ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཁུ་ནུའི་བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་པ་མན་ཇཱ་རི།


India Dam
India Dam

དེང་སྐབས་ལོ་ན་༧༠་ཐམ་པར་སོན་པའི་ར་ཏན་མན་ཇཱ་རི་ཞེས་པ་ནི་ཧིན་བོད་ས་མཚམས་ཀྱི་གར་ཞ་དང་སྤི་ཏེ། ཁུ་ནུ་སོགས་ཧི་མ་ལ་ཡའི་ལྗོངས་ཀྱི་ས་གནས་ཁག་ཏུ་དར་སྲོལ་ཆེ་བའི་ཕོ་དབང་རིང་ལུགས་ཀྱི་སྤྱི་ཚོགས་ལམ་སྲོལ་ལ་འཐབ་རྒོལ་དང་བུད་མེད་ཚོར་ཕ་ཤུལ་གྱི་ནོར་སྐལ་ཐེམས་དགོས་པའི་ཐོབ་ཐང་བརྩད་ནས་མི་སྣ་གྲགས་ཅན་ཞིག་ཏུ་གྱུར།

༄༅།། དེང་སྐབས་ལོ་ན་༧༠་ཐམ་པར་སོན་པའི་ར་ཏན་མན་ཇཱ་རི་ཞེས་པ་ནི་ཧིན་བོད་ས་མཚམས་ཀྱི་ཁུ་ནུ་རྫོང་། རི་བྷ་གྲོང་ཚོའི་བུད་མེད་ཅིག་ཡིན་པ་དང་ཁོ་མོས་གར་ཞ་དང་སྤི་ཏེ། ཁུ་ནུ་སོགས་ཧི་མ་ལ་ཡའི་ལྗོངས་ཀྱི་ས་གནས་ཁག་ཏུ་དར་སྲོལ་ཆེ་བའི་ཕོ་དབང་རིང་ལུགས་ཀྱི་སྤྱི་ཚོགས་ལམ་སྲོལ་ལ་འཐབ་རྒོལ་དང་བུད་མེད་ཚོར་ཕ་ཤུལ་གྱི་ནོར་སྐལ་ཐེམས་དགོས་པའི་ཐོབ་ཐང་བརྩད་ནས་མི་སྣ་གྲགས་ཅན་ཞིག་ཏུ་གྱུར། ཕྱི་ཟླ་༨་པའི་ཚེས་༡༦་ཉིན་ཨ་ཤ་ཝ་ཎི་ཤར་མ་ཞེས་པའི་རྒྱ་གར་གྱི་གསར་འགོད་པ་ཞིག་གིས་རྒྱང་ལྟའི་དུས་དེབ་ནང་དུ་རྒྱ་གར་ལ་རང་བཙན་ཐོབ་ནས་ལོ་༧༥་འཁོར་ཡང་ཧིན་བོད་ས་མཚམས་ཀྱི་གྲོང་གསེབ་ཁག་གི་བུད་མེད་ཚོར་ཁྲིམས་ཐོག་ཏུ་ཕ་ཤུལ་གྱི་ནོར་སྐལ་ཐོབ་ཐང་མེད་པའམ། ཡང་ན་བུད་མེད་ཚོར་ཁྱིམ་ཚང་གི་ལས་དོན་ཁག་ལ་ཐེ་ཇུས་བྱེད་ཆོག་པའི་དབང་ཚད་ཧ་ཅང་ཆུང་ཆུང་རེད་ཅེས་རྩོམ་ཡིག་བྲིས་ནས་གནས་ཚུལ་སྤེལ་འདུག ར་ཏན་མན་ཇཱ་རིས་ཀུ་ཤུའི་སིལ་རར་བདག་སྐྱོང་བྱེད་པའི་ཞོར་དུ་བུད་མེད་རྣམས་རྩ་འཛུགས་བྱས་ནས་བུད་མེད་དང་གཉེན་སྒྲིག་མ་བྱས་པའི་བུ་མོ། ཡུགས་མོ་རྣམས་དང་མོ་རྐྱང་སོགས་ལ་ཁྱིམ་ཚང་གི་རྒྱུ་སྐལ་སྟེར་སྲོལ་མེད་པའི་སྲོལ་རྒྱུན་གྱི་སྤྱི་ཚོགས་ལམ་ལུགས་ལ་ངོ་རྒོལ་བྱ་རྒྱུའི་ལས་འགུལ་སྤེལ། ཁོ་མོས་ཁུ་ནུ་དང་པན་ཀི གར་ཞ་དང་སྤི་ཏེ། བྷ་མོར་བཅས་སུ་ཕོ་མོ་དབྱེ་འབྱེད་དང་དྲང་སྙོམས་མིན་པ། ཁྲིམས་མཐུན་གྱི་ཐོབ་ཐང་མེད་པ་བཅས་ལ་འཐབ་རྒོལ་བྱ་རྒྱུའི་སེམས་ཐག་བཅད།།

