ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་གཞུང་གི་སུན་གཙེར་མ་བཟོད་པར་གྲྭ་པ་ཞིག་གིས་རང་སྲོག་བཅད།


༄༅།། དེང་སྐབས་རྒྱ་གཞུང་གིས་དབྱེ་བགོས་བྱས་པའི་བོད་ནང་གི་ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞེས་པ་དེའི་ཁུལ་དཔོན་གྱིས་བོད་ཀྱི་དགོན་པ་ཁག་ལ་སུན་གཙེར་དང་དམ་དྲག འཇིགས་སྐུལ་བྱས་པའི་སྟབས་ཀྱིས་ཟླ་བ་སྔོན་མར་གཙོས་གྲོང་ཁྱེར་ཉེ་འཁྲིས་ཀྱི་ཁ་གྱའི་མཚམས་པ་གྲྭ་པ་ཞིག་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་པར་མདུན་དུ་རང་སྲོག་བཅད་འདུག་ཅེས་མིང་དངོས་སུ་བརྗོད་འདོད་མེད་མཁན་གྱི་ས་གནས་བོད་པ་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་འདུག ཁོང་གིས་རྒྱ་གཞུང་གི་བསྐོ་བཞག་བྱས་པའི་ཁུལ་དཔོན་དེ་ཕྱི་ཟླ་༥་པའི་མགོ་སྟོད་དུ་ཀན་ལྷོ་ཁུལ་དང་གཙོས་གྲོང་ཁྱེར་གྱི་ཉེ་འཁོར་དུ་ཆགས་པའི་བོད་ཀྱི་དགོན་སྡེ་ཁག་ཏུ་ཡོང་སྟེ་དམ་དྲག་དང་སུན་གཙེར། ལྷག་པར་དུ་ཁ་གྱའི་གྲྭ་པ་ཞིག་མཚམས་ལ་བཞུགས་ཡོད་པའི་སྐབས་སུ་མཚམས་ཁང་ནང་དུ་བཙན་གྱིས་འཛུལ་ཏེ་མཚམས་པ་དེར་འཇིག་སྐུལ་བྱས་འདུག ཁོ་པས་ཀན་ལྷོ་ཁུལ་ཡོངས་རྫོགས་ངའི་དབང་འོག་དུ་ཡོད། ངས་ཁུལ་ཡོངས་ལ་དམ་དྲག་བྱེད་ཀྱི་ཡོད་ཅེས་མཚམས་པ་དེར་ཕོགས་ཐུག་ཆེན་པོ་བཏང་འདུག་ཅེས་འགྲེལ་བརྗོད་བྱས་འདུག
སྦྱིར་བོད་ཀྱི་ནང་པའི་གྲྭ་ཇོ་སྔགས་གསུམ་སུ་འདྲ་ཞིག་ཡིན་རུང་མཚམས་ལ་བཞུགས་བཞིན་པའི་སྐབས་སུ་མཚམས་ཐོ་མེད་པ་གཅིག་ཀྱང་མེད་པས་ཕྱི་མི་རྣམས་འོལ་ཚོད་ཀྱིས་མཚམས་ཁང་དུ་འཛུལ་སྲོལ་མེད་མོད། གལ་སྲིད་མཚམས་ཁང་ལ་བཙན་གྱིས་འཛུལ་ན་མཚམས་པ་དེར་གནོད་འཚེ་འཕོག་གི་རེད་ཅེས་ཡོངས་སུ་གྲགས། ཐེངས་འདིར་རྒྱ་གཞུང་གི་ལས་བྱེད་པ་སྟེ། ཀན་ལྷོའི་ཁུལ་དཔོན་དེས་དབང་ཡོད་བཙན་ཤེད་ཀྱིས་མཚམས་ཁང་དུ་འཛུལ་ནས་སུན་གཙེར་བྱས་པ་ནི་ཚད་ལས་བརྒལ་བའི་བརྙས་བཅོས་ཤིག་ཡིན་པས་གྲྭ་པ་དེས་རང་སྲོག་བཅད་པ་རེད་ཅེས་གནས་ཚུལ་མཁོ་སྤྲོད་བྱས་འདུག

