ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༢/༠༨/༡༥

བོད་རང་སྐྱོང་ལྗོངས་སུ་ཉིན་བརྒྱའི་དྲག་བརྡུང་འགུལ་སྐྱོད་ཟེར་བའི་ལས་འགུལ་ཞིག་སྤེལ་བཞིན་པ།


རྒྱ་ནག་གཞུང་གིས་ད་ལོའི་ཕྱི་ཟླ་༦པ་ནས་༡༠ པའི་བར་དུ་ནག་ཆུ་ས་ཁུལ་གཙོ་བོར་གྱུར་བའི་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་ཉིན་བརྒྱའི་དྲག་བརྡུང་འགུལ་སྐྱོད་ལས་འགུལ་ཟེར་བ་ཞིག་སྤེལ་མགོ་བཙུགས་ཏེ་གང་སར་ཞིབ་བཤེར་གྱི་ས་ཚིགས་མང་པོ་གསར་དུ་བཙུགས་ཤིང་། ཉེན་རྟོག་པ་དང་དམག་མི་མང་པོ་མངགས་ནས་ཡར་མར་འགྲོ་འོང་བྱེད་མཁན་ལ་སྔོག་བཤེར་དང་། བོད་མི་ཚོའི་ཁྱིམ་དུ་འཛུལ་ནས་ལག་ཁྱེར་ཁ་པར་ལ་ཞིབ་བཤེར་བྱེད་པ། ཕྱིའི་རྒྱལ་ཁབ་དུ་ཡོད་པའི་མི་ལ་འབྲེལ་བ་ཡོད་མཁན། ཁྱིམ་དུ་༧གོང་ས་མཆོག་གི་སྐུ་པར་ཡོད་མཁན་སོགས་ཤེས་ན་ལམ་སང་འཛིན་བཟུང་བྱེད་ཀྱི་ཡོད་པ་སོགས་བོད་མིའི་འགྲོ་འདུག་སྤྱོད་གསུམ་གང་ཅིའི་ཐད་སྔར་ལས་ལྷག་པའི་དམ་དྲག་ཆེ་རུ་བཏང་ཡོད་པའི་སྐོར་མིང་དངོས་སུ་བརྗོད་འདོད་མེད་མཁན་ཞིག་གིས་འགྲེལ་བཤད་གནང་སོང་ལ།

གནས་ཚུལ་ངོ་སྤྲོད་བྱེད་མཁན་གྱིས་མུ་མཐུད་འགྲེལ་བཤད་གནང་བ་ལྟར་ན། དེང་སྐབས་ནག་ཆུའི་འབྲོག་ཁུལ་ནས་གྲོང་ཁྱེར་དང་གྲོང་བརྡལ་དུ་ཡོང་སའི་ལམ་བར་དུ་ཡང་ཞིབ་བཤེར་ས་ཚིགས་མང་པོ་བཙུགས་ནས། འབྲོག་པ་ཚོར་འདྲི་རྩད་དང་ཁོ་ཚོའི་ཁ་པར་ལ་ཞིབ་བཤེར་སོགས་བྱས་ནས་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་རེད་ཅེས་དང་། སྔ་ལོར་ཡང་ནག་ཆུ་ས་ཁུལ་གྱི་བོད་མི་ལས་བྱེད་དང་ཤེས་ཡོན་པ། ཆོས་ལུགས་མི་སྣ་སོགས་ཤུགས་རྐྱེན་ཡོད་པའི་གནད་ཡོད་མི་སྣ་ཚོའི་ཁ་པར་ལ་དྲ་ལམ་ནས་ཞིབ་བཤེར་སྟངས་འཛིན་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད་ལ། ཉིན་བརྒྱའི་ལས་འགུལ་ཟེར་བ་དེ་ནི་གཙོ་བོ་ཕྱི་ཟླ་༦པ་ནས་༡༠པའི་བར་གྱི་རྒྱ་ནག་གི་ཚོགས་ཆེན་འཚོག་གི་ཡོད་པ་དེར་བདེ་འཇགས་ཡོང་རྒྱུའི་ཆེད་དུ་རེད་ཅེས་བཤད་སོང་།

གཞན་ཡང་རྒྱ་ནག་གཞུང་གིས་བོད་ལྗོངས་ནག་ཆུ་ས་ཁུལ་ཨ་མདོ་རྫོང་རྩ་རིང་གྲོང་བརྡལ་ནས་ཡིན་པའི་ལོ་ན་༢༠ཡིན་པའི་གཡུ་སྒྲོན་ཟེར་བའི་བུད་མེད་ཞིག་ཕྱི་ཟླ་༧ཚེས་༡༡ ཉིན་གྱི་ཞོགས་པ་ཐོ་རེངས་ལ་ས་གནས་རྒྱ་ནག་གཞུང་གི་ཉེན་རྟོག་པས་མོའི་ཁྱིམ་ནས་འཛིན་བཟུང་བྱས་ཏེ་ལྷ་སར་བཙན་ཁྲིད་བཀག་ཉར་བྱས་འདུག་ལ། མོ་ནི་དེ་སྔ་རང་ཁྱིམ་གྱི་མཆོད་ཁང་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་སྒྲིག་བཤམས་བྱས་པའི་ཉེས་མིང་འོག་འདི་ལོའི་ཕྱི་ཟླ་༦ཚེས་༢༣ ཉིན་ནག་ཆུ་ཨ་མདོ་རྫོང་རྩ་རིང་གྲོང་བརྡལ་ནས་འཛིན་བཟུང་བྱས་ཏེ་ལྷ་སར་བཙན་ཁྲིད་བྱས་པའི་བུད་མེད་འཛུམ་དཀར་ལགས་ཀྱི་གཅུང་མོ་རེད་ཅེས་ཀྱང་རང་མིང་བརྗོད་འདོད་མེད་པའི་རྒྱུས་ཡོད་་མི་སྣ་ཞིག་གིས་འདི་གར་གནས་ཚུལ་འགྲེལ་བརྗོད་གནང་སོང་།

གནས་ཚུལ་ངོ་སྤྲོད་པས་མུ་མཐུད་དུ་བརྗོད་དོན་ལ། ཟླ་འདིའི་ཕྱི་ཚེས ༡༡ ཉིན་གྱི་ཞོགས་པར་གཡུ་སྒྲོན་ལགས་རྒྱ་གཞུང་གི་ཉེན་རྟོག་པས་རང་ཁྱིམ་ནས་འཛིན་བཟུང་བྱས་ཏེ་ལྷ་སའི་བཀག་ཉར་ཁང་ཞིག་ཏུ་བཙན་ཁྲིད་བྱས་ཡོད་པ་དང་ཁོ་མོ་འཛིནབཟུང་བྱེད་དགོས་པའི་ནག་ཉེས་ཅི་ཡིན་གསལ་བཤད་བྱས་མེད་ཀྱང་། མོའི་གཅེན་མོ་འཛུམ་དཀར་གྱིས་རང་ཁྱིམ་དུ་གོང་ས་མཆོག་གི་སྐུ་པར་བཤམས་པའི་ཉེས་མིང་དང་འབྲེལ་བ་ཡོད་ངེས་རེད་ཅེས་བཤད་སོང་།

ད་སྔ་ཁོ་མོ་ལྷ་སར་བཙན་ཁྲིད་བྱས་རྗེས་ཀྱི་གནས་ཚུལ་ཅི་ཡང་ཤེས་རྟོགས་མེད་པར་གྱུར་ཡོད་པ་རེད་ཅེས་དང་། དེར་མ་ཟད་ཁོ་མོའི་ཕ་མ་གཅིག་པའི་གཅུང་མོ་འཛུམ་དཀར་ལགས་ཀྱང་ཕྱི་ཟླ་༦པའི་ཚེས་༢༣ ཉིན་ལྷ་སར་བཙན་འཁྲིད་བྱས་ནས་ཉིན་གྲངས་༢༠ལྷག་འགོར་ཡོད་ནའང་དེ་བཞིན་གནས་སྟངས་ཆ་མེད་དུ་གྱུར་ཡོད་པ་རེད་ཟེར།

དེ་མིན་ཉེ་ཆར་ཕྱི་ཟླ་༧ཚེས་༤ཉིན་ལྷ་ས་གྲོང་ཁྱེར་གྱི་ཉེན་རྟོག་ལས་ཁང་གིས་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་དུ། རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱེལ་གཞིའི་ལས་དོན་སྤེལ་མཁན་རིགས་ཁོ་ཚོར་རྩིས་སྤྲོད་བྱས་པ་ཡིན་ན་རྒྱ་སྒོར་༣༠༠༠ནས་༣༠༠༠༠༠་བར་གྱི་བྱ་དགའ་སྤྲོད་རྒྱུའི་གསལ་བསྒྲགས་ཤིག་ཀྱང་སྤེལ་ཡོད་པ་བཅས་ཀྱི་གནས་ཚུལ་རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ཀྱིས་སྙན་སྒྲོན་ཞུས་ཡོད།

XS
SM
MD
LG