གསར་འགོད་པའི་རྩོམ་ཡིག་དེར་མུ་མཐུད་དུ་འཁོད་པ་ལྟར་ན། ར་ཏན་མན་ཇཱ་རིའི་འཐབ་རྩོད་ཀྱི་འབྲས་བུར་བུད་མེད་༣༥་ལ་ནོར་སྐལ་ཐོབ། ཕ་ཁྱིམ་ནས་ཐོབ་པའི་མཁར་རྗེ་དབང་ཐང་རྣམས་བུད་མེད་དོ་བདག་སོ་སོའི་མིང་ཐོག་ཏུ་བྲིས་ནས་གཞུང་གི་དཔྱ་ཁྲལ་ཐོ་གཞུང་དུ་བཀོད། ཁོ་མོས་བུད་མེད་ལ་ནོར་སྐལ་ཐོབ་ཐང་རྩོད་ལེན་ཚོགས་པ་བཙུགས་པ་སོགས་ཀྱིས་མན་ཇཱ་རི་ལོ་༢༡་ཐོག་ཏུ་གྲོང་གསེབ་དེའི་འགོ་ཁྲིད་ལ་སྤྱི་མོས་ཀྱིས་འོས་འདེམས་བྱུང་ཞིང་། ཁོ་མོས་གསར་འགོད་པར་ང་ལོ་༡༤་ཡིན་པའི་དུས་ནས་ཨ་མ་གཙོས་ཁྱིམ་ཚང་གི་བཟའ་མི་ཚོས་དུས་རབས་མང་པོའི་སྲོལ་རྒྱུན་དུ་གྱུར་པའི་ཕོ་དབང་རིང་ལུགས་ཀྱི་ཁྲིམས་ལུགས་དེ་དག་གི་སྐྱོན་རྣམས་ཐེར་འདོན་བྱེད་དགོས་པའི་སྐུལ་ལྕག་བཏང་བ་ནི་ལས་བསོད་ཆེན་པོ་ཡིན། ངས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་རྒྱ་གར་གྱི་སྲིད་བློན་ན་ར་སི་མ་རའོ། སྲིད་བློན་ཨ་ཐལ་བྷི་ཧ་རི་ཝ་ཇ་པ་དབྱི་སོགས་ལའང་བུད་མེད་ཚོར་ཐོབ་ཐང་འདྲ་མཉམ་སྤྲོད་དགོས་པའི་གླེང་སློང་བྱས་མྱོང་། ངས་ཕོ་མོ་འདྲ་མཉམ་གྱི་གསར་བརྗེ་བསླངས་ཏེ་ང་ལ་ཚོ་ཤོག་ཁག་གི་བུད་མེད་རྗེས་འབྲང་བ་བརྒྱ་ཕྲག་མང་པོ་ཡོད། ཡིན་ནའང་འཐབ་རྩོད་དེ་ཡོངས་སུ་འགྲུབ་པར་ལམ་ཐག་རིང་པོ་ཞིག་བརྒྱུད་དགོས་ཀྱི་འདུག་ཅེས་བསྟན།།

ཁུ་ནུ་དང་གར་ཞ། སྤི་ཏེ་ཁུལ་དུ་༡༩༢༦་ལོར་གཏན་ལ་ཕབ་པའི་ཁྲིམས་ཤིག་དང་ཚོ་ཤོག་གི་སྲོལ་ཁྲིམས་གཉིས་ལག་ལེན་བསྟར་མུས་ཡིན་ཞིང་། ད་ལྟ་ས་ཁུལ་དེ་དག་གི་ཡིག་རྨོངས་བརྒྱ་ཆ་༨༡་སེལ་ཐུབ་ཡོད་ཀྱང་ཚོ་ཤོག་ཁག་གི་བུད་མེད་གང་ཞིག་གནས་ལ་འགྲོ་དུས་ནོར་སྐལ་ས