གསར་འགྱུར་མཁོ་སྤྲོད་པས་མུ་འཐད་དུ་བརྗོད་དོན་ལྟར་ན། གྲྭ་པ་དེས་རང་སྲོག་བཅད་པའི་གནས་ཚུལ་བྱུང་བ་བཟའ་མི་ཚོས་ཤེས་རྟོག་བྱུང་རྗེས་སུ་རྒྱ་ནག་ཏུ་ཞོར་ལས་རྒྱུག་བཞིན་པའི་བུ་སྤུན་ཞིག་ཡོད་པ་ཕ་ཡུལ་དུ་ཕྱིར་ལོག་བྱས་ཀྱང་ཉེན་རྟོག་པས་མི་དེ་རྒྱ་ནང་ནས་ཡོང་བ་དང་ཏོག་དབྱིབས་ནད་དུག་འགོས་ཡོད་སྲིད་ཅེས་བསྙད་བཏགས་ནས་བཟའ་མི་གཞན་རྣམས་དང་བཅས་གཙོས་གྲོང་ཁྱེར་དུ་བཙན་ཁྲིད་བྱས་ཤིང་། ད་ལྟ་ཁོ་ཚོ་གང་དུ་ཡོད་མེད་དང་གནས་སྟངས་གང་འདྲ་ཡིན་མིན་སོགས་ཀྱི་གནས་ཚུལ་ཅི་ཡང་གོ་ཐོས་མེད་པར་གྱུར་འདུག རང་སྲོག་བཅད་ཟིན་པའི་གྲྭ་པ་དེའི་མིང་ལ་ཅི་ཞིག་ཟེར་གྱི་ཡོད་པ་སོགས་གནས་སྐབས་རིང་ཤེས་རྟོགས་མི་ཐུབ་ཀྱང་མི་འགྱངས་པར་གནས་ཚུལ་གསར་པ་ཤེས་རྟོགས་བྱུང་མཚམས་ཁ་གསལ་མཁོ་སྤྲོད་བྱེད་ཆོག ཀན་ལྷོ་ཁུལ་གྱི་ཁུལ་དཔོན་ནི་ས་གནས་མང་ཚོགས་ཀྱི་དགའ་བསུ་ཐོབ་པའི་མི་ཞིག་མིན་ཞིང་། ལྷག་པར་དུ་དགོན་སྡེ་ཁག་ལ་དམ་དྲག་དང་དགེ་འདུན་པའི་སྡེ་ལ་སྡིགས་ར་སྐུལ་བ་སོགས་ཀྱིས་ཐེངས་འདིའི་གནས་ཚུལ་དེ་བྱུང་བ་རེད་ཅེས་འགྲེལ་བརྗོད་གནང་འདུག

གསར་འགོད་པས་གནས་ཚུལ་ཡོང་ཁུངས་གཞན་ཞིག་ནས་ཤེས་རྟོག་བྱུང་བ་ལྟར་ན། མཚམས་ཁང་མདུན་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་ཞིག་བཤམས་ནས་དེའི་མདུན་དུ་མཚམས་པས་རང་ལུས་མེར་སྲེག་བཏང་ཡོད་པ་དང་མི་ཚོས་གནས་ཚུལ་ཤེས་རྟོགས་བྱུང་བའི་སྐབས་སུ་ལུས་པོ་ཚང་མ་འཚིག་སྟེ་རུས་ཐལ་ལས་ལུས་མེད་པར་མ་ཟད། གྲྭ་པ་དེའི་ནང་མི་ཚང་མ་གཙོས་གྲོང་ཁྱེར་དུ་བཙན་ཁྲིད་བྱས་ནས་གར་ཡོད་ཤེས་རྟོགས་མེད་པར་གྱུར་ཡོད་པ་བཅས་ཀྱི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG