ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་གར་གྱི་དམག་མིས་བོད་སྐད་སྦྱངས་ཏེ་རྒྱ་སྐད་སློབ་སྦྱོང་།


༄༅།། ལ་དྭགས་ཀྱི་ས་མཚམས་ཁག་ཏུ་འགྲེམ་འཇོག་བྱེད་ཡོད་པའི་རྒྱ་གར་གྱི་དམིགས་བསལ་དམག་དོན་མི་སྣ་ཁག་ཅིག་ལ་བོད་སྐད་སློབ་སྦྱོང་སྤྲད་པའི་རྗེས་སུ་རྒྱ་སྐད་སློབ་སྦྱོང་སྤྲོད་རྒྱུ་མགོ་ཚུགས། ཕྱི་ཟླ་༤་པའིཚེས་༡༥་ཉིན་རྒྱ་གར་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ལོ་གཉིས་ཀྱི་གོང་དེར་ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གི་དམག་དཔུང་ཁག་ཅིག་ལག་འཛིང་ཐུག་སྟེ་མི་གསོད་ཁྲག་སྦྱོར་བྱུང་ནས་བཟུང་། རྒྱ་གར་གྱི་མཐའ་མཚམས་སྲུང་དམག་གྲས་ཀྱི་དམིགས་བསལ་དམག་དོན་མི་སྣ་ཚོས་རྒྱ་སྐད་སྦྱོང་གི་ཡོད་པའི་གནས་ཚུལ་ཐོན་འདུག རྒྱ་གར་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དམག་སྤྱི་ན་ར་ཝ་ནིར་སྙན་སེང་ཞུས་ཏེ་ལ་དྭགས་ཀྱི་དམག་སྡེ་༡༢་པའི་དམག་དཔུང་དང་རྒྱ་གར་རྒྱལ་ཡོངས་ཀྱི་སློབ་ཆེན་ཁག་ཏུ་ཞི་བའི་མི་མང་སློབ་ཕྲུག་ཚོར་རྒྱ་ཡིག་རྒྱ་སྐད་ཀྱི་རྨང་གཞིའི་སློབ་སྦྱོང་སྤྲོད་རྒྱུ་ཤུགས་ཆེ་རུ་གཏོང་དགོས་པའི་ཐག་བཅད། རྒྱ་ནག་གིས་ལ་དྭགས་ཤར་ཕྱོགས་ནས་དམག་དཔུང་ཕྱིར་འཐེན་བྱེད་ཀྱི་ཡོད་པའི་རྟགས་མཚན་མེད་པས་ཕྱི་ཟླ་༤་པའི་ཚེས་༡༨་ནས་༢༢་བར་དུ་དམག་སྤྱི་ར་ན་ཝ་ནིས་གཙོ་སྐྱོང་གནང་རྒྱུའི་དམག་དཔུང་བཀོད་འདོམས་པའི་ལྷན་ཚོགས་ཐོག་ཏུ་འཐབ་ཇུས་དང་སྤྱི་ལེ་༣༤༨༨་ཀྱི་དབང་བསྒྱུར་ས་མཚམས་ཁག་གི་རྨང་གཞིའི་འཛུགས་སྐྲུན་གྱི་ནུས་པ་རྒྱ་སྐྱེད། ཨུ་རུ་སུ་དང་ཡུཀ་རེན་གྱི་དམག་འཁྲུག་དང་རྒྱ་གར་གྱི་དམག་དོན་མཚོན་ཆ་མང་ཆེ་བ་ཨུ་རུ་སུ་ནས་ནང་འདྲེན་བྱེད་ཀྱི་ཡོད་པར་ཤུགས་རྐྱེན་ཅི་ཙམ་ཐེབས་རྒྱུ་ཡིན་མིན། སྔ་ལོ་རྒྱ་གར་གྱི་དམག་དཔུང་ཁག་ཅིག་ལ་ཛ་དྲག་གི་སྒོ་ནས་བོད་ཡིག་བོད་སྐད་སློབ་སྦྱོང་སྤྲད། ད་ལོ་རྒྱ་གར་གྱི་དམག་ཁོངས་སུ་རྒྱ་ཡིག་རྒྱ་སྐད་ཤེས་མཁན་དཀོན་པའི་དཀའ་ངལ་སེལ་ཐབས་བཅས་ལ་གྲོས་སྡུར་དང་བསྐྱར་ཞིབ་བྱ་འཆར་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