་ཞིང་སྤྲོད་དགོས་ན་ཕ་ཁྱིམ་གྱི་ས་ཞིང་རྣམས་འཛད་སྲིད་པར་དོགས་ནས་བུ་མོར་ནོར་སྐལ་སྤྲོད་སྲོལ་མེད་ཅིང་། གཉེན་སྒྲིག་མ་བྱས་པའི་བུ་མོ་ཚོས་ཕ་ཁྱིམ་གྱི་རྒྱུ་དངོས་རྣམས་ཕུ་ནུའི་མཉམ་དུ་ལོངས་སུ་སྤྱོད་ཆོག་ཀྱང་ཕ་རྒན་གྲོངས་པའི་རྗེས་སུ་ཁྱིམ་ཚང་གི་མཁར་རྗེ་དབང་ཐང་རྣམས་བུ་ཚོར་ཐེམས་ཏེ་བུད་མེད་ལ་སྐལ་བ་ཅི་ཡང་མེད་པར་འགྱུར། འབུམ་རམས་པ་ཀ་ནི་ཡ་ཐ་ཀུར་གྱིས་བཟོས་པའི་བུད་མེད་ལ་མི་གཏོགས་པའི་ཡུལ་ལུང་ཞེས་པའི་གློག་བརྙན་ནང་དུ་ཁུ་ནུ་དང་གར་ཞ། སྤི་ཏེ་ཁུལ་དུ་བུ་མོ་ཚོར་ནོར་སྐལ་གྱི་ཐོབ་ཐང་མེད་པ་རྣམས་གསལ་པོར་ཐོན། མན་ཇཱ་རིས་མངའ་སྡེའི་མཐོ་རིམ་ཁྲིམས་ཁང་ལ་རྒྱ་གར་གྱི་སྤྱི་ཚོགས་སུ་ཕོ་མོ་དབྱེ་འབྱེད་བྱེད་ཀྱི་ཡོད་པ་ནི་གཞི་རྩའི་ཐོབ་ཐང་ལ་འགལ་འཛོལ་བྱས་པ་ཞིག་རེད། རྒྱ་གར་གྱི་བུད་མེད་རྣམས་སྤྱི་ཚོགས་ཧྲིལ་པོར་འདྲེས་སུ་མ་བཅུག་པར་ལོགས་སུ་དགར་མི་ཆོག་པ་དང་ནོར་སྐལ་གྱི་ཐོབ་ཐང་འདྲ་མཉམ་སྤྲོད་དགོས་ཞེས་ཁྲིམས་གཏུགས་པ་ཡིན། ༢༠༡༥་ལོའི་ཕྱི་ཟླ་༦་པའི་ཚེས་༢༥་ཉིན་ཧི་མ་ཅལ་མངའ་སྡེའི་མཐོ་རིམ་ཁྲིམས་ཁང་གིས་བཅད་ཁྲ་བསྒྲགས། ཕྱིས་སུ་ཁ་མཆུ་དེ་ལྡི་ལིའི་ཆེས་མཐོའི་ཁྲིམས་ཁང་ལ་གཏུགས་ཏེ་ཕྱིར་སློག་བྱས་འདུག ད་ལྟ་དྷ་རོ་པ་ཏི་མུར་མུ་རྒྱ་གར་གྱི་སྲིད་འཛིན་ལ་འདེམས་བསྐོ་བྱས་ཡོད་པས་ཚོ་ཤོག་ཁག་གི་བུད་མེད་ཚོར་ཐོབ་ཐང་འདྲ་མཉམ་སྤྲོད་དགོས་པའི་འཐབ་རྩོད་ལ་རྒྱབ་སྐྱོར་འཐོབ་རྒྱུའི་རེ་བ་དང་ཡིད་ཆེས་ཡོད་ཅེས་བཤད།།

ལོ་གཉིས་ཀྱི་སྔོན་ཏེ། ༢༠༢༠་ལོའི་ཕྱི་ཟླ་༨་པའི་ཚེས་༡༣་ཉིན་ར་ཏན་མན་ཇཱ་རིས་གསར་འགོད་པར་གླེང་མོལ་བྱས་པའི་སྐབས་སུ་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་གིས་ཧིན་རྡུའི་རྗེས་འཛིན་ལམ་སྲོལ་གྱི་ཁྲིམས་ལ་འགྱུར་བཅོས་གཏོང་དགོས་ཞེས་གསལ་བསྒྲགས་སྤེལ་བ་རེད། དེར་བརྟེན་རིམ་གྱིས་ཧི་མ་ཅལ་མངའ་སྡེའི་བུད་མེད་ཀྱི་ཐོབ་ཐང་ཇེ་ལེགས་སུ་འགྲོ་རྒྱུ་དང་ཚོ་ཤོག་ཁག་གི་བུད་མེད་ཚོར་ནོར་སྐལ་གྱི་ཐོབ་ཐང་མེད་པའི་ལུགས་སྲོལ་རྙིང་པར་འགྱུར་བ་ཐེབས་ཐུབ་པའི་རེ་བ་ཕྲ་མོ་ཞིག་འཆང་གི་ཡོད། ང་ཚོས་ཡུན་རིང་ཞིག་ལ་བུད་མེད་ཚོར་ནོར་སྐལ་གྱི་ཐོབ་ཐང་དགོས་ཞེས་འཐབ་རྩོད་བྱས་ཀྱང་གྲུབ་འབྲས་ཐོན་མ་སོང་། སུ་གཅིག་ལའང་བུད་མེད་ཚོར་ནོར་སྐལ་གྱི་ཐོབ་ཐང་མེད་པའི་སྲོལ་རྒྱུན་གྱི་ཁྲིམས་ལ་འགྱུར་བ་གཏོང་རྒྱུའི་གྲ་སྒྲིག་ཡོད་པའི་རྣམ་པ་མི་མངོན། གཅིག་བྱས་ན་༡༩༥༦་ལོར་གཏན་ལ་ཕབ་པའི་ཧིན་རྡུའི་རྗེས་འཛིན་བཅའ་ཁྲིམས་ཀྱི་དོན་ཚན་དེ་ལག་ལེན་བསྟར་དགོས་ཞེས་ང་ཚོས་འཐབ་རྩོད་བྱ་དགོས་ཐུག་ངེས་རེད། ཁྲིམས་ཡིག་དེའི་དོན་ཚན་རྣམས་ཚོ་ཤོག་གི་ས་གནས་ཁག་ཏུ་ལག་ལེན་བསྟར་གྱི་མི་འདུག གལ་སྲིད་ངའི་ཁྱོ་ག་ཤི་ན་ང་ཚོར་བུ་ཆུང་ཆུང་ཞིག་ལས་མེད་ཀྱང་རྒྱུ་དངོས་རྣམས་བུ་ལ་ཐོབ་སྟེ་ང་ལ་མི་ཐེམས། དབྱེ་འབྱེད་ཀྱི་ཁྲིམས་འདིར་ངེས་པར་དུ་འགྱུར་བ་གཏོང་དགོས། བུད་མེད་ཁེར་རྐྱང་དང་ཡུགས་མོ། བཟའ་ཚང་ཁ་འཐོར་སོང་བ་དང་མོ་རྐྱང་ཚོ་བཙན་གྱིས་ཁྱིམ་ནས་མཐར་སྐྲོད་བཏང་སྟེ་འུ་ཐུག་གི་གནས་སུ་གྱུར་པའི་དཔེ་མཚོན་ཇི་སྙེད་ཅིག་འདུག བུད་མེད་ལ་ནོར་སྐལ་གྱི་ཐོབ་ཐང་ཞིག་ཡོད་ན་ཆེ་མཐོང་ལྡན་པའི་མི་ཚེ་ཞིག་སྐྱེལ་ཐུབ་ཀྱི་རེད་ཅེས་བཤད། ར་ཏན་མན་ཇཱ་རིའི་འཐབ་རྩོད་འདིར་གྲུབ་འབྲས་ཁག་ཅིག་ཐོན་ཡོད་པར་མ་ཟད། ཁོ་མོས་ཁུ་ནུ་དང་སྤི་ཏེ། གར་ཞ་སོགས་ཀྱང་འཛམ་གླིང་སྤྱིའི་འགྱུར་ལྡོག་ཁྲོད་དུ་ཁྱོ་ག་མང་བསྟེན་གྱི་གཉེན་སྒྲིག་ལམ་ལུགས་འོག་ནས་ཐར་ཏེ་ཁྱོ་ག་རེ་དང་ཆུང་མ་རེའི་གཉེན་སྒྲིག་གི་ལམ་སྲོལ་གསར་པ་ཞིག་དར་ནས་བུད་མེད་ཚོར་ནོར་སྐལ་གྱི་ཐོབ་ཐང་ཡོད་པ་ཞིག་ཏུ་འགྱུར་ཐུབ་རྒྱུའི་རེ་ལྟོས་འཆང་གི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG