སྟོན་པ་གཉིས་ཀྱི་སྐད་ཆ་བཤད་སྟངས་དང་རྣམ་འགྱུར་སྟོན་སྟངས་ནི་ཨ་མི་རི་ཀར་གྲོས་མོལ་བྱེད་དུ་ཡོང་བ་ཞིག་མིན་པར་རྒྱ་ནག་མི་དམངས་ལ་ཨ་མི་རི་ཀའི་མདུན་དུ་རྒྱ་ནག་གི་ལངས་ཕྱོགས་དང་རྩ་དོན་རྣམས་སོར་གང་བློས་གཏོང་གི་མེད་པའི་རྣམ་པ་སྟོན་ཐབས་ཤིག་ཡིན་པའི་རྟགས་མཚན་འདུག་ཅེས་གླེང་།།

ཨ་རི་དང་རྒྱ་ནག་གི་ཚོང་ལས་ཐོག་ཏུ་ཨ་མི་རི་ཀའི་ལས་སྣེ་ཚོས་རྒྱ་ནག་གིས་དྲངས་སྙོམས་མིན་པའི་ཚོང་ལས་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་རང་གི་བཟོ་ལས་ཁག་ལ་གཞུང་གིས་རོགས་སྐྱོར་བྱེད་ཀྱི་འདུག ཨ་མི་རི་ཀའི་རིག་དངོས་བདག་དབང་དང་འཕྲུལ་རིག་ལག་རྩལ་རྣམས་རྒྱ་ནག་གིས་རྐུ་འཕྲོག་བྱེད་ཀྱི་འདུག རྒྱ་ནག་གིས་རང་གི་ཁེ་ཕན་ལ་དམིགས་ནས་མི་དམངས་ཤོག་སྒོར་གྱི་འཛའ་ཐང་སྤར་གཅོག་བྱེད་ཀྱི་ཡོད་པ་དང་ཚོང་ལས་ལ་བཀག་སྡོམ་བྱས་ནས་ཁྲོམ་ར་མང་དག་ཅིག་སྒོ་འབྱེད་ཀྱི་མི་འདུག་ཅེས་ཌོ་ནལ་ཊམ་གྱི་སྲིད་གཞུང་གི་སྐབས་ནས་རྒྱ་ནག་ལ་མི་མཐུན་པའི་འགལ་ཟླ་བྱུང་བ་རྣམས་བསྐྱར་བསླངས། རྒྱ་ནག་གི་སྐུ་ཚབ་གཉིས་ཀྱིས་ཌོ་ནལ་ཊམ་གྱི་དུས་སུ་ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་སྔོན་ཆད་བྱུང་མྱོང་མེད་པའི་སྒོ་ཁྲལ་སྤར་སོང་། ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ཡོད་པ་རྣམས་ཕྱིར་འཐེན་བྱ་དགོས། ཧྭ་ཝེ་ལྟ་བུའི་རྒྱ་ནག་གི་གྲུབ་འབྲས་ལྡན་པའི་བཟོ་ཚོང་ལས་ཁང་ཁག་ཨ་མི་རི་ཀས་མགོ་བོ་འབུར་བཅོམ་བྱས་ནས་ཡར་རྒྱས་འགྲོ་རུ་འཇུག་གི་མི་འདུག་ཅེས་ངར་སྐད་བསྒྲགས། འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཐོག་ཏུ་ཨ་མི་རི་ཀས་རྒྱ་ནག་གིས་ཞིན་ཅང་ལ་མི་རིགས་གཙང་སེལ་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པ་དང་ཧོང་ཀོང་གི་དམངས་གཙོའི་ཐོབ་ཐང་བཙན་འཕྲོག་བྱེད་ཀྱི་འདུག་ཅེས་ཐེར་འདོན་བྱས་ཤིང་། རྒྱ་ནག་གིས་ཧོང་ཀོང་དང་ཞིན་ཅང་གནད་དོན་ནི་རྒྱ་ནག་གི་ནང་སྲིད་ཡིན། ཨ་མི་རི་ཀས་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་ཀྱི་ཡོད་པ་མཚམས་འཇོག་དང་རྒྱ་ནག་དམར་ཤོག་ཚོགས་པའི་དབང་སྒྱུར་ལ་ནག་ཐིག་འབེབས་ཐབས་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས་ཞེས་བཤད།།

ཐོག་མར་གཟའ་འཁོར་འདིར་ཨ་མི་རི་ཀ་དང་རྒྱ་ནག་གི་མཐོ་རིམ་ལས་སྣེ་ཚོ་ཨ་ལ་སི་ཁར་ཐུག་འཕྲད་བྱ་འཆར་ཡོད་པའི་གནས་ཚུལ་ཐོན་པའི་རྗེས་སུ་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་འགྲོ་རྒྱུ། ཨ་མི་རི་ཀ་དང་རྒྱ་ནག་གི་འབྲེལ་བ་འགོ་འཛུགས་གསར་པ་ཞིག་བྱེད་ཐུབ་པའི་རེ་ལྟོས་འཆང་། སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་དུས་སུ་ཕྱོགས་གཉིས་ཀྱི་འབྲེལ་བ་ཧ་ཅང་སྡུག་ཏུ་སོང་བ་སླར་གསོ་འབྱུང་ཐུབ་རྒྱུའི་ཚོད་དཔག་བྱས་པར་མ་ཟད། ཟླ་བ་སྔོན་མར་ཞིས་ཅིན་ཕིང་གིས་སྲིད་འཛིན་ཇཱོ་བྷ་ཌན་ལ་ཁ་པར་བཏང་ནས་བཀའ་མོལ་གནང་། འོན་ཀྱང་ཨ་ལ་སི་ཁའི་ཐུག་འཕྲད་གྲོས་མོལ་གྱི་དུས་སྐབས་ཉེ་རུ་ཕྱིན་པའི་སྐབས་སུ་ཕྱོགས་གཉིས་ཀས་རང་རང་གི་ལངས་ཕྱོགས་ཇེ་མཁྲེགས་སུ་བཏང་སྟེ་གྲོས་མོལ་དེར་གྲུབ་འབྲས་འཐོན་རྒྱུའི་རེ་ལྟོས་མ་འཆང་ན་ལེགས་ཞེས་བཤད། ཝ་ཤིང་ཊོན་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པས་ཨ་ལ་སི་ཁའི་གྲོས་མོལ་དེར་གྲུབ་འབྲས་འཐོན་རྒྱུའི་རེ་བ་ཆེན་པོ་མེད་ཅེས་གསར་འགོད་པའི་དྲི་བར་ལན་འདེབས་བྱས་འདུག རྒྱ་ནག་གི་རེ་བ་ཆེ་ཤོས་ནི་བྷ་ཌན་གྱི་སྲིད་གཞུང་གསར་པས་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ཡོད་པ་རྣམས་ཕྱིར་འཐེན་བྱ་རྒྱུ་དང་ཐེ་ཝན་ལ་འབྲེལ་བ་ཤུགས་ཆེ་རུ་གཏོང་གི་ཡོད་པ་མཚམས་འཇོག་བྱ་རྒྱུ་དེ་ཡིན། ཡིན་ནའང་ཨ་རིའི་སྲིད་གཞུང་གསར་པས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ཡོད་པ་ཕྱིར་འཐེན་མ་བྱས་པ་དང་སྲིད་གཞུང་སྔོན་མས་ཐེ་ཝན་ལ་འབྲེལ་བ་འཛིན་ཕྱོགས་ཀྱི་སྲིད་ཇུས་གཏན་འབེབས་བྱས་ཡོད་པ་རྣམས་རྒྱུན་འཁྱོངས། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐོག་ཏུ་སྲིད་གཞུང་སྔོན་མ་ལས་ལྷག་པར་རྒྱ་ནག་ལ་སྐྱོན་བརྗོད་བྱ་རྒྱུ་ཤུགས་ཆེ་རུ་བཏང་སྟེ་ཨ་རྒྱ་གཉིས་ཀྱི་འབྲེལ་བ་འཕྲལ་དུ་ཡར་རྒྱས་གཏོང་རྒྱུའི་རེ་ལྟོས་འཆང་བ་སྟོང་ཟད་དུ་གྱུར་ཡོད་པ་རེད།།

XS
SM
MD
LG