་གར་དུས་བབ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་གྱི་སིམ་ལ་རི་གྲོང་དུ་ཆགས་པའི་དམག་སྦྱོང་སློབ་གླིང་གི་དམག་སྤྱི་ཁང་གི་བཀོད་འདོམས་འོག་དམག་སྤྱིའི་ལྷན་ཚོགས་ཤིག་གིས་རྒྱ་སྐད་སློབ་ཁྲིད་ཀྱི་སྲིད་ཇུས་ཟིན་བྲིས་བཏབ། རྒྱ་གར་གྱི་དམའ་རིམ་དམག་དོན་མི་སྣ་ཁག་ཅིག་ལ་ན་ནིང་ཕྱི་ཟླ་༡༡་པ་ནས་ཅན་དྷི་གྷར་སློབ་གྲྭ་ཆེན་མོར་རྒྱ་ཡིག་སློབ་སྦྱོང་སྤྲོད་མགོ་ཚུགས། རྒྱ་གར་གྱི་སློབ་ཆེན་གཞན་ཁག་ཏུའང་དམག་དོན་མི་སྣ་ཚོར་རྒྱ་ཡིག་སློབ་ཚན་གྱི་ཉེ་བའི་གཙུག་ལག་རབ་འབྱམས་པའི་ས་མིག་ཟུར་འཇོག་བྱ་རྒྱུ་མང་དུ་བཏང་ཡོད་ཅིང་། འདས་པའི་ལོ་མང་རིང་རྒྱ་གར་གྱི་དམག་གི་དམིགས་འབེན་གཙོ་བོ་ནི་པ་ཀི་སི་ཐན་ཡིན་མོད། ད་ནས་སྐབས་ཤིག་གི་རིང་རྒྱ་གར་གྱི་དམག་གི་དམིགས་འབེན་གཙོ་བོ་རྒྱ་ནག་འགྱུར་རྒྱུ་ཡིན་ཞིང་། པ་ཀི་སི་ཐན་དང་རྒྱ་གར་གཉིས་སྐད་ཡིག་དང་གོམས་སྲོལ་རྣམས་གཅིག་པ་ཡིན་རུང་རྒྱ་ནག་ནི་མ་འདྲ་བ་ཞིག་རེད་ཅེས་རྒྱ་གར་གྱི་མཐོ་རིམ་དམག་དོན་མི་སྣ་ཞིག་གིས་གསར་འགོད་པར་གླེང་མོལ་བྱས་འདུག དམག་དཔོན་གཞན་ཞིག་གིས་ཀྱང་རྒྱ་གར་གྱི་དམག་མིའི་གྲས་སུ་རྒྱ་སྐད་དང་རྒྱ་ནག་གི་རིག་གཞུང་། རྒྱ་ནག་གི་སྲིད་ཇུས་དང་སྤྱོད་པ་རྣམས་ཤེས་མཁན་དགོས་ཀྱི་འདུག ང་ཚོའི་དཀའ་ངལ་ནི་རྒྱ་དམག་ལ་འབྲེལ་བ་བྱེད་མཁན་རྒྱ་གར་གྱི་དམག་མི་དང་དམག་དཔོན་རྣམས་དབང་བསྒྱུར་ས་མཚམས་སུ་ལོ་གཉིས་གསུམ་རེར་བཞག་པའི་རྗེས་སུ་ནུབ་ཕྱོགས་ས་མཚམས་སམ། ཡང་ན་ས་མཚམས་གཞན་ལ་བཏང་སྟེ་རྒྱ་ཡིག་རྒྱ་སྐད་ཀྱི་དགོས་མཁོ་མེད་པར་འགྱུར་གྱི་འདུག རྒྱ་གར་གྱི་དམག་དཔོན་གོ་གནས་འཕར་གྱི་ཡོད་པ་རྣམས་ས་གནས་གང་སར་གཏོང་དགོས་པ་དང་སྐད་ཡིག་གཞན་པ་སྦྱང་དགོས་པ་བཅས་ཀྱིས་རྒྱ་ཡིག་རྒྱ་སྐད་ཡག་པོ་ཞིག་ཤེས་ཐུབ་ཀྱི་མི་འདུག ང་ཚོས་རྒྱ་ཡིག་རྒྱ་སྐད་ཤེས་མཁན་དམག་དོན་མི་སྣ་ཚོ་དབང་བསྒྱུར་ས་མཚམས་ཁག་ཏུ་ཡུན་རིང་འཇོག་པ་དང་བསྐྱར་དུ་ཧིན་བོད་ས་མཚམས་སུ་གཏོང་དགོས་ཀྱི་འདུག་ཅེས་བཤད།།

