ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༡༠/༠༨

བོད་ཀྱི་ཅོ་ནེ་སོགས་ལ་སེར་བ་བབས་ནས་ཆུ་ལོག་བརྒྱུགས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། རྒྱ་ནག་གཞུང་གིས་ཆ་བགོ་བྱེད་ཡོད་པའི་ཀན་སུའུ་ཞིང་ཆེན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བླ་བྲང་དང་གཙོས། ཅོ་ནེ་བཅས་ལ་ཟླ་བ་འདིའི་ཕྱི་ཚེས་༧་ཉིན་དྲག་ཆར་འདྲེས་མའི་སེར་བ་ཆེན་པོ་བབས་ཏེ་དུས་ཡུན་སྐར་མ་ཁ་ཤས་ཀྱི་རིང་དུ་མང་ཚོགས་ཀྱི་དཔལ་འབྱོར་ལ་གྱོང་གུད་ཚབས་ཆེན་ཐེབས་ཡོད་པའི་གནས་ཚུལ་ཐོན་འདུག

བོད་ནང་གི་ས་གནས་དེ་གའི་བོད་པ་ཞིག་གིས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་བརྗོད་དོན་ལྟར་ན། ཕྱི་ཚེས་༧་གྱི་ཕྱི་དྲོར་རྒྱ་ནག་གི་ཆུ་ཚོད་ལྔ་དང་ཕྱེད་ཀ་ཡས་མས་སུ་གློ་བར་དུ་དྲག་ཆར་འདྲེས་མའི་སེར་བ་བབས་ནས་ཡུན་ཐུང་ཞིག་གི་ནང་དུ་གནོད་འཚེ་ཆེན་པོ་ཐེབས་སོང་། ས་གནས་ཁག་གསུམ་གྱི་ནང་ནས་གནོད་པ་ཆེ་ཤོས་ཐེབས་ས་ནི་ཅོ་ནེ་རྫོང་རེད། ཅོ་ནེ་རྫོང་གི་གཡས་གཡོན་དུ་གཞིས་ཆགས་པའི་བོད་པ་དང་རྒྱ་མིའི་གྲོང་སྡེ་ཁག་གི་ས་ཞིང་ཚང་མར་འདམ་ཉོག་འཁྱིལ་ནས་གནོད་པ་ཚབ་ཆེན་ཐེབས་སོང་། སྦྱིར་ལོ་འདིའི་ས་ཞིང་བཏབ་ནས་ཡུན་རིང་ཕྱིན་མེད་པའི་སྐབས་ཤིག་རེད། ད་ལྟ་དྲག་ཆར་གྱིས་རྐྱེན་པས་ས་ཞིང་བཏབ་ཟིན་པ་དེར་གནོད་སྐྱོན་ཐེབས་འདུག མང་ཚོགས་ཀྱིས་བསྐྱར་དུ་ས་ཞིང་སློག་ནས་ལོ་ཏོག་འདེབས་དགོས་བ་ལས་། དེ་སྔ་བཏབ་ཟིན་པ་རྣམས་སྐྱེ་མི་ཐུབ་པ་ཞིག་ལ་གྱུར་འདུག ཉིན་གཅིག་གཉིས་ཀྱི་རྗེས་སུ་སླར་ཡང་ས་ཞིང་གདབ་དགོས་ཀྱི་འདུག་ཅེས་འགྲེལ་བརྗོད་བྱས་བྱུང་།།

ད་དུང་གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་དུ་བརྗོད་པ་ལྟར་ན། མི་མང་སྒེར་གྱིས་ཉོས་བའི་རླངས་འཁོར་མང་པོ་ཞིག་ལ་སེར་བ་བབས་ནས་བཅག་གཏོར་ཐེབས་ཡོད་ཅིང་། དུད་ཁྱིམ་སྒེར་གྱི་ཁང་བའི་མདུན་རྒྱབ་ཏུ་ཤེལ་སྒོ་བརྒྱབ་ཡོད་པ་རྣམས་ཀྱང་བཅག་གཏོར་བྱས་ཡོད་པའི་གནས་ཚུལ་ཐོན་འདུག རྫོང་གི་སྲང་ལམ་གཡས་གཡོན་གྱི་གློག་སྡོང་རྩེར་གློག་སྒྲོན་གྱི་ཤེལ་རྟོག་དཀར་དམར་ཁྲ་གསུམ་བཙུགས་ཡོད་པ་ཚང་མ་སེར་བས་བཅག་ཀྱང་མི་ལ་འཆི་སྐྱོན་གྱི་གནོད་འཚེ་བྱུང་མ་སོང་། མི་མང་གི་ས་ཞིང་དང་རྒྱུ་དངོས་ལ་དཔལ་འབྱོར་གྱི་གྱོང་གུད་ཐེབས་འདུག་ཅེས་བརྗོད་སོང་།

གཞན་ཡང་གནས་ཚུལ་འདིར་རྒྱུས་ལེན་བྱས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བླ་བྲང་དང་གཙོས། ཅོ་ནེ་བཅས་ས་གནས་ཁག་གསུམ་ལ་སེར་བའི་གནོད་འཚེ་ཕོག་པའི་རྗེས་སུ་རྒྱ་ནག་གཞུང་གིས་མྱུར་སྐྱོབ་རུ་ཁག་དང་ཉེན་རྟོག་པ་བཏང་ནས་སྲང་ལམ་དང་བཞི་མོད་སོགས་སུ་ཆར་ཆུ་དང་འདམ་ཉོག་འཁྱིལ་ནས་མི་རྣམས་འགྲོ་འོང་བྱེད་མི་ཐུབ་པའི་དཀའ་ས་ཁག་གཙང་བཟོ་བྱས་ནས་རོགས་རམ་བྱས་འདུག ད་ཐེངས་གནོད་ཐེབས་མང་ཚོགས་ལ་རྒྱལ་ཁབ་ཀྱིས་དངུལ་སྒོར་གྱོང་གསབ་དང་ཟོས་གོས་སོགས་རོགས་རམ་གང་འདྲ་ཞིག་སྤྲོད་རྒྱུ་ཡིན་མིན་གསལ་ཁ་གང་ཡང་མེད་པར་མ་ཟད། ད་ལོའི་ལོ་སར་ནས་བཟུང་སྟེ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་སོགས་ཀྱི་དཀའ་ངལ་བསྟུད་མར་འཕྲད་བཞིན་འདུག་ཅེས་བོད་པ་ཚོས་བློ་འཚབ་དང་རྣམ་རྟོག་བྱེད་བཞིན་པའི་སྐོར། འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བལ་ཡུལ་ནས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

XS
SM
MD
LG