གྷལ་ཝན་ལུང་གཤོང་གི་འཐབ་འཁྲུག་བྱུང་ནས་ལོ་གཉིས་འགྲོ་ཡི་ཡོད་པའི་སྐབས་སུའང་ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གི་འབྲེལ་བ་ཡག་ཏུ་འགྲོ་རྒྱུའི་རྟགས་མཚན་མེད་པ་སྟེ། ཕྱི་ཟླ་༤་པའི་ཚེས་༡༢་ཉིན་སི་ཝ་ར་ཇཱ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་བོད་ཕྱོགས་ནས་སྦང་གོང་མཚོ་ཐོག་ཏུ་ཟམ་པ་བཙུགས་ནས་རྒྱ་གར་གྱི་མངའ་ཁོངས་སུ་ཡོང་གི་ཡོད་པ་བརྙན་པར་ནང་དུ་གསལ། སྔ་ལོ་རྒྱ་ནག་གིས་སྤང་གོང་མཚོའི་བྱང་ཕྱོགས་ནས་ཟམ་པའི་རྨང་གཞི་འཛུགས་སྐྲུན་བྱེད་མགོ་ཚུགས་ཏེ་རིམ་གྱིས་ལྷོ་ཕྱོགས་ཀྱི་མཚོ་འགྲམ་ལ་སྙོབ་ཀྱི་འདུག་ཅེས་གནས་ཚུལ་སྤེལ། དེ་བཞིན་རྒྱ་གར་གྱི་རྒྱལ་སྲུང་ཞིབ་འཇུག་གསར་ཁང་གིས་ཀྱང་ད་སྔ་ལྕགས་ཟམ་ཐོག་ཏུ་འགྲིམ་འགྲུལ་བྱེད་མི་ཐུབ་ཀྱང་ཟླ་ཤས་རྗེས་སུ་འགྲིམ་འགྲུལ་དང་སྐྱེལ་འདྲེན་བྱེད་ཐུབ་པ་ཞིག་ཏུ་འགྱུར་ས་རེད། ལྕགས་ཟམ་དེ་གུར་ནག་(གུར་ནག་གི་དག་ཆར་བརྟག་པར་འཚལ)མཁར་རྫོང་འཁྲིས་སུ་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་དང་༡༩༥༨་ལོའི་ཕྱི་ཟླ་༦་པར་རྒྱ་ནག་གིས་གུར་ནག་མཁར་རྫོང་གི་མཐའ་འཁོར་གྱི་ས་གནས་ཁག་ལ་བཙན་འཛུལ་བྱུང་། སྤང་གོང་མཚོའི་ལྷོ་བྱང་གཉིས་སུ་རྒྱ་དམག་འཕོན་ཆེན་བཞག་ཡོད་པ་རྣམས་བོད་ཀྱི་རུ་ཐོག་གྲོང་རྡལ་གྱི་དམག་སྒར་ཆེན་མོར་འབྲེལ་བ་མཐུད་ཡོད་པར་མ་ཟད། རྒྱ་ནག་གིས་སྤང་གོང་མཚོ་འགྲམ་གྱི་ཕྱོགས་གཉིས་སུ་རྒྱ་ལམ་མང་དག་ཅིག་འཛུགས་སྐྲུན་བྱས་ཡོད་པ་རྣམས་རུ་ཐོག་ལ་མཐུད། རྒྱ་ནག་གི་དམག་མི་ཚོས་སྤང་གོང་མཚོའི་བྱང་ཕྱོགས་ནས་ལྷོ་ཕྱོགས་བར་དུ་མགྱོགས་གྲུ་བཏང་ནས་སྐོར་གཡེང་དང་སིམ་འཛུལ་བྱེད་ཐུབ། འོན་ཀྱང་མགྱོགས་གྲུའི་ཐོག་ཏུ་མེ་སྒྱོགས་དང་འཕུར་མདེལ་རླངས་འཁོར་སོགས་མཚོན་ཆ་ཆེ་ཁག་རྣམས་སྐྱེལ་འདྲེན་བྱེད་དཀའ། སྤང་གོང་མཚོ་ཐོག་ཏུ་ལྕགས་ཟམ་མ་འཕངས་པར་ཕྱོགས་གཉིས་ཀས་ཕར་ཚུར་དཔུང་ཆེན་དྲངས་ནས་འཐབ་འཁྲུག་རྒྱག་ཐུབ་རྒྱུ་ཁག་པོ་རེད་ཅེས་གནས་ཚུལ་སྤེལ་འདུག འདས་པའི་ལོ་གཉིས་ཀྱི་རིང་རྒྱ་དཀར་ནག་གི་དམག་དཔུང་བཀོད་འདེམས་པ་ཚོས་ལ་དྭགས་ཀྱི་ཆུ་ཤུལ་ས་ཁུལ་དུ་གྲོས་མོལ་ཐེངས་༡༥་བྱས་ཀྱང་ཧིན་བོད་ས་མཚམས་ཀཁག་ནས་དམག་དཔུང་ཕྱིར་འཐེན་བྱེད་ཐུབ་ཀྱི་མེད་པ་རེད།

ཕྱི་ཟླ་༤་པའི་ཚེས་༨་ཉིན་རྒྱ་གར་གྱི་བང་ཆེན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གཞུང་གི་རྒྱབ་གཉེར་ཡོད་པའི་དྲྭ་ཇག་ཚོགས་པ་ཞིག་གིས་འདས་པའི་ཟླ་བ་༨་ཀྱི་རིང་དུ་ལ་དྭགས་ཉེ་འཁོར་གྱི་གློག་ཁང་ཁག་ལ་གཏོར་རྒོལ་བྱ་ཐབས་བྱས་འདུག ཡིན་ནའང་རྒྱ་གར་གྱིས་ལ་དྭགས་ཕྱོགས་སུ་གློག་གཏོང་གི་ཡོད་པ་དེར་བར་ཆད་གཏོང་ཐུབ་མེད་པའི་གནས་ཚུལ་ཐོན། རྒྱ་གར་གྱི་གློག་གཏོང་ལྟེ་གནས་ཁང་གི་ལས་སྣེ་ཚོས་ན་ནིང་ཕྱི་ཟླ་༨་ནས་ལོ་འདིའི་ཕྱི་ཟླ་༣་པའི་བར་དུ་རྒྱ་ནག་གི་རྒྱབ་གཉེར་ཡོད་པའི་དྲྭ་ཇག་ཚོགས་པ་ཞིག་གིས་རྒྱ་གར་གྱི་མངའ་སྡེ་ཁག་བདུན་ལ་གློག་རྒྱུན་གཅོད་རྒྱུའི་འབད་བརྩོན་བྱས་སོང་། གློག་ཁང་གཏོར་རྒོལ་བྱ་ཡུལ་རྣམས་རྒྱ་གར་བྱང་ཕྱོགས་སུ་ཡོད་པ་དང་ལ་དྭགས་ཀྱི་ས་མཚམས་ཁག་ཏུ་རྩོད་གཞི་ཡོད་པར་འབྲེལ་བ་ཡོད་ཤས་ཆེ་ཞེས་བཤད། རྒྱ་གར་གྱི་གློག་ཤུགས་ལྷན་ཁང་གི་བློན་ཆེན་ཨར་ཁེ་སིང་གིས་ལ་དྭགས་ཉེ་འཁྲིས་ཀྱི་གློག་ཤུགས་བགོ་འགྲེམ་ཁང་གཉིས་ལ་གཏོར་རྒོལ་བྱ་ཐབས་བྱས་ཀྱང་ནུས་པ་ཐོན་མ་སོང་། ང་ཚོས་རྒྱ་གར་གྱི་གློག་ཤུགས་བགོ་འགྲེམ་མ་ལག་ཡར་རྒྱས་བཏང་ཡོད་ཅེས་བཤད། རྒྱ་གར་གྱི་གསང་བའི་ལས་ཁུངས་ཀྱིས་རྒྱ་ནག་གི་དྲྭ་ཇག་ཚོགས་པ་ཞིག་གིས་རྒྱ་གར་གྱི་རྨང་གཞིའི་མཐུན་རྐྱེན་མ་ལག་རྣམས་དམིགས་འབེན་དུ་བཟུང་ནས་གཏོར་རྒོལ་བྱེད་ཀྱི་ཡོད་པར་བལྟས་ཚེ། འདི་ནི་གནས་སྐབས་ཀྱི་འཐབ་ཇུས་ཤིག་མིན་པར་ཕུགས་རྒྱང་པོར་དམིགས་ནས་རྒྱ་གར་གྱི་བརྡ་འཕྲིན་མ་ལག་དང་གློག་ཤུགས་བགོ་འགྲེམ་མ་ལག་བཅས་ལ་ཉེན་ཁ་འཕྲད་རྒྱུའི་རྟགས་མཚན་ཡིན་སྲིད། རྒྱ་ནག་གཞུང་གི་རྒྱབ་གཉེར་ཡོད་པའི་དྲྭ་ཇག་ཚོགས་པ་དེས་འཛམ་གླིང་ཡོངས་ལ་གཏོར་རྒོལ་དང་སིམ་འཛུལ། དྲྭ་ལམ་གྱི་གནས་ཚུལ་རྣམས་བརྐུས་འཁྱེར་བྱེད་ཀྱི་ཡོད་ཀྱང་རྒྱ་གར་གྱི་གློག་ཤུགས་བགོ་འགྲེམ་མ་ལག་ཁག་རྣམས་དམིགས་སུ་བཀར་ནས་གཏོང་རྒོལ་བྱེད་སྲིད་པའི་ཉེན་ཁ་ཆེན་པོ་འདུག་ཅེས་གནས་ཚུལ་སྤེལ་འདུག

XS
SM
MD
LG